ང་མེས་རྒྱལ་ལ་དགའ་ཞིང་ཕ་ཡུལ་ལ་དུང་།

རྩོམ་པ་པོ།   བློ་བཟང་སྒྲོལ་མ།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།   

    ང་རང་མེས་རྒྱལ་ལ་དགའ།  མེས་རྒྱལ་ནི་བྱམས་བརྩེ་དང་ལྡན་པའི་ཨ་མ་དང་འདྲ།  ང་ཨ་མའི་པང་ཁའི་ནང་དུ་བདེ་སྐྱིད་དགའ་སྣང་གི་ངང་ནས་འཚར་ལོངས་བྱུང་།  མེས་རྒྱལ་ནི་མེ་ཏོག་གི་ལྡུམ་ར་ཆེན་པོ་ཞིག་དང་འདྲ།  ང་ནི་དེའི་ནང་བདེ་སྐྱིད་ངང་བཞད་ཁ་ཕྱེས་པའི་མེ་ཏོག་ཅིག་ཡིན།  མེས་རྒྱལ་ནི་ཨ་སྔོན་ནམ་མཁའ་དང་ཡང་ཀུན་ནས་མཚུངས།  ང་ནི་མཁའ་དབྱིངས་སུ་གང་དགར་འཕུར་ལྡིང་བྱེད་པའི་བྱིའུ་ཅིག་ཡིན། 
  ང་མེས་རྒྱལ་གྱི་ཡུན་རིང་ལྡན་པའི་ལོ་རྒྱུས་ལ་དགའ།  བརྗིད་ཉམས་ལྡན་པའི་ལྕགས་རི་རིང་པོ་དེ་ནི་བགྲང་ལས་འདས་པའི་ངལ་རྩོལ་མི་དམངས་ཀྱི་ཁྲག་དང་རྔུལ་ཆུས་བརྩིགས་པ་ཞིག་རེད།  དེ་ནི་བློ་གྲོས་ནུས་ཤུགས་མཐུན་སྦྱོར་བྱས་པ་ཞིག་རེད། སྔོན་མ་ལྗིད་འདེགས་འཕྲུལ་འཁོར་དང་གནམ་གྲུ་མེ་འཁོར་མེད་པའི་དུས་སུ་སོ་ཕག་རེ་རེ་དང་བྱེ་མ་ཁུག་མ་རེ་རེ་དེ་དག་ལག་པ་དང་དཔུང་ཁྲག་གིས་དབོར་སྐྱེལ་བྱས་པ་ཞིག་རེད།   ཁོ་ཚོས་ཚ་གདུག་ཆེ་བའི་དབྱར་ཁའམ་ཡང་ན་དགུན་གྱི་གྲང་ངར་ཆེ་བའི་དུས་སུ།  རང་ཉིད་ཀྱི་ལས་གནས་བརྟན་སྲུང་བྱེད་པའི་གཤིས་རྒྱུད་དེ་ལྟ་བུ་ཞིག་ལ་ང་ཚོས་ངེས་པར་སློབ་སྦྱོང་བྱེད་དགོས་པ་ཞིག་མ་རེད་དམ། 
  ང་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་དགའ།  རི་བོ་ཐའེ་ཧྲན་བརྗིད་ཉམས་ཆེ་ཞིང་ཀེར་རེ་ལངས་ལ་དེ་རང་རྒྱལ་གྱི་རི་བོ་ཆེན་པོ་ལྔའི་དང་པོར་འཇོག་གི་ཡོད།  རི་བོ་ཧྲོང་ཧྲན་གྱི་རྡོའི་བཟོ་ལྟ་ཁྱད་དུ་མཚར།  དཔེར་ན།སྤྲེའུས་རྒྱ་མཚོར་ལྟ་བ་དང་།  གསེར་བྱས་བྱ་སྐད་རྒྱག་པ་དེ་དག་ཚང་མར་མི་རྣམས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།  ཞི་ཧུའུ་མཚེའུ་དེར་སྙན་ངག་པ་ཡང་ཝེན་ལིའུ་ཡིས་ཞི་ཧུའུ་མཚེའུ་དེ་རྨད་བྱུང་བུ་མོ་འདྲ་ཞེས་གདེང་འཇོག་བྱས་ཡོད་ལ། དེ་རུ་མེ་ཏོག་ལྟར་མཛེས་མ་ཞི་ཧྲི་ལས་ཀྱང་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཧ་ཅང་མང་པོ་ཡོད་པས།  ང་ཚོས་ཉིན་མཚན་གསུམ་ལ་བརྗོད་ཀྱང་བརྗོད་ཚར་རྒྱུ་མེད། 
  ང་ནི་མེས་རྒྱལ་གྱི་མི་དམངས་ཀྱི་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་བསམ་པར་དགའ།  དཔེར་ན2008ལོའི་ཟླ5པའི་ཚེས12ཉིན་ཝུན་ཁྲོན་དུ་ས་ཡོམ་ཆེན་པོ་ཐོན་སྐབས་ཐན་ཡུའི་ཆེའུ་ཞེས་པའི་དགེ་བའི་བཤེས་གཉེན་ཁོང་གིས་སློབ་མ་ཚོའི་སྲོག་སྐྱོབ་ཆེད་རང་ཉིད་ཀྱི་སྐུ་སྲོག་བློས་བཏང་བ་དེའང་སྒེར་སེམས་མེད་པའི་སྙིང་སྟོབས་མ་ཡིན་ནམ། 
  ང་ཚོར་དུས་ཡུན་རིང་པོའི་ལོ་རྒྱུས་ལྡན་ལ་མཛེས་སྡུག་ཡིད་དུ་འོང་བའི་ཡུལ་ལྗོངས་ཀྱང་མང་པོ་ཡོད།  ང་རང་མེས་རྒྱལ་ལ་དགའ་ཞིང་དེ་ལ་བསྔགས་བརྗོད་བྱེད་འདོད་པ་མ་ཟད་ངའི་ཕ་ཡུལ་ལའང་ཧ་ཅང་དགའ་པོ་ཡོད།  
  ངའི་ཕ་ཡུལ་ནི་ཡིད་དུ་འོང་བའི་ས་ཆ་ཞིག་ཡིན།འདིར་རྒྱལ་ཁབ་རིམ་པའི་སྤྱི་གླིང་པོ་ཏ་མཚོ་དང་ངོ་མཚར་ཅན་གྱི་ཆུ་དཀར་ཆུ་ནག་སོགས་ཡོད་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་སུམ་རྩེན་གླིང་ཡང་ཡོད།  དེ་མིན་བརྗིད་ཆགས་ཡིད་འོང་གི་ཁ་བ་དཀར་པོ་དང་མི་གྲགས་ལྡན་པའི་ཆུ་ཚན་སོགས་ཀྱང་ཡོད།  
  ངའི་ཕ་ཡུལ་ཤམ་བྷ་ལ།  ངའི་གཅེས་པར་འོས་པའི་ཕ་ཡུལ།  ཁྱེད་ནི་བརྩེ་བ་ཆེ་བའི་ས་གཞི་ཞིག་ཡིན། ཁྱེད་ཀྱིས་བརྩེ་བའི་འོག་ང་ཚོ་བདེ་ཐང་ངང་འཚར་ལོངས་བྱུང་།  ཁྱེད་ནི་ས་གཤིན་ཞིག་ཡིན་ཞིང་།  ང་ཚོ་ལ་འཚོ་བཅུད་སྦྱིན།  ང་ཚོས་ཁྱེད་ལ་གཅེས་སྐྱོང་བྱེད་ཅིང་།   ཁྱེད་ལ་བསྟོད་གླུ་ལེན།  དུས་ཡུན་མི་རིང་བའི་མ་འོངས་པར་ངའི་ཕ་ཡུལ་གྱི་རྣམ་པ་སྔར་ལས་མཛེས་སྡུག་ལྡན་ལ་མེས་རྒྱལ་གྱིས་རྣམ་པའང་དེ་བས་འོད་སྟོང་འབར་བ་ཡོང་རྒྱུའི་ཡིད་ཆེས་ཡོད།