བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཆེད་འབད་འཐབ་བྱེད་དགོས།

རྩོམ་པ་པོ།   མེད།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

        “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ཕུན་སུམ་ཚོགས་པར་གཏོང་བ་དང་མེས་རྒྱལ་གཅིག་གྱུར་ཡོང་བར་སྐུལ་འདེད་བྱེད་དགོས།
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ཕུན་སུམ་ཚོགས་པར་གཏོང་བ་དང་མེས་རྒྱལ་གཅིག་གྱུར་ཡོང་བར་སྐུལ་འདེད་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
        ཧུའུ་ཅིན་ཐའོ་ཡིས་གསུངས་དོན། ཤང་ཀང་དང་ཨའོ་མོན་ཕྱིར་ལོག་པ་ནས་བཟུང་སྟེ་མེས་རྒྱལ་གྱི་ནང་ས་དང་ཕན་ཚུན་དགེ་མཚན་གསབ་རེས་དང་། མཉམ་དུ་འཕེལ་རྒྱས་གཏོང་བའི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུར་བསྐྱོད་དེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལག་ལེན་བྱས་པར་འཛམ་གླིང་ཀུན་གྱིས་ཁས་ལེན་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་དབྱང་སྲིད་གཞུང་གིས་ཤང་ཀང་དང་ཨའོ་མོན་ལ་བྱེད་ཕྱོགས་དང་སྲིད་ཇུས་ཁག་ལག་བསྟར་བྱས་པའི་རྩ་བའི་དམིཌ་ཡུལ་ནི་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ་དང་། ཤང་ཀང་དང་ཨའོ་མོན་དུས་ཡུན་རིང་པོར་དར་རྒྱས་དང་བརྟན་ལྷིང་ཐུབ་པའི་ཆེད་དུ་རེད།“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་“ཤང་ཀང་བས་ཤང་ཀང་སྐྱོང་བ”དང“ཨའོ་མོན་བས་ཨའོ་མོན་སྐྱོང་བ”ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་བྱེད་པར་རྒྱལ་ཁབ་གཅིག་གི་རྩ་དོན་མཐའ་འཁྱོངས་དང་ལམ་ལུགས་གཉིས་ཀྱི་ཁྱད་པར་ལ་ངེས་པར་དུ་བརྩི་བཀུར་བྱེད་པ་དང་། ཀྲུང་དབྱང་གི་དབང་ཆ་སྲུང་བ་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚད་མཐོའི་རང་སྐྱོང་དབང་ཆར་འགན་ལེན་བྱེད་པ། མེས་རྒྱལ་ནང་སའི་རྒྱབ་རྟེན་སྟོབས་ཆེན་འདོན་སྤེལ་བྱ་རྒྱུ་དང་ཀང་ཨའོ་ཡི་རང་བརྟེན་འགྲན་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱ་དགོས་པ་ལས་ནམ་ཡིན་ཡང་ཕྱོགས་གཅིག་ལས་མི་འཛིན་པ་གཏན་ནས་བྱེད་མི་རུང་།
        ཧུའུ་ཅིན་ཐའོ་ཡིས་ནན་གསུངས་གནང་དོན། ཀྲུང་དབྱང་སྲིད་གཞུང་གིས་གཞི་རྩའི་རྩ་ཁྲིམས་གཞིར་བཟུང་ནས་བྱ་བ་སྒྲུབ་པ་དང་། གཞི་རྩའི་རྩ་ཁྲིམས་ལག་བསྟར་བྱེད་པ་དང་འབྲེལ་བ་ཡོད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་འགོ་དཔོན་དང་སྲིད་གཞུང་གིས་ཁྲིམས་ལུགས་ལྟར་སྲིད་སྐྱོང་བར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ་ཤང་ཀང་དང་ཨའོ་མོན་གྱི་ལས་རིགས་ཁག་གི་མི་སྣ་རྣམས་ཀྱི་སྣེ་ཁྲིད་ནས་བློ་རྩེ་གཅིག་སྒྲིམ་གྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། དམངས་འཚོ་ལེགས་བཅོས་ཕན་འབྲས་ཏན་ཏིག་ཐོན་པར་བྱེད་པ་དང་། གོམ་པ་རིམ་བགྲོད་ཀྱིས་དམངས་གཙོ་ཁྱབ་སྤེལ། ཁོང་ཡངས་མཉམ་འདེགས་ཀྱིས་འཆམ་མཐུན་ཡོང་བར་བྱེད་པ། ནང་ས་དང་ཤང་ཀང་། ཨའོ་མོན་བར་གྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ།ཁྱབ་ཁོངས་ཁག་བར་མཉམ་ལས་སྤེལ་རེས་བྱེད་པར་སྐུལ་མ་གཏོང་དགོས། སྤུན་ཟླ་ཤང་ཀང་བ་དང་། སྤུན་ཟླ་ཨའོ་མོན་བ་རྣམས་རྒྱལ་གཅེས་ཀང་གཅེས་དང་། རྒྱལ་གཅེས་ཨའོ་གཅེས་ཀྱི་དར་ཆའི་འོག་མཐུན་སྒྲིལ་ཆེན་པོ་ཡོང་བ་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཀང་ཨའོ་ཡི་ལས་དོན་ལ་ཐེ་ཇུས་བྱེད་པར་ཉེན་ཟོན་དང་བཀག་འགོག་བྱ་དགོས།
