ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་པེ་ཅིང་དུ་གྲོལ་བ།

རྩོམ་པ་པོ།   མེད།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

  སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམས་ཐོན་བྱུང་བ།
  སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》སྐོར་གྱི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་བ།
  བློ་མཐུན་ཧུའུ་ཅིན་ཐའོ་ཡིས་གཙོ་སྐྱོང་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།


        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཐོག་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདམས་ཐོན་བྱུང་བ་དང་། སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》སྐོར་གྱི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་རྗེས་ཚེས་14ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁའི་ངང་གྲོལ་བ་རེད། ཚོགས་ཆེན་ཐོག་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་ཆེད་འབད་འཐབ་བྱས་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རྒྱུན་ཆད་མེད་པར་རྒྱལ་ཁ་གསར་པ་བླངས་ནས་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས་ཞེས་འབོད་སྐུལ་གནང་ཡོད།
        བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཧུའུ་ཅིན་ཐའོ་དང་། ཅང་ཙེ་མིན་། ཝུའུ་པང་གོ དབུན་ཅ་པའོ། ཅ་ཆིང་ལིན། ལི་ཁྲང་ཁྲུན། ཞིས་ཅིན་ཕིང་། ལི་ཁེ་ཆང་། ཧོ་གོ་ཆང་། ཀྲོའུ་ཡུང་ཁང་། ཝང་ཀང་། ཝང་ལེ་ཆོན། ཝང་ཀྲའོ་གོ ཝང་ཆི་ཧྲན། ཧུའེ་ལེའང་ཡུས། ལིའུ་ཆི། ལིའུ་ཡུན་ཧྲན། ལིའུ་ཡན་ཏུང་། ལི་ཡོན་ཁྲའོ། དབང་དབྱང་། ཀྲང་ཀའོ་ལི། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ཞུའེ་ཚའེ་ཧོའུ། ཀུའོ་པོ་ཞུང་། ལི་ཕུང་། ཀྲུའུ་རུང་ཅི། ལི་རུའེ་ཧོན། སུང་ཕིང་། ཝུའེ་ཅན་ཞིང་། ལི་ལན་ཆིང་། ཙེང་ཆིང་ཧུང་། ཝུའུ་ཀོན་ཀྲེང་། ལུའོ་ཀན། ཧྥན་ཁྲང་ལུང་། ཞུའེ་ཆི་ལེའང་། ཧོ་ཡུང་། ལིང་ཅི་ཧྭ། ཝང་ཧུའུ་ཉིང་སོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཀྲུའུ་ཞི་སྡིངས་ཆའི་སྟར་པ་མདུན་གྲལ་དུ་བཞུགས་ཡོད་པ་རེད།
        དེ་རིང་ཚོགས་ཆེན་ལ་ཕེབས་དགོས་པའི་འཐུས་མི་དང་ཆེད་མངགས་གདན་ཞུས་འཐུས་མི་2325ཡིན་ཞིང་། དངོས་སུ་2307ཕེབས་ཡོད། དངོས་སུ་ཕེབས་པའི་འཐུས་མི་དེ་ཕེབས་དགོས་པའི་འཐུས་མིའི་ཕྱེད་ཀ་ཡན་བརྒལ་བས་ཚོགས་ཆེན་གྱི་འདེམས་བསྐོའི་བྱ་ཐབས་ཀྱི་གཏན་འབེབས་དང་མཐུན་ཡོད།
        ཚོགས་ཆེན་ཐོག་དང་ཐོག་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་2དང་འདེམས་ཤོག་ལྟ་ཞིབ་པ་36གི་མཚན་ཐོར་གྲོས་འཆམ་བྱུང་བ་རེད།
        སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་ལྟ་སྐུལ་འོག་ཚོགས་འདུར་ཕེབས་པའི་འཐུས་མི་དང་ཆེད་མངགས་གདན་ཞུས་འཐུས་མིས་མིང་མ་བཀོད་པའི་འདེམས་ཤོག་འཕེན་ཐབས་ཀྱི་ཐོག་ནས་ཨུ་ཡོན་205དང་རྗེས་སྣོན་ཨུ་ཡོན་171ལས་གྲུབ་པའི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བདམས་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་130བདམས་པ་རེད།
        ཆུ་ཚོད་11དང་སྐར་མ་27ཐོག་ཧུའུ་ཅིན་ཐའོ་ཡིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཐོག་འདེམས་ཐོན་བྱུང་བ་ཁྱབ་བསྒྲགས་གནང་བས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་པ་རེད།
