བདེ་ཆེན་རྫོང་གི་གཉེན་སྒྲིག་གཏམ་བཤད་ཁག་གཅིག

རྩོམ་པ་པོ།   ཨ་འབྱུང་གིས་བཤད། ཚུལ་ཁྲིམས་ཀྱིས་བསྡུས།   ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།   

      དེ་རིང་གནམ་ལ་སྐར་མ་བཟང་།  གནམ་འཁོར་ལོ་རྩིབས་བརྒྱད་ནམ་མཁའི་དགུང་སྔོན་ཐོག་ལ་གུར་ཕུབ། དེ་རིང་བར་ལ་ཚེས་གྲངས་བཟང་།  བར་སྣང་རླུང་གི་ཕྱོགས་ལ་ཆར་སྤྲིན་རླུང་གསུམ་འཛོམས།  དེ་རིང་ས་ལ་དུས་ཚོད་བདེ།    ས་པད་མ་འདབ་བརྒྱད་ས་གཞི་སེར་པོའི་སྟེང་ལ་གདན་བཏིང་།  སྟེང་ལ་མགྲོན་བརྒྱ་ཕུན་སུམ་ཚོགས་རོགས་གནང་།  ལུང་པ་ཕུ་བདེ་ལ་ཕུ་བདེ།   ཕུ་ལ་གངས་རི་དཀར་པོའི་དགོན་བདེ།  གོང་བླ་མ་རྣམས་ཀྱི་ཆོས་ར་བདེ།  ལུང་པ་སྐེད་བདེ་ལ་སྐེད་བདེ།  སྐེད་ལ་བྲག་དཀར་ཞ་མོ་ལ་སྐེད་བདེ།  སྐེད་ལ་བྲག་དཀར་རྩེ་གསུམ་ལ་རྫོང་བདེ།  བདེ་དཔོན་པོ་རྣམས་ཀྱི་ཁྲིམས་ར་བདེ།  ལུང་པ་མདའ་བདེ་མདའ་ལ་བདེ།  མདའ་ལ་རྒྱ་གྲོང་ཕྲ་མོའི་ཁྱིམ་བདེ།  ཕ་ཨ་ཁུ་རྣམས་ཀྱི་གྲལ་ར་བདེ།     བུ་དཔའ་བོ་རྣམས་ཀྱི་མདའ་ར་བདེ།  མ་མ་སྨད་རྣམས་ཀྱི་ཇ་རྭ་བདེ།  སྨན་བུ་མོ་རྣམས་ཀྱི་འཁྱམ་ར་བདེ།  བདེ་བདེ་ཡི་འགོ་ལ་ཉི་མ་ཤར་ན་བཀྲ་ཤིས། བདེ་བདེ་ཡི་སྐེད་ལ་ཟླ་བ་གསལ་ན་གཡང་ཆགས། བདེ་བདེ་ཡི་མདའ་ལ་སྨིན་དྲུག་ཚོགས་ན་དོན་འགྲུབ།   གོང་ལ་གཡང་ལེན་བན་རྒན།    དཀར་གཡང་སྒམ་ལ་གཡང་དྲོད་མ་ཡལ།   མདའ་རྒྱ་མཚོ་ལ་ཐིགས་པ་མ་སྐམ།  མེ་ཆུ་རླུང་གསུམ་ཐམས་ཅད་མཐའ་ཡི་རྒྱ་མཚོའི་ཕ་ཁར་ལེན་ཐུབ་པ་ཐམས་ཅད་གོང་གཡང་ལེན་བན་རྒན་གྱི་སྐྱོགས་འོག་ལ་འཛོམས་བྱུང་། གོང་ལ་བཞུགས་པའི་རྒན་རབས་རྣམས་ཀྱི། མགོ་དཀར་དཀར་བྱ་ཆེན་གྱི་ཕ་མ།  ལུས་དཀར་དཀར་མི་ནུབ་ཀྱི་རྒྱལ་མཚན།    