རྩོམ་པ་པོ།   མེད  ཡིག་བསྒྱུར།       དུས་ཚོད།   2013-03-03   རྩོམ་ཁུངས།    ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།
སྐུ་གཟུགས་ཆེ་ལ་སྐུ་ལུས་བརྗིད་པ། དབུ་སྐྲ་མཐིང་ནག་གིས་སྐུ་རྒྱབ་ཁེབས་པ། སྐུ་ལ་རྒོད་ཐུལ་གསོལ་བའི་གནའ་དུས་ཀྱི་འབྲོག་མི་རྒན་པོའི་རྣམ་པ་ཇི་བཞིན། བོད་མིའི་ཉམས་མདངས་མ་ཤོར་བ་ཞིག་ཡོད་པ་ཐེ་ཚོམ་དང་བྲལ་བ་ཞིག་རེད། དེ་ལྟར་གཤེན་རབ་མི་བོ་ཆེ་ཡིས་གཡུང་དྲུང་བོན་གྱི་སྲོལ་ཕྱེས་ཏེ་བསྒྲགས་པ་གསུམ་དང་སྒོ་བཞི་མཛོད་ལྔའི་གཞུང་བཤད་པ་ནས་བཟུང༌། གདོད་མའི་བོན་ཆོས་ལྟར་མ་ཡིན་པར། རིགས་པའི་གཞུང་ལུགས་ལྡན་པའི་ཆོས་ལུགས་གྲུབ་མཐའ་ཞིག་ཏུ་ཆགས། གོང་གསལ་གྱི་དཔེ་ཆ་འདི་དག་དེང་དུས་བོན་གྱི་བཀའ་བསྟན་གྱི་གྲལ་དུ་ཡོད་ལ། གཞུང་དེ་དག་གི་བརྗོད་བྱ་མདོར་བསྡུས་ནས་བཤད་ན། གཏམ་རྒྱུད་དང་ཅུང་ཟད་འདྲེས་པ་ལྟ་བུའི་སྐྱེ་བ་སྔ་ཕྱི་བྱུང་ཚུལ་དང༌། ལས་འབྲས་བསླུ་མེད་དུ་ཡོད་ཚུལ། ཐར་པ་དང་བོན་སྐུ་ཐོབ་ཚུལ་སོགས་མང་པོ་ཞིག་གསུངས་འདུག་པ་ 《ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་》ལས། “སྒོ་བཞི་ནི་དབོན་གསས་ཀྱི་སྒོ་དང༌། ཆབ་ནག་གི་སྒོའཕན་ཡུལ་གྱི་སྒོ ཆབ་དཀར་གྱི་སྒོ་སྟེ་བཞི་དང༌། མཐོ་ཐོག་སྤྱི་རྒྱུག་མཛོད་དང་ལྔ་རུ་ཕྱེས་ཡོད། དེ་དག་ཀྱང་དབོན་གསས་ཞེས་པ་ནི། སེམས་དོན་གནས་ལུགས་ཀྱི་རྟོགས་པ་གཙོར་བཏོན་ནས་བསྟན་པ་བོན་ཀུན་གྱི་ཡང་སྙིང་སྲོག་དང་འདྲ་བ་ཞིག་ཡིན་ལ། ཆབ་ནག་ཅེས་པ་ནི། འཕྲལ་ཕན་སྣ་ཚོགས་སྒྲུབ་པའི་ཐབས་ཅི་རིགས་ཤིག་ཡོད་པ་དང༌། དེ་ནི་སྲིད་པའི་ལོ་རྒྱུས་སོགས་གཙོར་བཏོན་ནས་བསྟན་པའི་བོན་ཞིག་ཡིན་སྟབས་ཁྱིམ་པ་ཕོ་མོ་སུས་ཀྱང་ཐུན་མོང་དུ་སྤྱོད་ཆོག་པའི་བོན་ཞིག་ཡིན་པ་དང༌། འཕན་ཡུལ་གྱི་སྒོ་ནི། ཕྱི་ཚུལ་གྱི་ཁྲིམས་གཙོར་བཏོན་ནས་བསྟན་པའི་བོན་ཞིག་ཡིན་པ་དང༌། ཆབ་དཀར་གྱི་སྒོ་ནི། བསྙེན་སྒྲུབ་སོགས་གཙོར་བཏོན་ཅིང་སྦྱོར་སྒྲོལ་སོགས་ཐུན་མོང་མ་ཡིན་པའི་ལྟ་སྤྱོད་རྣམས་དང་འབྲེལ་བའི་བོན་ཞིག་ཡིན་ལ། མཐོ་ཐོག་མཛོད་ཅེས་པ་ནི། སྒོ་བཞི་པོ་ཀུན་གྱི་སྙིང་དོན་གཅིག་ཏུ་འདུས་པའི་བོན་ཞིག་ཏུ་ངོས་འཛིན་སྲོལ་ཡོད་པ་རེད། ”ཅེས་གསུངས་འདུག སྔོན་གྱི་མཁས་པ་ཚོས་ཀྱང་བོན་གཞུང་ལ་ཞིབ་འཇུག་དང་མཐའ་དཔྱད་གནང་བའི་སྡོམ་ཚིག་ཏུ་བོན་ཞེས་པ་དེ་དུས་རྒྱུན་རང་རེ་རྣམས་ཀྱིས་བཤད་པ་ལྟར་མ་ཡིན་པ། ལུང་དང་རིགས་པའི་གཏན་ཚིགས་ཡོད་པའི་གྲུབ་མཐའ་ཞིག་ཡིན་པར་ངོས་འཛིན་གནང་འདུག་སྟེ། རི་བོ་དགེ་ལྡན་པའི་མཁས་པ་ཆེན་པོ་བློ་བཟང་ཆོས་ཀྱི་ཉི་མས་བརྩམས་པའི་《ཐུའུ་བཀྭན་གྲུབ་མཐའ་》ལས།
“གཞུང་དེ་དག་ཏུ། མི་རྟག་པ་དང༌། ལས་བྲས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས། ཕྱིན་དྲུག་སོགས་ཀྱི་གཏམ་ཐར་ཐོར་དང༌། ལམ་ལྔ་ས་བཅུ། སྐུ་གསུམ་སོགས་ཀྱི་རྣམ་གཞག་ཀྱང་བྱས། དབང་བསྐྱེད་རྫོགས། དམ་སྡོམ་རབ་གནས། སྦྱིན་སྲེགདཀྱིལ་འཁོར་སྒྲུབ་མཆོད། གཤིན་ཆོག་སོགས་ཀྱི་དོད་དང་ལས་ཁ་ཚང་བ་ཡང་མང༌། བཤད་ཚུལ་སངས་རྒྱས་ཀྱི་ཆོས་དང་དབྱིབས་མཚུངས་དང་མི་མཐུན་པ་ཅི་རིགས་དང༌། སངས་རྒྱས་ལ་ཡེ་གཤེན་ཏེ་གཤེན་རབ། ཆོས་སྐུ་ལ་བོན་སྐུ། ཡུམ་ཆེན་མོ་ལ་ས་ཏྲི་ཨེ་སངས། ལོངས་སྐུ་ལ་ཀུན་ཏུ་བཟང་པོ། སྤྲུལ་སྐུ་ལ་སྲིད་པ་སངས་པོ། དགྲ་བཅོམ་ལ་གཤེན་སྲས། བྱང་སེམས་ལ་གཡུང་དྲུང་སེམས་དཔའ། བླ་མ་ལ་དབོན་གསས། སྟོང་ཉིད་ལ་འ་མེ་ཉིད། ས་བཅུ་ལ་དྲི་མེད་ཤེལ་གྱི་ས། འོད་ཟེར་འཕྲོ་བ་རིག་འཛིན་སྤྲིན་ཕུང་གི་ས། ཕྱག་རྒྱ་བསྒྱུར་པའི་ས་སོགས་ཀྱི་མིང་བཏགས་པས་མཚོན་བརྡ་ཆད་དང་མིང་འདོགས་སྒྲ་འདོད་རྒྱལ་བ་མང་དུ་སྣང་”ཞེས་དང༌། ཡང་དེ་ཉིད་ལས། “ཐེག་པ་རིམ་དགུས་བོན་གྱི་གཞུང་བསྲང་ཟེར་ཏེ། དགུ་ནི། ཕྱྭ་གཤེན། སྣང་གཤེན། འཕྲུལ་གཤེན། སྲིད་གཤེན་ཏེ་རྒྱུའི་ཐེག་པ་བཞི། དགེ་བསྙེན། ཨ་དཀར། དྲང་སྲོང༌། ཡེ་གཤེན་ཏེ་འབྲས་བུའི་ཐེག་པ་བཞི། ཁྱད་པར་ཆེན་པོའི་ཐེག་པ་གཅིག་སྟེ་དགུའོ། ། ཕྱྭ་གཤེན་ལ་གཏོ་སུམ་བརྒྱ་དྲུག་ཅུ། དཔྱད་བརྒྱད་ཁྲི་བཞི་སྟོང༌། སྣང་གཤེན་ལ་གྱེར་སྒོམ་བཞི། སྐད་ཅོང་བརྒྱད། གཏའ་རག་བཞི་བཅུ་རྩ་གཉིས། འཕྲུལ་གཤེན་ལ། ལྟ་བྱང་རྫུ་འཕྲུལ་གྱི་གཞུང༌། སྲིད་གཤེན་ལ། ཤིད་ཐབས་སུམ་བརྒྱ་དྲུག་ཅུ། འདུར་སྒོ་བཞི། འདུལ་ཐབས་བརྒྱད་ཅུ་རྩ་གཅིག དགེ་བསྙེན་ལ་སྣོད་བཅུད་འབྱུང་རྫོགས་སོགས་ཀྱི་མདོ་སྡེ་དང༌། དྲང་སྲོང་ལ་འབུམ་སྡེ་བཞི་སོགས་དང༌། ཨ་དཀར་ལ་རྒྱུད་ལུང་དུ་མ་དང༌། ཡེ་གཤེན་ལ་སེམས་ལུང་སྡེ་བཞི་དང༌། ཁྱད་པར་བ་ལ་མན་ངག་སྡེ་ལྔ་ཡོད་ཟེར། རྒྱུ་བོན་བཞིས་གཟུང་འཛིན་གྱི་རྟོག་པ་ཆ་བཞི་སྤོང༌། དགེ་བསྙེན་དྲང་སྲོང་གཉིས་ཀྱིས་ཉོན་སྒྲིབ་སྦྱོང༌། ཨ་དཀར་ཡེ་གཤེན་གཉིས་ཀྱིས་ཤེས་སྒྲིབ་སྦྱོང༌། ཁྱད་པར་ཆེན་པོས་ལྷན་སྐྱེས་རྩད་ནསགཅོད། ཡང་རྒྱུའི་བོན་བཞིས་བསྐལ་བ་དུ་མར་སྦྱངས་པས་མོས་སྤྱོད་ཀྱི་ས་ཐོབ། དགེ་བསྙེན་དང་དྲང་སྲོང་གིས་བསྐལ་བ་གྲངས་མེད་གསུམ་ལ་ལམ་བགྲོད་པས་ཐར་པ་ཐོབ། ཨ་དཀར་ཡེ་གཤེན་གཉིས་ཀྱིས་སྐྱེ་བ་གཅིག་ལ་ཐར་པ་ཐོབ། ཁྱད་པར་ཆེན་པོས་ཚེ་གཅིག་གིས་བོན་སྐུ་ཐོབ་ཅེས་བཤད་དོ། ” ། ཞེས་སོགས་གསུངས། དེ་འདྲ་ཡིན་པས་ལོ་གྲངས་བཞི་སྟོང་ལྷག་གི་གོང་རོལ་དུ། ང་ཚོ་བོད་ཀྱི་ཡུལ་འདིར་ལྟ་སྒོམ་སྤྱོད་གསུམ་ཆ་ཚང་བ་ཞིག་ཡོད་པའི་གཞུང་ལུགས་འཆད་རྩོམ་བྱེད་ཐུབ་པར་བྱུང་ཡོད་པ་དེ་ནི་གང་ལྟར་ཡང་མི་རིགས་འདི་ཡི་བླ་ན་མེད་པའི་གཟི་བརྗིད་ཅིག་རེད། འདི་ལ་འགའ་ཞིག་གིས་ལོ་གྲངས་མང་པོ་དེ་འདྲའི་གོང་དུ། བོད་མི་རྣམས་ལ་ཟ་འཐུང་ཤེས་ཙམ་གྱི་རིག་པ་ལས། དེ་ལྟའི་བློ་རིག་ཡོད་མི་སྲིད་ཅེས་སྨྲ་ཞིང་འདུག དེ་ནི་བློ་རྣལ་དུ་མ་ཕབ་པའི་སྐྱོན་དུ་ཟད་དེ། སྐབས་དེར་ཨེ་ལྗིབ་ཕུ་ཐི་དང་གྷི་རིག་གི་ལུང་པ་ལ་རིག་གནས་དེ་ཙམ་ཡར་རྒྱས་བྱུང་ཡོད་པ་དང༌། རྒྱ་གར་ནའང་མུ་སྟེགས་ཀྱི་སྟོན་པ་མང་པོ་ཞིག་བྱུང་ཡོད་པར་མ་ཟད། དེའི་རྗེས་ཙམ་ན་སྟོན་པ་ཤཱཀྱ་ཐུབ་པ་བྱོན་ནས་ཆོས་འཁོར་རིམ་པ་གསུམ་བསྐོར་ཡོད་ཚུལ་ལ་དཔྱད་ན། ང་ཚོའི་བོད་ཀྱི་ཡུལ་དུ་བོན་གྱི་ཆོས་དང་རིག་གནས་སྤེལ་བར་མཛད་མཁན་གྱི་སྟོན་པ་ཞིག་བྱུང་བ་ལ་ཐེ་ཚོམ་དགོས་པ་ཅི་ཡོད། དེ་ལྟར་གཤེན་རབ་ཀྱིས་གསུངས་པའི་བཀའི་གླེགས་བམ་དང༌། གདུང་སྲས་རྣམས་ཀྱིས་བཀའ་བསྡུ་བྱས་ཏེ་ཡི་གེར་བཀོད་པ་དང༌། དེའི་རྗེས་སུ་བྱུང་བའི་མཁས་པ་ཁག་གཅིག་གིས་བརྩམས་པའི་གཤེན་རབ་ཀྱི་བཀའི་དགོངས་པ་འགྲེལ་བའི་གཞུང་ཐམས་ཅད་ཕྱོགས་གཅིག་ཏུ་བསྡོམས་པ་ལ་བོན་གྱི་བཀའ་བསྟན་ཟེར་གྱིན་ཡོད་ཀྱང༌། བར་སྐབས་ཤིག་ན་བན་བོན་འཁྲུག་པའི་དབང་གིས་བོན་གཞུང་གི་དཔེ་ཆ་ཐམས་ཅད་རེ་ཞིག་སོ་སོའི་རང་དགོན་དུ་འཇམ་སིང་ངེར་གཟིམས་དགོས་པར་བྱུང་བ་ལས། བལྟ་ཀློག་དང་ཞིབ་འཇུག་བྱེད་རྒྱུའི་སྤྲོས་པ་ཆད་སྟབས། བོན་གྱི་དཔེ་རྙིང་རྣམས་ལ་བལྟ་ཀློག་གི་གོ་སྐབས་ཧ་ཅང་དཀོན་པོར་བྱུང་འདུག་ཀྱང་། ཉེ་ལམ་བོན་གྱི་རིག་གཞུང་ལ་བཅིངས་འགྲོལ་ཐོབ་སྟེ་རྒྱལ་ཁབ་ཕྱི་ནང་དུ་ཞིབ་འཇུག་བྱེད་རྒྱུའི་དབུ་བརྙེས་སྐབས། ཕལ་ཆེར་གྱིས་ལོ་རྒྱུས་དེབ་ཐེར་རྣམས་སུ་གསལ་བའི་བོན་གྱི་རིག་གཞུང་ཁག་གི་དཔེ་མིང་ཙམ་ལ་བརྟེན་ནས་ཞིབ་འཇུག་བྱེད་དགོས་པ་ཞིག་བྱུང་བའི་སྐབས་དེར། མདོ་ཁམས་ཉག་རོང་གི་བོན་དགོན་ཞིག་གི་ནང་དུ་ལོ་གྲངས་བརྒྱ་ཕྲག་མང་པོའི་སྔོན་གྱི་བོན་པོའི་བཀའ་བསྟན་དབུ་མེད་ཀྱི་བྲིས་མ་རྙིང་པ་ཞིག་བྱུང་ཡོད་པ་དེ། སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་གིས་གློག་པར་དུ་བཏབ་ནས་འགྲེམས་སྤེལ་བྱས་ཡོད་པ་འདིའི་ནང་དུ་བོན་གཞུང་ཁོ་ན་ཙམ་མ་ཡིན་པར་གསོ་བ་རིག་པའི་གཞུང་སོགས་རིག་གནས་ཀྱི་སྐོར་མང་པོ་ཞིག་བཞུགས་ཡོད་པ་འདི་ནི། དུས་དེར་རང་རེ་བོད་གངས་ཅན་གྱི་ཡུལ་འདིར་ཆོས་དང་རིག་གནས་ཀྱི་ཁ་སྟབས་གང་འདྲ་ཡོད་པར་ལྟ་བྱེད་རྡུལ་བྲལ་གྱི་མེ་ལོང་ལྟ་བུ་ཞིག་ཏུ་སྣང་བས། བློ་གཟུར་བོར་གནས་པའི་བོད་ཀྱི་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་རྣམས་ཀྱིས་ཞིབ་གཟིགས་འོས་པ་ཞིག་རེད། འགའ་ཞིག་གིས་བོན་ལ་ཐེག་པ་རིམ་དགུའི་ཐ་སྙད་མེད་ཀྱང་ཕྱིས་ཀྱི་བོན་པོ་རྣམས་ཀྱིས་ཐུབ་བསྟན་པའི་ལད་མོ་བྱས་པ་རེད་ཅེས་སྨྲ་འདུག་ཀྱང༌། བོད་ལ་ཐུབ་བསྟན་མ་དར་བའི་གོང་དེར་བོན་ལ་ཐེག་པ་རིམ་དགུའི་ཐ་སྙད་ཡོད་པར་གསལ་ཏེ། གུ་རུ་ཨུ་རྒྱན་གླིང་པས་ཡར་ཀླུང་ཤེལ་གྱི་བྲག་ཕུག་ནས་སྤྱན་དྲངས་པའི་《པདྨ་བཀའ་ཐང་》གི་ལེའུ་གྱ་གཉིས་པ་བོན་བསྣུབས་པའི་སྐོར་ལས།
བི་མ་མི་ཏྲ་ལི་ཤི་ལྟག་རིངས་གཉིས། །
གྲུབ་མཐའ་བཟུང་ནས་འགེགས་རེས་བྱེད་བཅུག་པས། །
རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམ། །
བོན་གྱི་ཐེག་དགུ་ཆོས་ཀྱི་ཐེག་དགུ་གཉིས། །
ལོ་ཙཱ་རྣམས་ཀྱིས་འགེགས་རེས་བྱེད་བཅུག་པས། །
རྒྱལ་པོ་ཆོས་ལ་ཡིད་ཆེས་བོན་ཐེ་ཚོམ། །
ཞེས་བོན་གྱི་ཐེག་དགུའི་ཐ་སྙད་ཡོད་པ་གསལ་པོར་གསུངས་འདུག དེ་ལྟར་བོན་དང་རིག་གཞུང་དེ་དག་ཞང་ཞུང་གི་རྒྱལ་རབས་རིམ་བྱུང་རྣམས་ཀྱིས་སྐུ་གཤེན་བསྟེན་ཅིང་བདག་གཉེར་བྱས་ཏེ་རྒྱུན་འཛིན་གྱི་སློབ་མ་གསོ་སྐྱོང་བྱས་པ་དང༌། མི་རྣམས་ཀྱིས་བོན་ལ་དད་འདུན་དང་ཡིད་ཆེས་ཆེ་རུ་ཕྱིན་ཏེ་མཐར་སྤྱི་ཚོགས་ཐོག་ཏུ་བོན་གྱི་སྐུ་གཤེན་རྣམས་ལ་དབང་ཤུགས་ཆེན་པོ་ཡོད་པར་གྱུར་ཏེ། བོད་ཁམས་ཡོངས་ལ་བོན་དང་རིག་གནས་དག་དར་ཁྱབ་ཆེན་པོར་ཕྱིན་སྟབས། ཞང་ཞུང་རྒྱལ་ཁབ་ཀྱི་སྲིད་དབང་ལ་དབང་ཤུགས་ཇེ་ཆེར་འགྲོ་བའི་གྲོགས་སུ་གྱུར། དེ་འདྲ་བྱས་ཏེ་རྒྱལ་ཕྲན་བཅུ་གཉིས་དང༌། སིལ་མ་བཞི་བཅུ་རྣམས་ཀྱི་དུས་རབས་སུ་བོན་ཤུགས་ཇེ་ཆེར་ཕྱིན་ཏེ། མཐར་བོད་ཀྱི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོས་ཀྱང་དེ་བཞིན་དུ་བོན་སྒོར་ཞུགས་ནས་བོན་གྱི་སྐུ་གཤེན་བསྟེན་ཚུལ་ལོ་རྒྱུས་དེབ་ཐེར་ན་གསལ་ལྟར་རོ།
2. ཡི་གེའི་སྐོར་ལ། སྤྱི་ལོའི་དུས་རབས་བརྒྱད་པ་སྟེ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བན་བོན་བར་དུ་གྲུབ་མཐའི་ཆགས་སྡང་གི་འཁྲུག་པ་བྱུང་སྟེ། མཐར་བོན་པོ་ཕམ་ཞིང་བན་དེ་ལ་རྒྱལ་ཁ་ཐོབ། དེ་ནས་བཟུང་བོད་གཞུང་ནས་བོན་གྱི་ལོ་རྒྱུས་མཐའ་དག་བསུབ་རྐྱང་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་ཞིག་ཏུ་ཆགས་ཏེ། དམ་ཆོས་བོད་དུ་མ་དར་གོང་ལ་བོད་འདི་ཤེས་རིག་ཡོན་ཏན་གང་ཡང་མི་དར་བའི་ཀླ་ཀློ་དང་མུན་ནག་གི་ཡུལ་ལྟ་བུ་ཞིག་ཡིན་ལ། ཐུབ་བསྟན་བོད་དུ་དར་བ་ནས་བཟུང་བོད་འདིར་ཤེས་རིག་ཡོན་ཏན་ཐམས་ཅད་དབྱར་མཚོ་ལྟར་རྒྱས་ནས་བོད་ཡུལ་ལ་སྐྱིད་པའི་ཉི་མ་གསར་པ་ཞིག་ཤར་ཡོད་ཅེས་དྲིལ་བསྒྲགས་ཤུགས་ཆེན་པོར་བྱས་པར་བརྟེན། དེའི་རྗེས་ཀྱི་མཁས་པ་རྣམས་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་བོད་མཐའ་འཁོབ་ཡིན་པ་དང༌། ཀླ་ཀློ་ཡིན་པ། མུན་ནག་གི་ཡུལ་ཡིན་པ་སོགས་དམ་པའི་ཆོས་ལ་ཆེ་བསྟོད་བྱེད་པའི་ཆེད་དུ་རང་གི་རིགས་ལ་དམའ་འབེབས་བྱེད་རྒྱུ་དེ་ངོ་མཚར་ཆེ་བ་དང་གཟི་བརྗིད་ལྡན་པ་འདྲ་པོ་ཞིག་ཏུ་བརྩིས་ནས་གསུང་གིན་ཡོད་སྟབས། བོད་ཀྱི་ཡི་གེ་བཤད་པའི་སྐབས་སུའང་སྲོང་བཙན་གོང་ན་བོད་དུ་ཡི་གེ་འབྲི་སྲོལ་མེད་ལ། དེ་ཡང་ཆོས་དང་ཆོས་རྒྱལ་རྣམས་ཀྱི་མཛད་འཕྲིན་ཡིན་པར་བཤད། དེ་ལྟར་ཆབ་སྲིད་ཀྱི་རང་བཞིན་ལྡན་པའི་དྲིལ་བསྒྲགས་ཀྱི་ལས་ཀ་དེ་ལོ་ངོ་བརྒྱ་ཕྲག་མང་པོ་བརྒྱུད་ནས་བྱུང་ཡོད་པས། ཕྱིས་ཀྱི་མཁས་པ་ཁ་ཅིག་ནི་དེ་ལྟར་དུ་ཡིན་པར་རློམ་ནས་དེའི་རྗེས་སུ་མ་དཔྱད་པར་འབྲང་པ་དང༌། ཁ་ཅིག་གིས་ནི་མི་འདོད་བཞིན་དུ་ཁས་ལེན་པའི་ཤུགས་ལ་སྲོང་བཙན་གོང་དུ་བོད་ལ་ཡི་གེ་ཡོད་པར་འདོད་པའི་ཚིག་མང་པོ་ལོ་རྒྱུས་དེབ་ཐེར་རྣམས་སུ་བྲིས་ཡོད་པ་སྟེ། དཔེར་ན། ལུགས་གཉིས་མཁྱེན་པའི་སྤྱན་དཀྱུས་རབ་ཏུ་ཡངས་པའི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་《གསོ་རིག་སྨན་གྱི་ཁོག་འབུབས་》ལས། “སྤྱིར་ཀླ་ཀློ་ལ་སོགས་པ་ཁོལ་བུ་རེ་གཉིས་ལས་ཕལ་ཆེ་བ་མི་རིགས་ཡིན་ནོ་ཅོག་ལ་རང་རང་གི་ཡི་གེ་རེ་ཡོད་པར་གྲགས་ཤིང༌། མངོན་སུམ་དུའང་སྣང་ལ། དཔལ་དུས་ཀྱི་འཁོར་ལོའི་རྒྱ་འགྲེལ་དྲི་མེད་འོད་ལ་སོགས་པར་ཡང་དེ་བཞིན་དུ་བཤད་མོད། འོན་ཀྱང་བོད་ཡུལ་འདིར་ཆོས་ཀྱི་རྒྱལ་པོ་ཡབ་གནམ་རི་སྲོང་བཙན་ཡན་དུ་ཡི་གེ་མེད་པར་འདོད་པ་ལྟར་ན། ”ཞེས་ཡི་གེ་མེད་པའི་ལུགས་ལ་མ་རངས་པའི་ཚིག་དང་བཅས་པས་གསུངས་ཡོད་པ་དང༌། ཉང་རལ་ཉི་མ་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང་《མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད་》 ལས། “བོད་ཀྱི་ཡི་གེ་ཡང་ཁྲི་སོ་བུད་བཙན་པོའི་དུས་ནས་བྱུང་བར་འདོད་པ་ཡང་ཡོད་དོ། ” ཞེས་དང༌། སྡེ་དགེའི་ཤིང་པར་གྱི་《མ་ཎི་བཀའ་འབུམ་》ལས། “རྒྱལ་པོ་ལྷ་ཐོ་ཐོའི་རིང་ལ་པང་ཀོང་ཕྱག་རྒྱ་པ་དང༌། མདོ་སྡེ་ཟ་མ་ཏོག་བཅས་བོད་ཀྱི་ཡི་གེ་རུ་བྱུང༌། ”ཞེས་སོགས་གསུངས་ཡོད་པ་དེ་དག་ནི་སྲོང་བཙན་གོང་དུ་བོད་ཡིག་ཡོད་པར་སྟོན་བྱེད་ཀྱི་ནང་པའི་ལུང་གི་ཚད་མ་ཡིན་ལ། རིགས་པས་བརྟགས་ནའང་ཡོད་པར་གསལ་ཏེ། གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་སོ་གཉིས་པོ་ཆོས་རྒྱལ་རང་གི་ཡབ་མེས་གོང་མ་རྣམས་ཀྱི་མཚན་བྱང་དང་མཛད་རྗེས་རགས་རིམ་ཡིག་ཐོག་ཏུ་འཁོད་ཡོད་པར་མ་ཟད། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དང༌། ཏུང་ཧོང་གི་ཡིག་རྙིང་དེ་དག་ལས། གཉའ་ཁྲི་བཙན་པོའི་གོང་གི་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང༌། སིལ་མ་བཞི་བཅུ་རྣམས་ཀྱི་རྒྱལ་ཕྲན་སོ་སོའི་རྒྱལ་ས་དང༌། རྒྱལ་བློན་སོ་སོའི་མཚན་བྱང་བཅས་གསལ་ལྷང་ངེར་འཁོད་ཡོད་པ་འདི་ཁོ་ན་ལ་བསམས་ཚེ། ཆོས་རྒྱལ་སྲོང་བཙན་གོང་ལ་བོད་དུ་ཡི་གེ་བེད་སྤྱོད་བྱས་ཡོད་པར་ཤེས་ལྡན་སུ་ཞིག་ལ་ཐེ་ཚོམ་སྐྱེ་སྟེ། མི་ལོ་སྟོང་ཕྲག་སྔོན་གྱི་རྒྱལ་བློན་སོ་སོའི་མཚན་བྱང་དེ་དག་བོད་དུ་ཡི་གེ་དར་བ་ན་གཟོད་འབྲི་ཆོག་ཆོག་ཅིག་སུ་ཞིག་གིས་བཤད་ཐུབ་བམ། འོན་ཀྱང་ཨུ་ཚུགས་ཅན་རྣམས་ལ་ལུང་རིགས་བསྟན་པའི་ངལ་བ་མི་བྱའོ། ། བོན་གྱི་སྟོན་པ་གཤེན་རབ་ཀྱི་གོང་དུ་བོད་ལ་ཡི་གེ་འབྲི་སྲོལ་ཡོད་མེད་བཤད་དཀའ་ནའང༌། དེ་ལྟར་བོད་ཀྱི་ཡི་གེ་ཆ་ཚང་བ་ཞིག་འབྲི་བའི་སྲོལ་དེ་བོན་གྱི་སྟོན་པ་གཤེན་རབ་ཀྱི་སྐབས་སུ་བྱུང་ཡོད་པ་གསལ་ཏེ། 《ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུ་མེ་ལོང་》ལས། “གཤེན་རབ་མི་བོ་ཆེ་མ་བྱོན་པའི་གོང་དེར། ཞང་ཞུང་གི་ཡུལ་དུ་མི་རབས་ཆེས་མང་བ་ཞིག་བྱུང་མྱོང་ཡོད་པ་ནི། སྨོན་པའི་མི་བོ་ལུམ་ལུམ་ནས་གཤེན་རབ་ཀྱི་ཡབ་རྒྱལ་བོན་ཐོད་དཀར་གྱི་བར་དམ་རྒྱལ་གྱི་གདུང་རབས་བཅུ་དྲུག་བྱོན་ཡོད་ཚུལ། ཡ་ཐོག་ཞང་ཞུང་གི་བོན་བྱུང་ཚུལ་གྱི་སྐབས་སུ་གསལ་བར་བཀོད་ཡོད་པ་དེ་དག་གིས་ཤེས་ཐུབ་ཅིང་གཤེན་རབ་མི་བོ་ཆེའི་སྔོན་དུ་བྱུང་བའི་གནའ་མི་དེ་དག་གིས་ཡི་གེ་འགའ་ཞིག་བེད་སྤྱོད་བྱས་ཡོད་དམ་མེད་པ་དེ་ནི་ཆེས་རིང་བའི་ལོ་རྒྱུས་ཤིག་ཡིན་པ་དང༌། ལོ་རྒྱུས་དེ་རིགས་ཀྱི་ཁུངས་སྟོན་བྱེད་ཀྱི་དཔེ་ཤིན་ཏུ་མཐོང་དཀའ་བ་བཅས་ལ་བརྟེན། ད་ལྟའི་དུས་འདིར་ཤེས་རྟོགས་ཤིན་ཏུ་དཀའ་བའི་གནས་ཤིག་ཏུ་ཆགས་ཡོད། དེ་ལྟ་ནའང་གཤེན་རབ་མི་བོ་ཆེ་བྱོན་ནས་ཁོང་གིས་ཡི་གེ་སྲོལ་གསར་པ་ཞིག་བཏོད་པར་མཛད་པའི་ཚུལ་ནི་བོན་གྱི་ལོ་རྒྱུས་རྣམས་ལས་ཡོངས་སུ་གྲགས་པ་ཞིག་ཡིན་སྟབས། གཤེན་རབ་མི་བོ་ཆེའི་དུས་ནས་བཟུང༌། ཡ་ཐོག་ཞང་ཞུང་གི་ཡི་གེ་བྱུང་བ་ཡིན་ཞེས་ངེས་པར་དུ་བཤད་ཐུབ་པ་ཡིན། ”ཞེས་གསུངས་ཡོད་པ་ཐུགས་ཤིན་ཏུ་བདེན། གཞན་ཡང་གཅིག་དགུ་གོ་བཞི་ལོའི་ཟླ་གཉིས་པའི་《མཚོ་སྔོན་བོད་ཡིག་གསར་འགྱུརཐོག་འཁོད་པའི་བོད་ལྗོངས་ནས་ལོ་ངོ་སུམ་སྟོང་སྔོན་གྱི་གནའ་བོའི་ཡི་གེ་ཞིག་རྙེད་ཅེས་པའི་གསར་འགྱུར་ཐུང་ངུ་ཞིག་གི་ནང་དུ་གཤམ་གསལ་ལྟར་བཀོད་ཡོད་དེ། “ཉེ་ཆར་བོད་རང་སྐྱོང་ལྗོངས་བོད་ཀྱི་སྐད་ཡིག་ཁྲིད་སྟོན་ཨུ་ཡོན་ལྷན་ཁང་གིས་བོད་ལྗོངས་ཀྱི་ཁ་རྒྱུན་དུ་ལྷགས་པའི་《སྨར་ཡིག་གི་འབྱུང་གནས་གནའ་བོའི་ཞང་ཞུང་རྒྱལ་པོའི་རྒྱལ་ཁབ་སྟེ་ད་ལྟའི་མངའ་རིས་ས་ཁུལ་ནས་བྲག་ངོས་རི་མོའི་ནང་དུ་《སྨར་ཡིག་》གི་རྗེས་ཤུལ་རྙེད་བྱུང༌། བྲག་ངོས་ཀྱི་རི་མོ་དེ་དག་ནང་གི་ལ་ལ་ནི་སྤྱི་ལོ་སྔོན་གྱི་མི་ལོ་ཆིག་སྟོང་ཡར་སྔོན་གྱི་རི་མོ་རེད། གསར་རྙེད་འདིས་བོད་ཀྱི་ཡི་གེ་བྱུང་ལོ་དེ་མི་ལོ་སྟོང་ཚོ་གཉིས་ཙམ་སྔ་སྣུར་བྱས་ཡོད། སྲོལ་རྒྱུན་གྱི་ལྟ་བ་ལྟར་ན། བོད་ཡིག་ནི་སྲོང་བཙན་སྒམ་པོའི་སྐབས་སུ་གནའ་དུས་ལེགས་སྦྱར་གྱི་ཡི་གེར་དཔེར་བལྟས་ནས་གསར་སྐྲུན་བྱས་པ་དང༌། ད་ལྟའི་བར་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་འགོར་ཡོད་པར་གསུངས་ཡོད། ཡིན་ནའང་བོད་ལྗོངས་ཀྱི་བོན་པོའི་དེབ་ཐེར་ནང་དུ་བོད་ཡིག་འདིའི་ཁུངས་དེད་ན་ད་ལྟའི་བར་དུ་མི་ལོ་བདུན་སྟོང་ནས་བརྒྱད་སྟོང་ཡན་ཡིན་པ་དང༌། དེའི་སྐབས་སུ་མི་རྣམས་ཀྱིས་བཀོལ་བའི་ཡི་གེ་ལ་སྨར་ཡིག་ཟེར་བ་རེད་”ཅེས་བྲིས་འདུག གཤེན་རབ་མི་བོ་ཆེས་བོད་ཀྱི་ཡི་གེ་འབྲི་བའི་སྲོལ་བཏོད་པའི་ལོ་རྒྱུས་ནི། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》དུ་དྲངས་པའི་བོན་གྱི་མདོ་ལུང་ཞིག་ཡོད་པ་ན། བོད་ཀྱི་ཡི་གེ་ནི་དང་པོ་སངས་རྒྱས་ཀྱིས་མཛད་དེ།
མདོ་ལས།
ཡི་གེ་སུམ་ཅུས་བོན་གྱི་ཁོག་ཡང་ཕུབ། །
མགོ་ཡིས་ལམ་དྲང་ཤད་ཀྱིས་མདོར་ཡང་བཅད། །
ཚེག་གིས་བར་ཕྱེ་མི་འཁྲུགས་གསལ་བར་སྙོམས། །
གུག་འགྲེང་ན་རོ་ཞབས་ཀྱུ་ཡ་སྟ་ཡིས། །
སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས། །
ཞེས་པ་དེ་རེད། འདི་ནི་ད་ལྟའི་བོད་ཡིག་འདིའི་མཚན་ཉིད་ཇི་བཞིན་བཤད་ཡོད་པ་ཞིག་སྟེ། མགོ་ཚེག་ཤད་གསུམ་དང༌། འཕུལ་རྟེན་བརྩེགས་གསུམ་གྱི་རྣམ་གཞག་བཅས་ནི་ཐུན་མོང་མ་ཡིན་པ་བོད་ཡིག་གི་ཁྱད་ཆོས་ཤིག་ཡིན་ལ། གཞན་པའི་ཡིག་རིགས་གང་ལའང་མི་སྣང༌། རང་རེའི་ཡི་གེའི་ཁུངས་སུ་བཤད་སྲོལ་བྱུང་བའི་རྒྱ་གར་གྱི་ལཉ་ཝར་རྣམས་ལའང༌། དབྱངས་གསལ་གཉིས་པོ་ཕན་ཚུན་བསྡེབས་ནས་སྦྱོར་ཀློག་བྱེད་པ་ཙམ་ལས། འཕུལ་རྟེན་བརྩེགས་གསུམ་གྱི་རྣམ་གཞག་གང་ཡང་མི་འདུག སྔགས་ཡིག་རྣམས་ལས་བརྩེགས་མ་བྱུང་བ་འདི་དག་ནི། གསལ་བྱེད་དབྱངས་མེད་དམ་སྲོག་མེད་ཀྱི་ཡི་གེ་རྣམས་ལ་རང་རྐྱ་ཐུབ་པའི་སྒྲ་གདངས་འདོན་བྱེད་མེད་པས། དབྱངས་ལྡན་གྱི་གསལ་བྱེད་ཡི་གེའི་སྟེང་དུ་བརྩེགས་ནས་སྒྲ་གདངས་རིང་ཙམ་ཞིག་བྱས་ཏེ་ཀློག་པ་ལས། བོད་ཡིག་ཇི་བཞིན་གྱི་བརྩེགས་འདོགས་ཀྱི་རྣམ་གཞག་མེད་དེ་སྔོན་འཇུག་དང་མགོ་འདོགས་བརྩེགས་ཡིག་འཇིག་རྟེན་འདིར་བོད་ཡིག་གི་ཐུན་མིན་གྱི་ཁྱད་ཆོས་ཞིག་རེད།