        དེ་རྗེས་ཚོགས་ཆེན་ཐོག་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་ཚོགས་ཆེན་ཐོག་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་གནང་བའི་སྙན་སྒྲོན་ལ་ཆོག་མཆན་གནང་ཞིང་གྲོས་ཆོད་ནང་བསྟན་དོན། སྙན་སྒྲོན་ནང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་ཐུབ་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་མགྱོ གས་མྱུར་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད་པས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྔར་བས་འཕེལ་རྒྱས་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་བྱས་པ་དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་དང་། རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་གསར་པ་ལེན་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན། མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་བཅས་རེད།
        ཚོགས་ཆེན་ཐོག་སྙན་སྒྲོན་ནང་རྒྱས་བཤད་གནང་བའི་ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་དེ་རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་འཁྲིད་དེ་སྔ་འཛིན་ཕྱི་གཏོད་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱེད་པའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། ཏང་ཡོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ། བསམ་བློ་བཅིངས་འགྲོལ། སྒྱུར་བཅོས་སྒོ་དབྱེ། སྟོབས་ཤུགས་གཅིག་སྒྲིལ། འགག་སྒྲོལ་དཀའ་སེལ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བརྒྱུད་མདུན་དུ་བསྐྱོད་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་ཐུབ་ཆེད་འབད་འཐབ་བྱེད་དགོས་པའི་ངོས་འཛིན་གནང་བ་རེད།
        ཚོགས་ཆེན་ཐོག་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། ཚོགས་ཆེན་ཐོག་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན་གྱི་ལོ་བཅུའི་རིང་གི་འབད་འཐབ་ལམ་བུར་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་གནང་བའི་གཞི་རྩའི་ཕྱོགས་སྡོམ་ལ་མོས་མཐུན་གནང་བ། ཚོགས་ཆེན་ཐོག་ལོ་བཅུའི་འབད་འཐབ་ལམ་བུར་ཕྱོགས་སྡོམ་བྱེད་སྐབས་གལ་ཆེ་ཤོས་ནི་ང་ཚོས་ལག་ལེན་གྱི་རྨང་གཞིའི་ཐོག་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་ལ་སྐུལ་མ་གཏོང་ཕོད་པ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་རྒྱུར་དམིགས་ནས་འབྲེལ་བ་དམ་ཟབ་ཡོད་ལ་ཕན་ཚུན་ཁྱབ་པའི་བསམ་བློ་གསར་པ་དང་། ལྟ་ཚུལ་གསར་པ། ཆོད་སྡོམ་གསར་པ་བཅས་རབ་དང་རིམ་པ་བཏོན་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་གྲུབ་པ་དང་ལག་ལེན་བསྟར་བ་དེ་རེད། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིགས་པའི་གཞུང་ལུགས་མ་ལག་གི་གྲུབ་འབྲས་གསར་ཤོས་དང་། ཀྲུང་གོ་གུང་ཁྲན་ཏང་མཉམ་སྡེབ་ཀྱི་བློ་གྲོས་ཀྱི་ཉིང་བཅུད། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཧྲིལ་པོར་མཛུབ་ཁྲིད་བྱེད་པའི་བསམ་བློའི་མཚོན་ཆ་ཤུགས་ཆེན་བཅས་རེད། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དེ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་བཅས་དང་འདྲ་བར་ང་ཚོའི་ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་བསམ་བློ་རེད་ཅེས་ནན་བཤད་གནང་ཡོད།
