རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།   
ཧུའུ་ཅིན་ཐའོ་དང་། ཞིས་ཅིན་ཕིང་། ཝུའུ་པང་གོ དབུན་ཅ་པའོ། ཅ་ཆིང་ལིན། ལི་ཁེ་ཆང་། ཡུས་ཀྲེང་ཧྲེང་། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཚོགས་འདུར་ཕེབས་པ། དབུན་ཅ་པའོ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་དང་ཀྲང་ཏེ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་དབུན་ཅ་པའོ་ཡིས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་སྐབས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ།ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། བརྗོད་གཞི་གཙོ་བོ་དང་གཙོ་དོན་ལ་དམ་པོར་དམིགས་པ། དཔལ་འབྱོར་འཕར་བའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་གཙོ་བོར་འཛིན་པ་བཅས་ཀྱི་ཐོག་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱེད་པ་དང་། སྐུལ་བྱེད་གསར་གཏོད་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ། བརྟན་ཐོག་ཡར་འཕེལ། གསར་འབྱེད་གསར་གཏོད། འགོ་བརྟན་པོའི་ངང་འཛུགས་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྲུན། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་དགོས་ཞེས་བསྟན་གནང་བ་རེད།
དཔྱིད་འགོའི་པེ་ཅིང་དུ་དྲོ་སྐྱིད་ལྡན་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། མི་དམངས་ཚོགས་ཁང་ཆེ་མོའི་མི་དམངས་འཐུས་ཚོགས་ཀྱི་ཚོགས་ཁང་ནང་བབ་བརླིང་ལ་མི་ཚོགས་ཆེ་བ་དང་ཀྲུའུ་ཞི་སྡིངས་ཆའི་ཡོལ་བའི་དབུས་སུ་ཡོད་པའི་རྒྱལ་རྟགས་དང་ཚོགས་ཁང་གི་གནམ་གཅལ་ཐོག་གི་གློག་བཞུ་འོད་མདངས་འཕྲོ་རེས་བྱེད་ཀྱི་ཡོད།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ཀྲང་ཏེ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ལིའུ་ཡུན་ཧྲན་དང་།ལི་ཅན་གོཝང་ཧྲེང་ཅུན།ཁྲེང་ཁྲང་ཀྲི།ཡན་ཅུན་ཆི་བཅས་ཀྲུའུ་ཞི་སྡིངས་ཆའི་ལག་བསྟར་ཀྲུའུ་ཞི་བཞུགས་སར་བཞུགས་ཡོད་པ་རེད།
ཧུའུ་ཅིན་ཐའོ་དང་། ཞིས་ཅིན་ཕིང་། ཝུའུ་པང་གོ དབུན་ཅ་པའོ། ཅ་ཆིང་ལིན། ལི་ཁེ་ཆང་། ཡུས་ཀྲེང་ཧྲེང་། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོར་འཐུས་མི་2987ཕེབས་དགོས་ཤིང་།ཚེས་5ཉིན་གྱི་སྔ་དྲོའི་ཚོགས་འདུར་འཐུས་མི་2969ཕེབས་པ་དང་།འཐུས་མི་18ཕེབས་མེད་པ།ཚོགས་ཞུགས་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
སྔ་དྲོའི་ཆུ་ཚོད་དགུ་པར་ཀྲང་ཏེ་ཅང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ཡར་བཞེངས་པ་དང་དམག་མིའི་རོལ་ཆ་རུ་ཁག་གིས་དཀྲོལ་བའི་རོལ་དབྱངས་དང་སྦྲགས་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།
དབུན་ཅ་པའོ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད། སྙན་སྒྲོན་དེ་ཁག་གསུམ་དུ་ཕྱེ་ཡོད་པ་སྟེ། འདས་ཟིན་པའི་ལོ་ལྔའི་ལས་དོན་ལ་ཕྱིར་ལྟ་དང་གཅིགའདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་། སྔོན་དཔག་དམིགས་ཚད་གཙོ་བོ། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་དང་གཉིས། འདི་ལོའི་སྲིད་གཞུང་ལས་དོན་ལ་བཏོན་པའི་གྲོས་འགོ་དང་གསུམ་བཅས་རེད།