དེ་ལྟར་གཤེན་རབ་མི་བོ་ཆེས་གསར་གཏོད་གནང་བའི་ཡི་གེ་དེ་ལ་རྩ་བའི་ཡི་གེ་སུམ་ཅུ་ཡོད་པ་དང༌། དབུ་གང་ནས་ཚུགས་པའི་རྟགས་སུ་ཡིག་མགོ་ཡོད་པ་དང༌། ཡིག་འབྲུ་ཕན་ཚུན་མི་འཁྲུགས་པའི་ཆེད་དུ་ཚེག་ཡོད་པ། དོན་གྱི་མཚམས་དབྱེ་བ་ལ་ཤད་ཡོད་པ། གི་གུ། ཞབས་ཀྱུ། འགྲེང་བུ། ན་རོ་བཅས་དབྱངས་ཀྱི་ཡི་གེ་དང༌། ཡ་སྟ་ལ་སོགས་པའི་བརྩེགས་འདོགས་རྣམས་དང༌། གཞན་ཡང་འཕུལ་རྟེན་གྱི་ཡི་གེ་བཅས། སྐབས་ཐོབ་ཀྱི་བརྗོད་དོན་སྟོན་པའི་ཚིག་སྦྱོར་གྱི་ཆེད་དུ་ཡན་ལག་གི་ཡི་གེ་འདི་དག་རྒྱས་པར་བཏགས་ནས་འབྲི་བའི་སྲོལ་ཕྱེས་པ་གསལ། དེས་ན་གཤེན་རབ་མི་བོ་ཆེས་སྲོལ་ཕྱེས་པའི་བོད་ཀྱི་ཡི་གེ་དེའི་ངོ་བོ་ནི་དེང་དུས་ཀྱི་ཡི་གེ་འདི་ལས་ལོགས་སུ་གྱུར་པ་ཞིག་མེད་ཀྱང༌། ཡིག་གཟུགས་ཀྱི་རྣམ་པ་ལ་རིམ་བཞིན་འགྱུར་བ་བྱུང་ཡོད་པ་ནི་ཆོས་ཉིད་ཅིག་རེད།
ཐུ་མི་སམ་བྷོ་ཊའི་སྐབས་སུ་བྲིས་པའི་ཡིག་གཟུགས་དེ་དག་ཕྱིས་སུ་རིམ་བཞིན་འགྱུར་བ་ནི་《ཤེས་བྱ་ཀུན་ཁྱབ་》 ལས། “ཐོག་མར་ཐུ་མི་སམ་བྷོ་ཊ་ཉིད་ཀྱི་ཕྱག་བྲིས་སྦལ་ནག་ན་ལ་རྒྱངས་པ་འདྲ་བ་དང༌། དེའི་རྗེས་སུ་ཕྱི་དར་རིན་ཆེན་འབར་ཞེས་བྱ་བས་སོ་ཕག་གཤིབས་པ་ལྟ་བུ་དང༌། དེའི་རྗེས་སུ་ཆབ་དཀར་བེའུ་ཚིས་བྱ་ཕོ་འཇོལ་བ་ལྟ་བུ་དང༌། དེའི་རྗེས་སུ་འབྲེ་འོ་ཁྲོམ་ཞེས་པས་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ་དང༌། དེའི་རྗེས་སུ་ཚེ་སྤོང་བྱང་ཆུབ་ཀྱིས་སྦུར་ནག་བགྲད་པ་ལྟ་བུ་དང༌། དེའི་རྗེས་སུ་ཐེ་ཡོན་ཏན་བྱ་བས་ཉ་ཆུ་ནས་ཕྱུང་བ་ལྟ་བུ་དང༌། དེའི་རྗེས་སུ་གྲ་རྒོད་རྣམ་གཉིས་ཞེས་པས་སེང་གེ་གནམ་དུ་མཆོང་བ་ལྟ་བུ་རིམ་པར་བྲིས་པ་དེ་རྣམས་ལ་སྣ་མ་ཟེར། བསྟན་པ་ཕྱི་དར་གྱི་ཐོག་མར་སྒྲོ་ཉ་ཤ་རི་ཞེས་བྱ་བ་དང༌། མཐོང་བ་རྡོ་རྗེ་དཔོན་སློབ་ཀྱི་རིང་ལ་གསར་ལེབ་གྲུ་བཞི་སྟེ་རིམ་པ་དགུ་བྱུང༌། དེའི་རྗེས་སུ་ཁྱུང་པོ་གཡུ་ཁྲི་འབར་ཞེས་བྱ་བས་དཀྱིལ་འཁོར་གྱི་ཐིག་ལ་དཔེ་བླངས་ནས་ཆ་ཆེན་ཆ་ཆུང་དུ་བགོས་པ་སོགས་ཐིག་དང་སྨྱུ་གུ་ཤོག་ཆག་འབྲི་ལུགས་སོགས་ཀྱི་བསྟན་བཅོས་བྱས་ཏེ་སློབ་མ་བསམ་གྱིས་མི་ཁྱབ་པ་བསྐྱངས། ”ཞེས་སོགས་གསུངས་ཡོད་པ་འདི་དག་ནི་དུས་རབས་རིམ་བྱུང་གི་ནང་དུ་མཁས་པ་སོ་སོའི་ཕྱག་གི་རྩལ་གྱིས་ཡིག་གཟུགས་ཀྱི་མཛེས་ཆ་ཇེ་ལེགས་སུ་བཏང་ཡོད་པ་གསལ་བའི་ལོ་རྒྱུས་ཤིག་རེད།
བོད་ཀྱི་ཡུལ་འདིར་དབུ་ཅན་དང་དབུ་མེད་ལས་གཞན་པའི་ཡི་གེ་མཐོང་རྒྱུ་མེད་པའང་མིན་ཏེ། དེང་དུས་གཏེར་མར་གྲགས་པའི་དཔེ་རྙིང༌། ས་འོག་དང༌། བྲག་རི། ཁང་པའི་ཀ་བ་སོགས་ཀྱི་ནང་ནས་བཏོན་གནང་མཛད་པ་དེ་དག་ཐོག་མར་བརྡ་ཡིག་ཅེས་པའི་ཡི་གེ་ཞིག་ཡོད་པ་ལ། དེ་གཏེར་སྟོན་རང་ཉིད་ཀྱིས་དེང་དུས་ཀྱི་བོད་ཡིག་ཏུ་ཚུར་ཕབ་ནས་གླེགས་བམ་འདི་དག་བྱས་པ་རེད་ཅེས་འཆད་ཀྱིན་ཡོད་པ་རེད། དོན་དུའང་དེ་འདྲའི་ཡི་གེ་ཞིག་ཡོད་པར་ངེས་ཏེ། གཏེར་ཡིག་ཏུ་གྲགས་པའི་གླེགས་བམ་ཤད་ཀྱི་ཚབ་ཏུ་གཏེར་ཚིག་ཅེས་རྣམ་བཅད་འདྲ་བའི་གོར་གོར་གཉིས་ཀྱི་བར་དུ་ཕྲེད་ཤད་ཡོད་པ་དེ་རིགས་ཀྱི་དབུ་དང༌། ལེའུ་སོ་སོའི་མཇུག་ཏུ་ཡིག་འབྲུ་ཁ་ཤས་རེ་བྲིས་ཡོད་པ་དེ་དག་ལ་མ་བརྟགས་པར་ཐད་ཀར་བལྟས་པ་ཡིན་ན། དབུ་ཅན་དང་འདྲ་སྟེ་ཀློག་ཤེས་ལ་མི་ཤེས་པའི་ཡི་གེ་ཞིག་ཡོད་པ་དེ་ལ་ཡོངས་གྲགས་སུ་མཁའ་འགྲོའི་བརྡ་ཡིག་གམ་གཏེར་ཡིག་ཟེར་གྱིན་ཡོད། དཔེར་ན་སྡེ་དགེའི་ཤིང་པར་མའི་པ་བཀའ་ཐང་ལ་སོགས་པའི་གཏེར་ཡིག་དག་གི་དབུ་ན་ཡོད་པའི་ཡིག་གཟུགས་དེ་དག་དང༌། དེ་ལས་གལ་ཆེ་བ་ཞིག་ནི་《གཏུམ་པོ་དྲེགས་པ་ཀུན་འདུལ་གྱི་ལས་ཐབས་ཆ་ཚང་ཡོད་པ། རོལ་པའི་རྡོ་རྗེའི་གཏེར་མ་པུ་སྟི་བྲིས་མ་གཅིག་ལ་ཚན་པ་བཅོ་བརྒྱད་ཙམ་ཡོད་པ་དང༌། ཚན་པ་སོ་སོའི་དབུ་ན་རོལ་རྡོར་ཉིད་ཀྱིས་ཕྱག་མཛུབ་ཀྱིས་བཏབ་པར་གྲགས་པའི་ཕྱག་ཐམ་དམར་སེར་གཉིས་རེ་ཡོད་པ་ཞིག་ཁོ་བོའི་ལག་ཏུ་སོན་པ་དེ་རྣམས་ཀྱི་དབུ་ཤོག་དང་མཇུག་བྱང་དུ་ཡི་གེ་འདི་འདྲ་བ་བྲིས་འདུག
