གླུ་སྐད་ཞིག་གིས་བསླངས་པའི་བརྩེ་སེམས།

རྩོམ་པ་པོ།   ཚེ་རིང་།   ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།   

    ཁང་པའི་ཕྱི་རོལ་ན་ཁ་བ་ཟེགས་མ་རེ་རེ་གར་དུ་རྩེན་པ་དང་འདྲ་བར་ལྷབ་ལྷུབ་ཏུ་གང་སར་འབབ།  ལྷག་ཏུ་གློག་འོད་འོག་གི་ཁ་བ་ཟེགས་མ་རེ་རེ་ནི་མཁའ་དབྱིངས་ནས་མི་ཡུལ་དུ་རྩེད་འཇོ་ལ་ཕེབས་པའི་མུ་ཏིག་གི་དོག་པ་རེ་རེ་དང་འཁྲུལ་པར་ངེས། དགུན་དུས་ཀྱི་སེམས་ཀྱི་ཉི་ཟླ་ཡང་ཕ་ཡུལ་དང་འདྲ་བར་ཇི་འདྲའི་འཁྱགས་པ་ལའང་།  རྡོ་མཁར་གནའ་གྲོང་གི་གྲུ་ཟུར་རེ་རེ་ན་སྒོ་ཁྱིའི་ཟུག་སྐད་དང་ཆང་མཁན་རེ་འགའི་ཁྱར་མ་ཁྱོར་གྱི་གོམ་སྒྲ་མ་གཏོགས་རྒྱང་རིང་མགྲོན་པོའི་གཟུགས་བརྙན་དང་དགོད་སྒྲ་ཐོས་མི་ཐུབ་ལ་སྐོར་བྲོ་ལ་དགའ་བའི་མི་རྣམས་ཀྱང་ད་ནི་གྲང་ངར་གྱིས་བདས་པ་དང་ཀུན་ནས་འདྲ།  སུ་ལ་ཡང་ཕ་ཡུལ་དྲན་པའི་བར་གླགས་རེ་ཡོད་སྲིད།  གློ་བུར་དུ་ངས་ཡང་ཕ་ཡུལ་དྲན་བྱུང་།   ལེ་དབར་སྟོང་གིས་ཆོད་ཀྱང་ཕ་ཡུལ་དྲན་པའི་འདུན་པ་དེ་ནི་དངོས་ནས་བརྗེད་དཀའ་ལ་དོ་ནུབ་ངས་ཕ་ཡུལ་དྲན་པའི་འདུན་པ་དེ་སུས་ཀྱང་འགོག་ཐབས་མེད།  དྲན་གདུང་ཁྲོད་ཀྱི་ང་ནི་ལོ་ཟླའི་འཁོར་འགྲོས་ནང་གླུ་སྐད་ཅིག་ལ་ཉན་པའི་གོམས་གཤིས་ཆགས་ཡོད་ལ་གླུ་སྐད་དེས་ང་ལ་སྤྲོ་སྣང་དང་བརྩེ་སེམས་གང་མང་མང་ཞིག་བྱིན་མྱོང་།  བརྩེ་སེམས་དེ་དག་ནི་སེམས་ཀྱི་རོལ་མྱོང་རེ་རེ་ཡིན་པས་སྨྲ་བརྗོད་ཚིག་གིས་བརྗོད་དཀའ།ངས་བསམ་ན་གླུ་སྐད་དེ་དག་སེམས་ལ་ཉར་བ་ནི་བདེ་སྐྱིད་ཅིག་ཏུ་བརྩིས་ཆོག གླུ་སྐད་རེ་རེས་ངའི་སེམས་ཀྱི་དྲན་གདུང་དང་།  སྐྱོ་བ།  སུན་སྣང་ཡོད་ཚད་སེལ་ཐུབ་ལ་གཞན་ཡང་བུ་ཆུང་ངར་ཕ་ཡུལ་ལ་བཅངས་པའི་དུང་ཞེན་དེ་ནི་བརྗེད་མི་རུང་བ་ཞིག་དང་།   དྲིན་ཆེན་ཕ་མའི་དྲིན་ལན་ནི་ག་དུས་ཡིན་ཡང་འཇལ་མི་ནུས་པ།  རང་གི་རིག་གནས་དེ་ནི་རིན་ཆེན་གྱི་ནོར་བུ་ལས་ཀྱང་གཞལ་དུ་མེད་པ་ཞིག་ཡིན་པའི་གསལ་བརྡ་དང་མི་ཚེའི་ལམ་བུ་རེ་རེའི་ཁྲོད་དུ་ང་ལ་ལམ་སྟོན་གནང་བཞིན་པ་དང་འདྲ།  རང་ཉིད་སྐྱེས་སའི་ཕ་ཡུལ་དང་ཡང་ན་རང་གིས་སློབ་གསོ་བྱས་མྱོང་སའི་མ་ཡུམ་སློབ་གྲྭ།  ཡང་ན་གཞོན་དུས་ཀྱི་ཁོར་ཡུག  ཡང་ན་འཚོ་བའི་ཉམས་མྱོང་།  