        ཁོང་གིས་བསྟན་དོན། སྤུན་ཟླ་ཤང་ཀང་བ་དང་སྤུན་ཟླ་ཨའོ་མོན་བར་དམིགས་བསལ་སྲིད་འཛིན་ཁུལ་དོ་དམ་ཡག་པོ་དང་། འཛུགས་སྐྲུན་ཡག་པོ་བྱེད་པའི་བློ་གྲོས་དང་ཐབས་ཤེས་ཡོད་ལ་རྒྱལ་ཁབ་ཀྱི་ལས་དོན་ཁྲོད་དུ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་ཐུབ་ངེས་ཡིན་པ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་ཀྲུང་གོ་བའི་ལ་རྒྱ་དང་གཟི་བརྗིད་ཉམས་སུ་མྱོང་ངེས་ཡིན་པར་ཡང་ང་ཚོས་ཡིད་ཆེས་བྱེད་བཞིན་ཡོད།
        ཧུའུ་ཅིན་ཐའོ་ཡིས་གསུངས་དོན། ཞི་བས་གཅིག་གྱུར་བྱ་རྒྱུ་དེ་སྤུན་ཟླ་ཐའེ་དབན་བ་ཚུད་པའི་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཆེ་ཤོས་རེད། ཞི་བས་གཅིག་གྱུར་བྱ་དགོས་ན་དང་ཐོག་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་ཡོང་བའི་འགན་ལེན་བྱ་དགོས།“ཞི་བས་གཅིག་གྱུར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ངེས་པར་དུ་མཐའ་འཁྱོངས་བྱེད་པ་དང་། མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་མེས་རྒྱལ་ཞི་བས་གཅིག་གྱུར་ཡོང་བར་བྱ་རིམ་གྱི་བཞེད་དགོངས་དོན་ཚན་བརྒྱད་མཐའ་འཁྱོངས་བྱས་ཏེ་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་གཏོང་རྒྱུའི་དགོངས་དོན་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་གཏོང་རྒྱུའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་བཅས་ཀྱི་རྨང་གཞི་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ནས་ཞི་བས་གཅིག་གྱུར་ཡོང་བར་སྔར་ལས་ལྷག་པའི་ཆ་རྐྱེན་བསྐྲུན་དགོས།
        ཁོང་གིས་ནན་གསུངས་གནང་དོན། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱ་དགོས།མཚོ་འགག་ངོགས་གཉིས་པོས“ཐའེ་དབན་རང་བཙན”ལ་ངོ་རྒོལ་དང་།“དགུ་གཉིས་བཞེད་མཐུན”གྱི་ཐུན་མོང་ལངས་ཕྱོགས་རྒྱུན་འཁྱོངས་ནན་སྲུང་བྱས་ཏེ་ཀྲུང་གོ་གཅིག་གི་གཞི་སྒྲོམ་ཐུན་མོང་གི་ངེས་ཤེས་སྲུང་སྐྱོང་ཇེ་ཆེར་བྱེད་པའི་རྨང་གཞི་འདིའི་ཐོག་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱ་དགོས། ཐའེ་དབན་གྱི་སྲིད་ཏང་ཅི་འདྲ་ཞིག་ཡིན་ཡང་“ཐའེ་དབན་རང་བཙན”གྱི་འདོད་ཚུལ་མི་འཛིན་པ་དང་ཀྲུང་གོ་གཅིག་ལས་མེད་པ་ངོས་འཛིན་གཅིག་མཐུན་བྱས་ཕྱིན་ང་ཚོས་ཁོང་ཚོ་དང་འགྲོ་འོང་དང་། གྲོས་མོལ། མཉམ་ལས་བཅས་གང་ཡང་བྱེད་འདོད་ཡོད།
