རྒྱལ་ཡོངས་ཀྱི་འབྲུ་འདེབས་དུད་ཆེན་དང་འབྲུ་རིགས་ཐོན་སྐྱེད་མཉམ་ལས་ཁང་ལ་མཐིལ་རྟོགས་བརྟག་ཞིབ་ཐེངས་དང་པོ་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-26   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

        རང་རྒྱལ་གྱི་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་གཙོ་གཟུགས་ལ་འགྱུར་ལྡོག་གསར་པ་འབྱུང་བཞིན་ཡོད་དེ། འབྲུ་འདེབས་དུད་ཆེན་དང་འབྲུ་རིགས་ཐོན་སྐྱེད་མཉམ་ལས་ཁང་གཉིས་འབྲུ་རིགས་ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་རྐང་འཛིན་ནུས་ཤུགས་སུ་གྱུར་ཏེ་རྒྱལ་ཡོངས་ཞིང་སའི་བཅུ་ཆ་གཅིག་ལྷག་ཙམ་བཏབ་པར་ལྔ་ཆ་གཅིག་ལྷག་ཙམ་གྱི་འབྲུ་རིགས་ཐོན་ཡོད་པ་རེད། གསར་འགོད་པར་ཚེས་23ཉིན་ཞིང་ལས་པུའུ་ནས་ཤེས་རྟོགས་བྱུང་གསལ། ཞིང་ལས་པུའུ་འདེབས་འཛུགས་ལས་རིགས་སིས་ཉེ་ཆར་རྒྱལ་ཡོངས་ཀྱི་འབྲུ་འདེབས་དུད་ཆེན་དང་འབྲུ་རིགས་ཐོན་སྐྱེད་མཉམ་ལས་ཁང་ལ་བརྟག་ཞིབ་བྱས་པ་ལས་རང་རྒྱལ་དུ་མིག་སྔར་ཁྱོན་འབྲུ་འདེབས་དུད་ཆེན་ཁྲི་68.2ཡོད་པ་དེས་རྒྱལ་ཡོངས་ཞིང་དུད་བསྡོམས་འབོར་གྱི་0.28%ཟིན་པ་དང་། རྨོ་ཞིང་རྒྱ་ཁྱོན་མུའུ་དུང་ཕྱུར་1.34གཉེར་སྐྱོང་བྱེད་བཞིན་པ་དེས་རྒྱལ་ཡོངས་རྨོ་ཞིང་བསྡོམས་འབོར་གྱི་7.3%ཟིན་པ། འབྲུ་འདེབས་དུད་ཆེན་དེ་དག་གི་འབྲུ་རིགས་ཐོན་སྐྱེད་བྱེད་ཚད་རྒྱ་མ་དུང་ཕྱུར་1492ཟིན་པ་དེས་རྒྱལ་ཡོངས་འབྲུ་རིགས་ཐོན་སྐྱེད་བསྡོམས་འབོར་གྱི་12.7%ཟིན་པ་བཅས་མངོན་ཡོད་པ་རེད།
        ཞིང་ལས་པུའུ་འདེབས་འཛུགས་ལས་རིགས་སིའི་འབྲེལ་ཡོད་འགན་འཁུར་བས་འདི་ནི་ཞིང་ལས་པུས་རྒྱལ་ཡོངས་ཁྱབ་ཁོངས་སུ་འབྲུ་འདེབས་དུད་ཆེན་དང་འབྲུ་རིགས་ཐོན་སྐྱེད་མཉམ་ལས་ཁང་ལ་གཞི་ཁྱོན་ཆེན་པོའི་མཐིལ་རྟོགས་བརྟག་ཞིབ་ཐེངས་དང་པོ་བྱས་པ་ཡིན་ལ་ལྷོ་བྱང་ཞིང་ལས་ཐོན་ཁུངས་ཀྱི་ཧེ་བག་ལ་གཞིགས་ནས་འབྲུ་འདེབས་དུད་ཆེན་གྱི་ཚད་གཞི་དེ་ལྷོ་ཕྱོགས་སུ་རྨོ་ཞིང་རྒྱ་ཁྱོན་མུའུ་50ཡན་དང་བྱང་ཕྱོགས་སུ་མུའུ་100ཡན་གཏན་འཁེལ་བྱེད་རྩིས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
        བརྟག་ཞིབ་བྱས་པ་ལས་འབྲུ་འདེབས་དུད་ཆེན་དང་འབྲུ་རིགས་ཐོན་སྐྱེད་མཉམ་ལས་ཁང་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་ཆབས་ཅིག་བརྒྱུད་བཤུག་ས་ཆའི་ངེས་གཏན་རང་བཞིན་ཞན་པ་དང་། རྨང་གཞིའི་སྒྲིག་བཀོད་ཞན་པ།གཏོང་ཆའི་ཉེན་ཁ་ཆེ་བ།རོགས་སྐྱོར་སྲིད་ཇུས་ཅུང་ཉུང་བ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་པ་མངོན་ཡོད་པ་རེད།