        ཚོགས་ཆེན་གྱིས་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་གསར་པ་ལེན་པར་གཤམ་གསལ་གྱི་རྩ་བའི་བླང་བྱ་ཁོང་དུ་ཆུད་པ་བྱེད་དགོས་ཞེས་བསྟན་པ་སྟེ། ངེས་པར་དུ་མི་དམངས་ཀྱི་གཙོ་གཟུགས་གནས་བབ་མཐའ་འཁྱོངས་དང་། ངེས་པར་དུ་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། ངེས་པར་དུ་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། ངེས་པར་དུ་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས། ངེས་པར་དུ་ཐུན་མོང་ཐོག་ཕྱུག་འགྱུར་ལམ་བུའི་ཐོག་སྐྱོད་རྒྱུ་མཐའ་འཁྱོངས། ངེས་པར་དུ་སྤྱི་ཚོགས་ཞི་མཐུན་ལ་སྐུལ་མ་གཏོང་རྒྱུ་མཐའ་འཁྱོངས། ངེས་པར་དུ་ཞི་བདེའི་འཕེལ་རྒྱས་མཐའ་འཁྱོངས། ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བཅས་བྱེད་དགོས་པ་དེ་རེད།
        ཚོགས་ཆེན་གྱིས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས་སྐོར་གྱི་སྙན་སྒྲོན་གྱི་བཀོད་སྒྲིག་ལ་མོས་མཐུན་བྱས་པ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དེ་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན་བཅས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་མཉམ་བསྲེས་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ཧུར་ཐག་བྱེད་པ་དང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་གོང་འཕེལ་ཐུབ་པ་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།
        ཚོགས་ཆེན་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་སྲོག་ཤིང་གི་བདེ་འཇགས་ཀྱི་དགོས་མཁོ་དེ་ཕྱོགས་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་རྒྱལ་གྱི་རྒྱལ་སྤྱིའི་གནས་བབ་དང་འཚམ་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་དང་འཚམ་པའི་སྲ་ཞིང་བརྟན་པའི་རྒྱལ་སྲུང་དང་སྟོབས་དང་ལྡན་པའི་དམག་དཔུང་འཛུགས་སྐྱོང་བྱ་དགོས་ཞེས་ནན་བཤད་བྱས་པ་རེད།
        ཚོགས་ཆེན་གྱིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱས་པ་དང་། ཚོགས་ཆེན་གྱིས་སྐབས་བཅུ་བདུན་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་རེད།
        ཚོགས་ཆེན་གྱིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱས་ནས་བཟོ་བཅོས་འཆར་ཟིན་དེ་གྲོས་འཆམ་བྱུང་ཉིན་ནས་བཟུང་གོ་ཆོད་པའི་གཏན་འབེབས་བྱས་པ་རེད།
        ཚོགས་ཆེན་གྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ནི་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་བཅས་དང་གཅིག་རྒྱུན་གཅིག་འཛིན་ཡིན་ལ་དུས་བསྟུན་མདུན་སྐྱོད་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་དང་། འཕེལ་རྒྱས་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་གཅིག་སྡུད་མཚོན་པ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་གྱུར་པའི་གྲུབ་འབྲས་གསར་ཤོས། ཀྲུང་གོ་གུང་ཁྲན་ཏང་གི་བློ་གྲོས་གཅིག་སྡུད་བྱས་པའི་ཉིང་ཁུ། ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱ་དགོས་པའི་མཛུབ་ཁྲིད་བསམ་བློ་བཅས་ཡིན་པའི་ངོས་འཛིན་བྱས་ཤིང་། ཚོགས་ཆེན་གྱིས་ཏང་གི་སྒྲིག་ཡིག་ནང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དེ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་བཅས་དང་མཉམ་དུ་ཏང་གི་བྱ་སྤྱོད་ཕྱོགས་སྟོན་དུ་གཏན་འཁེལ་བྱ་རྒྱུར་མགྲིན་གཅིག་ཏུ་མོས་མཐུན་བྱས་པ་རེད། ཚོགས་ཆེན་གྱིས་ཏང་ཡོངས་ཀྱི་བློ་མཐུན་གྱིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བར་སྔར་བས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་སྲ་བརྟན་རང་བཞིན་སྔར་བས་ཆེ་རུ་གཏོང་བ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དེ་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ལག་ལེན་བསྟར་བ་དང་ཏང་འཛུགས་སྐྱོང་གི་ཕྱོགས་ཁག་ཏུ་མཚོན་པར་བྱ་དགོས་པའི་བླང་བྱ་བཏོན་པ་རེད།