        ཧུའུ་ཅིན་ཐའོ་ཡིས་གསུངས་དོན། ང་ཚོས་མཚོ་འགག་ངོགས་གཉིས་དང་སྤེལ་རེས་མཉམ་ལས་ཁྱབ་སྤེལ་རྒྱུན་འཁྱོངས་བྱ་དགོས།དཔལ་འབྱོར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ཐུན་མོང་གི་ཁེ་ཕན་ཆེན་པོ་དོན་གཉེར་བྱ་དགོས། རིག་གནས་སྤེལ་རེས་རྒྱ་ཆེར་གཏོང་བ་དང་། མི་རིགས་ཀྱི་ངོས་འཛིན་གཅིག་མཐུན་ཇེ་ཆེར་གཏོང་དགོས།མི་དམངས་འགྲོ་འོང་དམ་ཟབ་བྱེད་པ་དང་། སྤུན་ཟླའི་བརྩེ་དུང་འགྲིག་མཐུན་ཡོང་བར་བྱ་དགོས། འདྲ་མཉམ་གྱི་གྲོས་མོལ་ཡོང་བ་དང་། ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།ཕྱོགས་གཉིས་པོས་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་སྔར་བཞིན་གཅིག་གྱུར་མ་བྱུང་བའི་དམིགས་བསལ་གནས་ཚུལ་འོག་མཚོ་འགག་ངོགས་གཉིས་པོའི་ཆབ་སྲིད་འབྲེལ་བར་ཞིབ་དཔྱད་བྱས་ཏེ་ལུགས་དང་མཐུན་པའི་བཀོད་སྒྲིག་བྱེད་པ་དང་། མཚོ་འགག་ངོགས་གཉིས་ཀྱི་དམག་དོན་བདེ་འཇགས་ཡིད་རྟོན་བྱེད་རེས་ཀྱི་ལམ་སྲོལ་གྲོས་མོལ་བྱས་ཏེ་ཐའེ་དབན་མཚོ་འགག་གི་གནས་བབ་བརྟན་ལྷིང་ཐུབ་པར་བྱེད་པ།མཚོ་འགག་ངོགས་གཉིས་ཞི་བའི་གྲོས་མཐུན་འཇོག་རྒྱུའི་གྲོས་མོལ་བྱས་ཏེ་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་འགྲོ་བའི་མདུན་ལྗོངས་གསར་པ་གཏོད་དགོས།
        ཁོང་གིས་ད་དུང་གསུངས་དོན། ང་ཚོས་མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླ་མཐུན་སྒྲིལ་འབད་འཐབ་གང་ཡོང་བྱ་དགོས། མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླ་ནི་ཀྲུང་ཧྭ་མི་རིགས་གཅིག་ཏུ་གཏོགས་ཤིང་།ཁྲག་རྒྱུན་མཉམ་འདྲེས་ཀྱི་ལས་དབང་གཅིག་འདྲའི་ཕུང་པོ་ཡིན་སྟབས་ཕན་ཚུན་དགའ་ཞེན་དང་ཡིད་ཆེས་བྱ་དགོས་ངེས་ཡིན་པ་དང་། ཐུན་མོང་ཐོག་མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བར་སྐུལ་སྤེལ་བཏང་སྟེ་ཐུན་མོང་ཐོག་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་དགོས། མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླ་ཐུན་མོང་གི་བདེ་རྩར་ཕན་པའི་བྱ་བ་ཡིན་ཕྱིན་ང་ཚོས་ནུས་ཤུགས་གང་ཡོད་བཏོན་ནས་ཡག་པོ་བསྒྲུབ་ངེས་ཡིན། ང་ཚོས་སྤུན་ཟླ་ཐའེ་དབན་བའི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་། སྤུན་ཟླ་ཐའེ་དབན་བར་མཐུན་སྒྲིལ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཐུན་མོང་གི་ཁྱིམ་གཞིས་སྲུང་སྐྱོང་ཡག་པོ་དང་འཛུགས་སྐྲུན་ཡག་པོར་བྱ་དགོས།
        ཧུའུ་ཅིན་ཐའོ་ཡིས་ནན་གསུངས་གནང་དོན།ང་ཚོས“ཐའེ་དབན་རང་བཙན”གྱི་ཁ་བྲལ་སྟོང་བསམ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་དགོས། ཀྲུང་གོའི་མི་དམངས་ཀྱིས་མི་སུ་འདྲ་ཞིག་དང་སྟོབས་ཤུགས་གང་ཞིག་ཡིན་རུང་དེར་ཐབས་ཤེས་གང་རུང་གི་ཐོག་ནས་ཐའེ་དབན་མེས་རྒྱལ་དང་ཁ་ཕྲལ་གཏོང་དུ་གཏན་ནས་འཇུག་གི་མིན།“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ནི་མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་ཁེ་ཕན་ལ་གནོད་འཚེ་གཏོང་བ་ཡིན་པས་ཕམ་ཉེས་སུ་འགྲོ་རྒྱུ་ཉག་ཅིག་རེད།
        ཧུའུ་ཅིན་ཐའོ་ཡིས་བསྟན་དོན།ཀྲུང་ཧྭ་བུ་ཕྲུག་ཡོངས་རྫོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཕྱིན་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱེད་པའི་བརྒྱུད་རིམ་ནང་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་རླབས་པོ་ཆེ་བསམ་པ་གཅིག་མཐུན་བཞིན་མངོན་འགྱུར་ཐུབ་ངེས་རེད།