སེམས་དཀར་དཀར་དམ་པའི་ལྷ་ཆོས། མི་ཆེན་གོང་ལ་བཞུགས་ན་གཡང་ཆགས།  གསུང་སྐད་ཀྱིས་གྲལ་ལ་གྲགས་ན་ཚིག་ཚང་།  དུད་ཁ་ཕན་ཚུན་གཉིས་ཀྱི་གཉེན་གྱི་སྐོར་ལ་ཆ་བཞག་ན།  དང་པོ་དར་དཀར་གྱིས་སྒོ་ཕྱེ།    ཕུ་མོ་བར་མོ་བཏབ་ན་མོ་བཟང་། མདའ་རྩིས་པར་རྩིས་རྒྱག་ན་རྩིས་བཟང་། གཉིས་པ་ཆང་འཐུང་གིས་ཁ་བརྡར།   ཆེ་བ་ལ་གྲོས་བྱས་ན་གྲོས་འགྲིག  ཆུང་བ་ལ་ཁ་བརྐོ་ན་བློ་མཐུན།  དུད་ཁ་ཚང་གིས་གཉེན་ཨེ་སྒྲིག་ཟེར་ནས་ཕར་རི་བྲག་དཀར་ལ་སྐད་བཏང་།  ཕར་ཕྱོགས་དུད་ཁ་ཚང་གི་ཐུགས་ཁུར་བརྒྱ་ཡས་དཀྱིལ་འཁོར།  བུ་རང་ལ་ཡོད་ན་བུ་མོ་མི་ལ་རེ་དགོས་བསམ།  བུ་མོ་རང་ལ་ཡོད་ཀྱང་བུ་མི་ལ་རེ་དགོས་བསམ། གདམས་ངག་བཟང་པོའི་ལན་བསྐྱལ་སོང་།    གསུམ་པ་བག་མའི་གདན་བརྒྱབ།    ཉེ་བ་ཁོང་གསུམ་རྒྱུད་རིགས་སྣ་གསུམ།  ཕ་རྒྱུད་གངས་རི་དཀར་པོ་ཕོ་གཉེན་ཐེངས་བཅོ་བརྒྱད་ཀྱི་ཕོ་རྒྱུད།  རྩིས་མཁས་པའི་ཕ་ལྕང་རྒན་ཨ་ཕོས་རྩིས་ན་རྩིས་མི་ཐུབ། མ་རྒྱུད་གཡུ་མཚོ་སྔོན་མོ་མདའ་ཉིན་ལམ་བཅོ་བརྒྱད་ཀྱི་མོ་རྒྱུད།     འཇལ་མཁས་པའི་རྒྱ་བཟའ་ཀོང་ཇོས་འཇལ་ན་འཇལ་མི་ཐུབ་ཟེར་བའི་དཔེ།  ཨ་བྱོན་གང་བསམ་འདི་བྱོན་ན།     རྩིས་ན་གྲངས་ཚང་།  སྒྲིག་ན་གྲལ་འགྲིག   ཕོ་གྲལ་གཡས་ལ་སྒྲིག་ན་ཆང་ཞིམ་པོས་ཟམ་འཛུགས།    བྲོ་གླུ་དབྱངས་གསུམ་གྱི་གུར་ཕུབ།  མོ་གྲལ་གཡོན་ལ་བསྒྲིག་ན།  ཇ་ནག་རོག་གིས་ཐབ་བརྒྱབ།   གཡུ་བྱུ་རུས་མན་ཊལ་ཕུལ་བ་ལྟ་བུ།     གཉེན་ཉེ་བ་ཡག་ཀྱང་ཕྲུག་དཀར་གྱི་རྒྱབ་གོས།  གཞི་གྲོང་པ་ཡག་བྱུང་མཆོད་རྟེན་གྱི་སྲོག་ཤིང་ཡིན། ཕ་མའི་དཀའ་བ་བུ་སྲིང་གཉེན་སྒྲིག   བུ་སྲིང་གི་དཀའ་བ་ཕ་མའི་དྲིན་ལན།   རང་ལུས་ཟམ་པ་འཛུགས་ན་དྲིན་ལན་འཇལ་མི་ཐུབ།  