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན་གྱི་ལོ་ལྔ་ནི་རང་རྒྱལ་འདི་ཉིད་འཕེལ་རྒྱས་བྱུང་བའི་བརྒྱུད་རིམ་ནང་གི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་རེད། དབུན་ཅ་པའོ་ཡིས་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་ནུས་ལྡན་བཅག་པ་དང་།དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་མགྱོ གས་པོ་བྱས་པ།
“ཞིང་གསུམ”ལས་དོན་ལ་ལྷོད་གཡེང་སྤུ་ཙམ་མི་གཏོང་བའི་སྒོ་ནས་དམ་འཛིན་ཡག་པོ་བྱས་པ། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་རྒྱུའི་འཐབ་ཇུས་མཐའ་འཁྱོངས་བྱས་པ།དམངས་འཚོ་འགན་ལེན་བྱ་རྒྱུ་དང་ལེགས་སུ་གཏོང་རྒྱུར་ཤུགས་བརྒྱབ་པ། ཁྱབ་ཁོངས་གལ་ཆེན་ལ་སྒྱུར་བཅོས་གཏིང་ཟབ་བྱས་པ། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཆེ་རུ་བཏང་བ།སྲིད་གཞུང་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ་སོགས་ཀྱི་ཕྱོགས་ནས་འདས་ཟིན་པའི་ལོ་ལྔའི་ལས་དོན་ཕྱིར་དྲན་གནང་ཡོད། དབུན་ཅ་པའོ་ཡིས་འདས་ཟིན་པའི་ལོ་ལྔའི་ནང་ཐོབ་པའི་གྲུབ་འབྲས་དེ་དག་ནི་ལས་སླ་པོར་ཐོབ་པ་ཞིག་མིན། དེ་ནི་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་གནང་བ་དང་འགོ་ཁྲིད་ཡང་དག་གནང་བའི་འབྲས་བུ་ཞིག་རེད་ལ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་དཀའ་སྤྱད་འབད་འཐབ་བྱས་པའི་འབྲས་བུ་ཞིག་ཀྱང་རེད་ཅེས་གསུངས་པ་རེད།
དབུན་ཅ་པའོ་ཡིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རིང་ད་དུང་འགལ་བ་དང་གནད་དོན་མི་ཉུང་བ་ཞིག་ལྷག་ཡོད་པ་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པ་བྱེད་དགོས། དེ་དག་ཁྲོད་དུ་ལ་ལ་ནི་ཡུན་རིང་ཕུང་གསོག་ཐེབས་པ་དང་། ལ་ལ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རིང་ཐོན་པ།ལ་ལ་ནི་སྲིད་གཞུང་ལས་དོན་ཁྲོད་ཀྱི་སྐྱོན་ཆ་དང་མི་འདང་བའི་ཆ་ལས་གྲུབ་པ་བཅས་རེད། ང་ཚོས་རྒྱལ་ཁབ་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ཐོག་ནས་ལས་དོན་ཁག་སྔར་བས་འབད་བརྩོན་ཆེན་པོས་ཡག་པོ་བསྒྲུབས་ཏེ་གནད་དོན་དེ་དག་ཐག་གཅོད་མགྱོགས་པོ་བྱེད་པ་ལས་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་གཏན་ནས་གཏོང་མི་རུང་ཞེས་བསྟན་གནང་བ་རེད།
དབུན་ཅ་པའོ་ཡིས་འདི་ལོ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་སྔོན་དཔག་དམིགས་ཚད་གཙོ་བོ་ནི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་7.5%ཡས་མས་འཕར་བ་བྱེད་དགོས་པ་དང་། འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་སྔར་བས་ཆེ་རུ་འགྲོ་བ་བྱེད་དགོས་པ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3.5%ཡས་མས་ཙམ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐུབ་པའི་མི་གྲངས་ཁྲི་900ཡན་མང་དུ་འགྲོ་བ་བྱེད་དགོས་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་4.6%ལས་དམའ་བ་ཡོང་བ་བྱེད་དགོས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་དངོས་འཕར་རྒྱུ་དང་དཔལ་འབྱོར་འཕར་རྒྱུ་གཉིས་གོམ་སྟབས་གཅིག་མཚུངས་ཡོང་བ་བྱེད་དགོས་པ་དང་དེ་བཞིན་ངལ་རྩོལ་ཐོབ་ཆ་འཕར་རྒྱུ་དང་ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་འགྲོ་རྒྱུ་གཉིས་གོམ་སྟབས་གཅིག་མཚུངས་ཡོང་བ་བྱེད་དགོས་པ། རྒྱལ་སྤྱིའི་གཏོང་ཡོང་གི་གནས་ཚུལ་སྔར་བས་ལེགས་སུ་འགྲོ་བ་བྱེད་དགོས་པ་བཅས་ཡིན་ཞེས་གསུངས་པ་རེད།
དབུན་ཅ་པའོ་ཡིས་འདས་ཟིན་པའི་ལོ་བཅུ་དང་ལྷག་པར་དུ་ཉེ་བའི་ལོ་ལྔའི་ལས་དོན་སྤེལ་ཚུལ་དང་ཟུང་འབྲེལ་གྱིས་འདི་ལོའི་སྲིད་གཞུང་གི་ལས་དོན་གཙོ་བོ་ཡག་པོ་བསྒྲུབ་རྒྱུར་གྲོས་འགོ་ཁག་བཞི་བཏོན་གནང་བ་སྟེ།དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་བཏང་ནས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཞིང་ལས་དང་གྲོང་གསེབ་ཀྱི་འཕེལ་རྒྱས་རྨང་གཞི་བརྟན་དུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཅིག་མཚུངས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ། དམངས་འཚོ་འགན་ལེན་བྱ་རྒྱུ་དང་ལེགས་སུ་གཏོང་རྒྱུ་གཙོ་བོར་འཛིན་ཏེ་མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་པ །ཆབ་སྲིད་འཛིན་སྐྱོང་གི་སྙིང་སྟོབས་དང་བློ་གྲོས་སྔར་བས་ཆེན་པོའི་ཐོག་ནས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་བཅས་རེད།
དབུན་ཅ་པའོ་ཡིས་ད་དུང་མི་རིགས་དང་། ཆོས་ལུགས། ཕྱིར་སྡོད་རང་མི་བཅས་ཀྱི་ལས་དོན་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་། ཤང་ཀང་དང་ཨའོ་མོན་འཕེལ་རྒྱས། ངོགས་གཉིས་ཀྱི་འབྲེལ་བ། དེ་བཞིན་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་བཅས་ཀྱི་སྐོར་རྒྱས་བཤད་གནང་བ་རེད།
ཙུང་ལི་དབུན་ཅ་པའོ་ཡིས་སྐར་མ་100ཙམ་གྱི་སྙན་སྒྲོན་གནང་རིང་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཐེངས་མང་གྲགས་པ་རེད།
ཚོགས་འདུའི་གྲོས་རིམ་གཞིར་བཟུང་ཚོགས་ཆེན་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2012ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་དང་2013ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2012ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2013ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན་པར་འགྲེམས་ཀྱིས་ཞིབ་བཤེར་ཆོག་མཆན་གནང་རྒྱུར་ཕུལ་བ་རེད།
ཚོགས་ཆེན་འཚོགས་རིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་རྒྱུ་དང་འཆར་གཞིའི་སྙན་སྒྲོན་དང་སྔོན་རྩིས་སྙན་སྒྲོན་ལ་ཞིབ་དཔྱད་གནང་རྒྱུ་རེད། འཐུས་མི་ཚོའི་བསམ་འཆར་གཞིར་བཟུང་སྙན་སྒྲོན་ལ་བཟོ་བཅོས་བརྒྱབ་རྗེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་མཐའ་མ་དེར་བརྡས་ཐག་གཅོད་རྒྱུར་འབུལ་རྒྱུ་རེད།
ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་དང་དེའི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་འོས་མིའི་སྐོར་གྱི་བརྡས་ཐག་གཅོད་ཐབས་གྲོས་འཆམ་བྱུང་བ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ།ཨུ་ཡོན་བཅས་ཀྱི་མཚན་ཐོར་གྲོས་འཆམ་བྱུང་ཡོད་པ་རེད།