དཔེ་ཆ་དེའི་མཇུག་བྱང་དུ། བདག་རོལ་པའི་རྡོ་རྗེས་གནས་ལྷོ་ལྕང་ཕུག་གི་བྲག་ནས་སྤྱན་དྲངས་པའི་ཤོག་དྲིལ་གཉིས་པ་ལས་ཞལ་བཤུས་པའི་ཡི་གེ་པ་ཡང་རང་ཉིད་ཀྱིས་བགྱིས་པ་ལགས། ཞེས་བྲིས་འདུག གཞན་ཡང་ནམ་མཁའི་ནོར་བུས་《གཡུང་དྲུང་ནོར་བུའི་དོ་ཤལ་》དུ་བྲིས་པའི་ལྷ་བབས་ཀྱི་ཡི་གེ་ཞེས་པ་དེའང་སྡེ་དགེའི་ཡུལ་དུ་འབྲི་ཤེས་མཁན་ཁ་ཤས་མཐོང་མྱོང༌། རྒྱ་ནག་གི་རུས་བརྐོས་ཀྱི་ཡི་གེ་རྙིང་པ་དེ་དག་ཀོའོ་མོ་རོ་ཡིས་ཞིབ་འཇུག་གནང་སྟེ་ཀློག་ཐུབ་པ་དང་དོན་གོ་ཐུབ་པ་བྱུང་བ་བཞིན་དུ། ང་ཚོས་ཡི་གེ་རྙིང་པ་འདི་རིགས་ལ་ཞིབ་འཇུག་ཡག་པོ་ཞིག་བྱས་པ་ཡིན་ན། ལྟ་ཀློག་ཐུབ་པ་དང་དོན་གོ་ཐུབ་པ་ཞིག་ཡོང་ཐུབ་ཀྱི་རེད། དེ་ལྟའི་ལོ་རྒྱུས་ཀྱི་བདེན་དོན། དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པ་འདི་དག་རིག་པ་སྨྲ་བའི་རྟོག་གེ་བ་ཞིག་ཡིན་ཕྱིན་ཞལ་བཞེས་མ་གནང་རང་གནང་ཆགས་ཡོད། འོ་ན་《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》ལས། དང་པོ་དག་པའི་ལྷའི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར། དེ་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར། དེ་སྨར་སྦྲག་ཏུ་བསྒྱུར་ཅེས་སོགས་གསལ་བས། བོད་ཀྱི་ཡི་གེ་ཐོག་མ་དེ་སྟག་གཟིག་སྤུངས་ཡིག་ལས་བྱུང་བ་མིན་ནམ་ཞེ་ན། སྤྱིར་དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་ནང་དུ་ཡིག་གཟུགས་ལ་འགྱུར་བ་ཅི་རིགས་པ་ཞིག་བྱུང་ཡོད་པ་ནི་བདེན་མོད། ལྷ་དང་སྟག་གཟིག་བཅས་ལ་ཁུངས་བཅོལ་བ་ནི། བོད་ཀྱི་ཡི་གེ་བྱུང་ཚུལ་བསྟན་པའི་བོན་གྱི་མདོ་ལུང་དེ་ལ། ཤར་རྫ་པ་ཉིད་ཀྱིས་འགྲེལ་བཤད་གནང་བའི་སྐབས་སུ་མཛེས་ཆ་བཏོད་ཆེ་བའི་སྐྱོན་དུ་ཟད་དེ། ཁུངས་ཡོད་ཀྱི་གཤེན་རབ་མི་བོ་ཆེས་ཡི་གེ་བཟོས་པའི་ལོ་རྒྱུས་ཀྱི་མདོ་ལུང་དེ། ཁུངས་མེད་ཀྱི་བཤད་ཡམས་ཤིག་ལ་བསྒྱུར་གྲབས་ཆགས་པ་རེད། མདོར་ན་ལུང་རིགས་གཉིས་ཀྱི་ཁུངས་དང་ལྡན་པའི་བོད་ཀྱི་ཡི་གེའི་ཐོག་མ་དེ་ནི་གཤེན་རབ་མི་བོ་ཆེ་ཡིས་གསར་གཏོད་གནང་བའི་དབྱངས་གསལ་སོ་བཞི་ལ། མགོ་ཏིག་ཤད་གསུམ་དང༌། འཕུལ་རྟེན་བརྩེགས་གསུམ་གྱི་རྣམ་གཞག་ཡོད་པའི་ཐུན་མིན་གྱི་ཁྱད་ཆོས་དང་ལྡན་པའི་བོད་ཡིག་འདི་ཉིད་ཡིན་ཞིང༌། དེ་ལ་བརྟེན་ནས་རྗེས་འཇུག་གདུང་སྲས་རྣམས་ཀྱིས་ཟིན་བྲིས་དང༌། བརྗེད་བྱང་དུ་བཀོད་པའི་བཀའི་གདམས་ངག་རྣམས་ནི་གཡུང་དྲུང་བོན་གྱི་ཤེས་རིག་གི་བསྟན་བཅོས་ཐོག་མར་དར་བའི་མགོ་ཚུགས་པ་རེད། དཔེར་ན་གཤེན་རབ་མི་བོ་ཆེའི་སྲས་དཔྱད་བུ་ཁྲི་ཤེས་ཀྱིས་ཟིན་བྲིས་བཏབ་སྟེ་ཕྱག་ལེན་གནང་བའི་གསོ་རིག་སྨན་གྱི་གཞུང་ལུགས《ཐུགས་འབུམ་མཁའ་སྔོན་》 དང༌། 《དཔྱད་འབུམ་ཁྲ་མོ》 《ནད་འབུམ་ནག་པོ》 《སྨན་འབུམ་དཀར་པོ་》སོགས་བོན་དང་རིག་གནས་སྐོར་གྱི་པུ་སྟི་མང་པོར་བྱུང་ཡོད། གཞན་ཡང་《ཆོས་འབྱུང་མཁས་པའི་དགའ་སྟོན་》དང༌། ཏུང་ཧོང་ཡིག་རྙིང་བཅས་ལ་འཁོད་ཡོད་པའི་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང༌། སིལ་མ་བཞི་བཅུ་རྣམས་ཀྱི་རྒྱལ་སའི་མིང་དང༌། རྒྱལ་བློན་གྱི་མཚན་བཅས་གསལ་པོར་བྱུང་ཡོད་པ་འདི་དག་ཀྱང་སྐབས་དེ་ཞིག་ནས་ཡི་གེར་བཏབ་སྟེ་བྱུང་ཡོད་པར་ངེས།