ཆང་ས་རྒྱག་པ་མི་ཚེར་ལན་གཅིག    སྐལ་བར་ཐེངས་བརྒྱ།   ཕ་མ་གཉིས་ལ་ཡག་བྱུང་ཟེར་ནས་དར་ཞིག་ཕུལ།   དབུ་སྐྲ་འདི་དུང་ལས་དཀར་བ་ཤོག  བུ་དང་བུ་མོ་གཉིས་ལ་ཆ་བཞག་ན།   ཕ་བཟང་གི་བུ་ལ་སློབ་མི་དགོས། སྲན་ནག་རིལ་ལེ་དེ་བསྒྲིལ་མི་དགོས།   བྲ་བོ་གསུམ་ཟུར་དེ་སྐྱོར་མི་དགོས།   ཁྱེད་གཉིས་ཀྱིས་མཉམ་ལས་ན་མཛོ་ཁྱུང་དཀར་ལ་གཉའ་བཞག་པ་ལྟ་བུ།  ཞིང་བཟང་ཞིང་ལ་འབྲུ་དྲུག་འཁྲུངས་བའི་རྟེན་འབྲེལ་ཡིན།   དར་འདི་ལ་དར་བཤད་མ་བྱས་ན་དར་སྐུད་པ་བཏགས་དང་ཁྱད་མི་འདུག   དར་འདིའི་འབྱུང་ས་རྒྱ་ནག་ཡུལ་ལ་འབྱུང་།  སྨད་རྒྱ་མོ་གསུམ་གྱིས་བཏགས་པ་ཡིན།  ཚོང་དཔོན་ནོར་བུ་བཟང་པོས་སྒྲུག་བ་ཡིན།  ལག་དོ་བསམ་པའི་དོན་འགྲུབ་ཀྱིས་བཀལ་བ་ཡིན།  ལྷ་སའི་ཁྲོམ་ལ་ཕབ་བ་ཡིན།  ང་བུ་བསོད་ནམས་ཅན་གྱི་ལག་ལ་ཕོག་ཟེར་ཚོད་གར་ཡོད། ཁྱེད་བུ་དབང་ཐང་ཅན་གྱི་སྐེ་ལ་བཏགས་ན།  དར་ཡར་བཏགས་ཨ་སྔོན་དགུང་ལ་བཏགས།  ཨ་སྔོན་དགུང་ལ་དར་བཏགས་དགོས་བ་གར་ཡིན།  ཁྱེད་མི་མགོ་དགུང་ལས་མཐོ་བའི་རྟེན་འབྲེལ། དར་ཕར་བཏགས་དཀར་འཛོམས་བྲག་ལ་བཏགས།  དཀར་འཛོམས་བྲག་ལ་དར་བཏགས་དགོས་བ་གར་ཡིན།  ཁྱེད་མི་སྲོག་བྲག་ལས་སྲ་བའི་རྟེན་འབྲེལ་ཡིན།  དར་མར་བཏགས་གཙང་པོ་ཆུ་ལ་བཏགས།     གཙང་པོ་ཆུ་ལ་དར་བཏགས་དགོས་པ་གར་ཡིན།  ཁྱེད་མི་ཚེ་ཆུ་ལས་རིང་བའི་རྟེན་འབྲེལ་ཡིན།  ཡོད་པ་སྣ་གསུམ་ཞིག་ཡིན་ན།  སྟག་དང་གླང་པོ་ཆེ་ཕུལ་ནའང་ཆུང་ས་རེད།  དེ་རིང་ཆུང་ཆུང་ཁབ་དང་སྐུད་པ་དང་གཅིག    སྒོར་མོ་ཁྲི་གཅིག་ཙམ་ལས་མི་འཇོན་ཐལ།    ཁྱེད་གཉིས་ཀྱིས་ལས་ཅི་བྱེད་ན་ལམ་འགྲོ་ཡོང་བར་ཤོག   སྐུ་ཚེ་ལ་བར་ཆད་མི་ཡོང་།    བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག  །