ཡང་ན་རང་རྒྱུད་ཀྱི་གཤིས་ཀ་སོགས་གང་ལ་རགས་ལས་པ་མི་ཤེས་ཀྱང་ང་རང་བརྒྱུད་པའི་ལོ་ཟླའི་དྲན་སྣང་ཁྲོད་ངས་སེམས་བསམ་པ་བཟང་པོ་ཞིག་བཅངས་རྒྱུ་དེ་ནི་འཚོ་བའི་གཞི་མ་དང་མི་ཚེ་གང་བོའི་བདེ་སྐྱིད་ཀྱི་རྩ་བར་སྒོམ་ཆོག་པར་འདོད་ཡོད།   གླུ་སྐད་ཅིག་གིས་ང་ལ་དྲན་ཤེས་མང་པོ་ཞིག་སྟེར་ངེས་ཟེར་ན་མི་གང་མང་ཞིག་ལ་ཡིད་ཆེས་མི་ཆགས་ཀྱང་མི་ལོ་ཉེར་དགུ་ཐོན་པའི་ང་རང་གིས་འཚོ་བའི་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་གི་དོན་བྱ་མང་པོ་བརྒྱུད་དུས་ད་གཟོད་གླུ་སྐད་འདི་དག་ལ་བརྩེ་དུངས་དང་ཚེ་སྲོག་ཡོད་པ་ཚོར།   མི་ཚེ་ལ་གཏམ་གླེང་ཞིག་བྱ་རྒྱུ་ཤིན་ཏུ་ཁག་པོ་ཡིན་ཀྱང་དུས་ཚོད་ཀྱི་གོམ་སྒྲ་བར་མེད་དུ་འཁོར་དུས་ངས་མི་ཚེ་ནི་ཧ་ཅང་ཐུང་ཐུང་ཞིག་ཡིན་པ་ཚོར་བྱུང་།  གླུ་སྐད་ནང་གསུངས་པ་ལྟར་མི་ཚེ་འདིའི་ནང་གི་དྲིན་ཆེན་གྱི་ཕ་མ་དང་།  ཕུ་ནུ་མིང་སྲིང་།  གྲོགས་པོའི་བརྩེ་སེམས། ལས་འབྲེལ་གྱི་བརྩེ་དུང་།  ཕ་ཡུལ་གྱི་རི་ཆུ་ནགས་གསུམ།   དགའ་སྐྱོ་འདྲེས་མའི་མིག་ཆུ།  ལང་ཚོའི་ཆ་ཤས་རེ་རེ།སེམས་རྒྱུད་ཀྱི་མྱོང་བ་བཅས་ནི་མི་ཚེའི་གོ་རིམ་ཁྲོད་ཇི་འདྲའི་གལ་ཆེ་བ་ཞིག་དང་གཅེས་སུ་རུང་བ་ཞིག་རེད་ཨའང་།  ལོ་གསར་ཐོན་ལ་ཉེ་བྱུང་། ངས་ཀྱང་རང་གི་ཕ་ཡུལ་དང་།  ཕ་མ།  ཕུ་ནུ་བཅས་དངོས་ནས་མཐོང་འདོད།  ཡིན་ཡང་འཚོ་བ་ནི་འཚོ་བ་སྟེ་འཚོ་བའི་ཁྲོད་དུ་བརྗོད་མི་ཤེས་པའི་སྐད་ཆ་མང་པོ་ཞིག་འབྱུང་ངེས་པ་ནི་མི་ཚེའི་ཆོས་ཉིད་རེད།  ཁོར་ཡུག་ག་འདྲ་ཞིག་ལ་སླེབས་ཀྱང་གཙོ་བོ་བཅོས་མ་ལྟ་བུའི་མི་སེམས་འདི་ལ་རགས་ལས་པ་མ་ཡིན་ནམ།  གླུ་སྐད་འདི་ལ་ཉན་དུས་དགུན་དུས་ཀྱི་གྲང་ངར་དང་ལམ་གྱི་བར་ཐག  བརྩེ་ཞེན་གྱི་དྲན་གདུང་དག་གིས་ངའི་སེམས་ལ་ན་ཟུག་སློང་དཀའ།   ལོ་གསར་ཐོན་ལ་ཉེ་དུས་ངས་ཡང་མཐོན་པོའི་སྒང་ལ་ལྷ་དར་གཙང་མ་ཞིག་གི་རྨུ་ཐག་འཐེན་འདོད་ལ་ཕ་མེས་ཡང་མེས་ལ་དྲི་མེད་དྭངས་གཙང་གི་ཆབ་གསུམ་ཕྱོགས་བཞིའི་གངས་ལ་གཏད་དེ་མཆོད་ན་འདོད།  ང་ལ་སྙན་གཞས་གཏོང་བའི་ངག་གི་འགྱུར་ཁུག་དེ་མེད་ཀྱང་ལོ་གསར་པ་འདིའི་ནང་དུ་དྲིན་ཆེན་གྱི་ཕ་མ་ཡོད་དོ་ཅོག་གིས་གཙོ་བྱས་པའི་ཡུལ་མི་སྤུན་ཟླ་རྣམས་ཚེ་རིང་ལོ་བརྒྱ་ཐོབ་པ་དང་།  བསམ་དོན་ཡིད་བཞིན་འགྲུབ་པ།  སེམས་ཅན་ཀུན་ནད་མེད་ཚེ་རིང་དང་འཚེ་བ་མེད་པའི་བཀྲ་ཤིས་སྨོན་འདུན་གྱི་གཡང་གླུ་ཞིག་ནི་ཅིས་ཀྱང་ལེན་པར་འདོད་དོ། །