        ཚོགས་ཆེན་གྱི་གྲོས་རིམ་ཁག་ལེགས་སྒྲུབ་བྱས་རྗེས་ཧུའུ་ཅིན་ཐའོ་ཡིས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་འཐུས་མི་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ད་ཐེངས་ཀྱི་ཚོགས་ཆེན་དེ་དར་ཆ་མཐོན་པོར་སྒྲེང་བ་དང་། སྔ་འཛིན་ཕྱི་གཏོད། མཐུན་སྒྲིལ་འབད་འབུངས་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་གྱུར་ཡོད། ཚོགས་ཆེན་གྱིས་གྲོས་འཆམ་བྱས་པའི་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་དེས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་དབྱེ་ཞིབ་བྱས་པ་དང་། འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་དང་ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན་གྱི་འབད་འཐབ་ལོ་རྒྱུས་དང་དེ་བཞིན་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཕྱིར་མིག་བལྟས་པ་དང་ཕྱོགས་སྡོམ་བྱས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བའི་ལོ་རྒྱུས་ཀྱི་གནས་བབ་གཏན་འཁེལ་བྱས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ཐོབ་པར་ངེས་པར་དུ་སྟངས་འཛིན་ནན་པོ་བྱེད་དགོས་པའི་གཞི་རྩའི་བླང་བྱ་བཏོན་པ། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་པ་དང་སྒྱུར་བཅོས་སྒོ་དབྱེ་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བའི་དམིགས་ཚད་གཏན་འཁེལ་བྱས་པ། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཐད་སྒོ་ཀུན་ནས་བཀོད་སྒྲིག་བྱས་པ། ཏང་འཛུགས་སྐྱོང་བྱ་རྒྱུ་དེ་ཚན་རིག་ཅན་དུ་འགྱུར་ཚད་སྒོ་ཀུན་ནས་ཆེ་རུ་གཏོང་བའི་ཐད་བླང་བྱ་གསལ་པོ་བཏོན་པ་བཅས་རེད། ཚོགས་ཆེན་གྱིས་གྲོས་འཆམ་བྱས་པའི་ཏང་གི་སྒྲིག་ཡིག་གི་བཟོ་བཅོས་འཆར་ཟིན་དེ་ལས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་འཕེལ་རྒྱས་འགྲོ་བའི་གྲུབ་འབྲས་མཚོན་པ་དང་།ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་གཏན་འཁེལ་བྱས་པའི་གལ་ཆེའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་དང་། གལ་ཆེའི་བྱེད་ཕྱོགས་དང་སྲིད་ཇུས། གལ་ཆེའི་ལས་དོན་བཀོད་སྒྲིག་བཅས་མཚོན་པ། ཉེ་བའི་ལོ་ཤས་རིང་ཏང་འཛུགས་སྐྱོང་ལ་ཐོབ་པའི་གྲུབ་འབྲས་གསར་པ་མཚོན་པ་མ་ཟད་ཏང་གི་ལས་དོན་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བར་བླང་བྱ་གསར་པའང་བཏོན་ཡོད། ཚོགས་ཆེན་ཐོག་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་པ་དང་ཆོག་མཆན་སྤྲད་ཡོད། ཚོགས་ཆེན་གྱིས་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་འདེམས་ཐོན་བྱས་པས་གསར་རྙིང་བརྗེ་རེས་ཐུབ་ཡོད། ཚོགས་ཆེན་གྱིས་ད་དུང་སྐབས་གསར་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམས་ཐོན་བྱས་ཡོད། ཚོགས་ཆེན་གྱིས་གཏན་འཁེལ་བྱས་པའི་འཐབ་ཇུས་བཀོད་སྒྲིག་ཁག་དང་ཐོབ་པའི་གྲུབ་འབྲས་ཁག་དེ་དག་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་དང་ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་གསར་པར་སྒོ་ཀུན་ནས་སྐུལ་འདེད་གཏོང་བར་གལ་འགངས་ཤིན་ཏུ་ཆེ་བའི་མཛུབ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན་པས་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ངེས་ཡིན་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་པ་རེད།
        ཧུའུ་ཅིན་ཐའོ་ཡིས་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཡིན་པའི་ང་ཚོའི་འགན་འཁྲི་ཆེ་ལ་གཟི་བརྗིད་ཀྱང་ལྡན་པས་ངེས་པར་དུ་རང་ཉིད་ཀྱི་ཕྲག་ཐོག་ཏུ་འཁུར་བའི་བླ་ན་མེད་པའི་འགན་འཁྲི་བློ་ལ་བརྟན་པོ་ངེས་ནས་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱེད་པ་དང་། ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་ཞུ་བ། ཏང་གི་སྒྲིག་ཡིག་ལག་ལེན་བསྟར་བ། ཏང་གི་སྒྲིག་ཡིག་སྲུང་སྐྱོང་བཅས་བྱས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ངེས་པར་དུ་རྒྱ་ཆེའི་ཏང་ཡོན་དང་མང་ཚོགས་བར་གྱི་འབྲེལ་བ་དམ་ཟབ་ཏུ་གཏོང་བ་དང་འཐུས་མིའི་དབང་ཆ་བེད་སྤྱོད་ཡང་དག་གཏོང་བ། ངེས་པར་དུ་རང་རྟོགས་ངང་དཔེ་བཟང་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བཅས་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་ཕྱིར་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་དང་རྒྱ་ཆེའི་ཏང་ཡོན་གྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བ་བྱེད་དགོས་ཞེས་གསུངས་པ་རེད།
        ཧུའུ་ཅིན་ཐའོ་ཡིས་ཚོགས་ཆེན་རིང་རྒྱལ་ཁབ་མང་པོའི་སྲིད་ཏང་དང་རྩ་འཛུགས་ཀྱིས་ཁ་པར་གཏོང་བ་དང་འཕྲིན་ཡིག་བསྐུར་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་པ་དང་། རྒྱལ་ནང་གི་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་ཚོས་ཀྱང་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་བྱ་ཐབས་སྣ་ཚོགས་བརྒྱུད་དེ་ཚོགས་ཆེན་འཚོགས་པར་བཀྲ་ཤིས་རྟེན་འབྲེལ་ཞུས་པར་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་ཁོང་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
        ཧུའུ་ཅིན་ཐའོ་ཡིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཅས་ནི་ཏང་དང་མི་དམངས་ཀྱིས་ལོ་ངོ་90ལྷག་རིང་འབད་འཐབ་དང་། གསར་གཏོད། གསོག་འཇོག་བཅས་བྱས་པའི་གྲུབ་འབྲས་ཤིག་ཡིན་པས་ངེས་པར་དུ་གཅེས་སྤྲས་ལྡབ་བརྒྱ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། ཟམ་མི་ཆད་པར་འཕེལ་རྒྱས་གཏོང་དགོས། དེས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་གཞི་རྩའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཏེ་བསམ་བློ་བཅིངས་འགྲོལ་གཏོང་བ་དང་། སྒྱུར་བཅོས་སྒོ་དབྱེ་བྱེད་པ། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། འགལ་སྒྲོལ་དཀའ་སེལ། བློ་བརྟན་འགྱུར་མེད་བཅས་ཀྱི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་མདུན་དུ་བསྐྱོད་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་སྣེ་ཁྲིད་དེ་རང་རྒྱལ་གྱི་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་གྱི་གོ་སྐབས་དམ་འཛིན་དང་ལེགས་པོ་སྤྱད་དེ་གསར་གཏོད་ཡར་བརྩོན་དང་ལས་དོན་ཏན་ཏིག་བསྒྲུབས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བཏོན་པའི་དམིགས་ཚད་ལས་འགན་ཁག་བསྒྲུབ་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
        ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི《རྒྱལ་སྤྱིའི་གླུ་དབྱངས》ཁྲོད་ཚོགས་ཆེན་གྲུབ་འབྲས་ཐོབ་པའི་ངང་མཇུག་འགྲིལ་བ་རེད།