3. པྲ་ལྟས་མོ་ཡི་སྐོར་ལ། དེང་དུས་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་ནང་དུ་ཧ་ཅང་དར་ཁྱབ་ཆེ་ཤོས་ཤིག་ནི། འབྱུང་འགྱུར་གྱི་དོན་རྣམས་བརྟག་དགོས་ཚེ། དོན་དེ་རང་ཉིད་བློ་གྲོས་ཀྱི་རྩལ་གྱིས་དཔྱད་མི་ནུས་པའི་སྐབས་སུ། ལྷ་དང་ཡི་དམ་ལ་འཕྲིན་བཅོལ་ཏེ་ལེགས་ཉེས་བརྟག་པའི་ཐབས་སྣ་ཚོགས་ཤིག་བྱེད་པ་དེ་ལ་མོ་འདེབས་ཞེས་ཟེར། འདི་ནི་བསྐལ་པ་ཡ་ཐོག་ནས་མི་རྣམས་ཀྱི་འཚོ་བའི་ནང་དུ་དཀའ་ངལ་དང་འཇིགས་སྐྲག་སྣ་ཚོགས་པ་ཞིག་བྱུང་བ་དང༌། དེ་སེལ་བའི་ཐབས་སུ་རིག་པ་གཞན་གྱིས་རྡུགས་པའི་ཚེ་ན། བློ་ཕུགས་ལྷ་ལ་བཅོལ་ཏེ་བྱ་བ་སྒྲུབ་པའི་སྲོལ་བྱུང་བའི་གདོད་མའི་ཤེས་རིག་ཅིག་ཡིན་ལ། དེང་དུས་ཕལ་ཆེར་གྱིས་རྨོངས་དད་ཀྱི་མཚན་གཞི་རུ་ངོས་འཛིན་གྱིན་ཡོད། གང་ལྟར་ལོ་རྒྱུས་ཀྱི་ཐོག་ཏུ་བྱུང་མྱོང་བའི་མི་རིགས་དེའི་ཤེས་རིག་ཅིག་ཡིན་སྟབས། ང་ཚོས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་སྐབས་སུ་འདི་དག་ལའང་ངེས་པར་དུ་ཞིབ་འཇུག་བྱེད་དགོས་པ་ཞིག་རེད། མོ་ཡིག་རྙིང་ཤོས་ནི་འཇུ་མི་ཕམ་གྱིས་བོན་གྱི་མོ་དཔེ་རྙིང་པ་རྣམས་ཕྱོགས་བསྒྲིགས་བྱས་པའི་ 《ཇུ་ཐིག་》ཅེས་པའི་གླེགས་བམ་གཉིས་ཡོད་པ་དེ་ཡིན་ཞིང༌། དེའི་ཚུལ་ཞིབ་ཏུ་རྟོགས་པར་འདོད་ན་དཔེ་ཆ་དེ་དག་ལ་བལྟ་བར་བགྱིས་ཤིག
4. ཡེ་རྗེ་སྨོན་པའི་རྨི་ལམ། 《ཞང་བོད་ལོ་རྒྱུས་ནོར་བུའི་མེ་ལོང་》ལས། “ཡེ་རྗེ་སྨོན་པའི་རྨི་ལམ་ཞེས་པ་དེ་ནི་རྨི་ལམ་ལ་བརྟེན་ནས་ལྐོག་གྱུར་གྱི་ཚུལ་ཤེས་པའི་ཐབས་ཤིག་སྟེ་དེ་ནི་ཟླ་བ་ཉ་གང་དུས་ལྟ་བུའམ་གཟའ་སྐར་གྱི་འདུ་འཕྲོད་བཟང་བའི་དུས་ཆེན་ཁྱད་པར་ཅན་གྱི་གནས་ལ་བརྟེན་ནས་རྨི་ལམ་སྒུག་པ་དང༌། ཕུ་ཝེར་སོགས་ཕའི་ལྷ་བསྙེན་ཅིང༌། དེ་དག་གི་ཐུགས་རྗེ་ལ་བརྟེན་ནས་རྨི་ལམ་སྒུག་པ་སོགས་ཀྱིས་མཚོན། རྨི་ལམ་གསལ་པོར་འབྱུང་བ་དང༌། རྨི་ལམ་རང་ཐོག་ཏུ་ངོ་ཤེས་པ་དང༌། རྨི་ལམ་ལ་དབང་བསྒྱུར་བ་སོགས་ཀྱི་ཐབས་ཚུལ་མི་འདྲ་བ་ཅི་རིགས་ཤིག་བྱུང་ཡོད་པ་དེའི་རིགས་ལ་ཟེར་བ་ཡིན། ཨོ་སི་ཁྲུ་ལི་ཡའི་གཉུག་གནས་མི་རིགས་ལོ་གྲངས་སྟོང་ཕྲག་བཞི་བཅུ་ཡོད་པ་དེ་དག་ལ་ཡོངས་སུ་གྲགས་པ་ཞིག་ནི། རྨི་ལམ་གྱི་དུས་ཞེས་བྱ་བ་དེ་རེད། ཁོ་ཚོས་རྨི་ལམ་ལ་ཁོ་ཚོའི་ཤེས་རིག་གི་གཞི་རྟེན་འདྲ་ཞིག་ཏུ་ངོས་འཛིན་སྲོལ་བྱུང་འདུག་པ་དེ་ལ་དཔྱད་ན་གནའ་བོའི་ཞང་ཞུང་གི་ཤེས་རིག་ཏུ། ཡེ་རྗེ་སྨོན་པའི་རྨི་ལམ་ཞེས་གནད་གལ་ཤིན་ཏུ་ཆེན་པོ་ཞིག་ཏུ་བརྩིས་ཡོད་པ་དེས། ཞང་ཞུང་གི་ཤེས་རིག་དེ་ཆེས་རྙིང་མའི་རང་གཤིས་དང་ལྡན་པའི་ཤེས་རིག་ཁྱད་པར་ཅན་ཞིག་ཡིན་ངེས་པའང་ཤུགས་ཀྱིས་སྟོན་གྱིན་ཡོད། ཡེ་དབང་ལྷའི་བཀའ་བབ་ཞེས་བྱ་བ་དེ་ནི། ཕུར་ཝེ་སོགས་ཕའི་ལྷ་ཞིག་གམ། ཡང་ན་ཤིན་ཏུ་བཀའ་གཉན་པའི་ལྷ་ཞུང་མགོན་པོ་རྣམ་གསུམ་དུ་གྲགས་པ་སྟེ། ཨ་ཏི་མུ་ཝེར། ཀུ་བྱི་མང་ཀེ ། གེ་ཁོད་རྣམས་ཀྱིས་གཙོས་པའི་ལྷ་གང་ཡང་རུང་བ་ཞིག་མིར་བབས་ནས་ལེགས་ཉེས་ལུང་བསྟན་པ་ཞིག་སྟེ། དེའི་སྲོལ་མ་ཉམས་པ་དངོས་སུ་བཞུགས་པ་དེ་ནི་དེང་དུས་བོད་དུ་ཡོངས་གྲགས་གནས་ཆུང་ཆོས་སྐྱོང་གིས་མཚོན་པའི་ཆོས་སྐྱོང་ཞིག་མིར་བབས་ནས་བླང་དོར་གྱི་གནད་གསལ་བར་བསྟན་པ་དེ་རིགས་ལ་ངོས་འཛིན་དགོས་པ་ཡིན། ” ཞེས་གསུངས་པ་ལྟར་རོ། ། དེ་ལྟར་གདོད་མའི་དུས་ཀྱི་ཤེས་རིག་པྲ་སྣང་མོའི་རིག་པ་འདི་ཉིད་དུས་རབས་རིམ་བྱུང་གི་ནང་དུ་སོ་སོའི་བློ་ཡི་འཆར་སྣང་མི་འདྲ་བ་ལ་བརྟེན་ནས་གསར་གཏོད་དང་ཡར་རྒྱས་བྱུང་སྟེ། དེང་དུས་ཀྱང་ཞིང་འབྲོག་གི་ས་ཁུལ་རྣམས་སུ་དར་ཁྱབ་ཆེན་པོར་ཆགས་ཡོད།