རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།   
ཐོག་མའི་བརྩེ་དུང་གླེང་རྒྱུ་ནི་ལས་སླ་པོ་ཞིག་མ་ཡིན་ལ་ལྷག་ཏུ་འདིའི་སྐོར་གྱི་རྩོམ་ཞིག་འབྲི་རྒྱུ་ནི་ང་ལ་མཚོན་ན་དུས་ཚོད་ཀྱི་བར་ཆད་ཅིག་དང་སེམས་ཀྱི་གནོན་ཤུགས་ཅིག་ཀྱང་ཡིན་ཚོད་གདའ། འཚོ་བའི་ཁྲོད་དུ་མི་རེ་རེ་ལ་རང་ཉིད་ཀྱི་ཐོག་མའི་བརྩེ་དུང་གི་གཏམ་རྒྱུད་རེ་ཡོད་སྲིད།རྩོམ་གྱི་ཁ་བྱང་འདི་ལས་ངས་མི་ལོ་འགའི་སྔོན་གྱི་ཐོག་མའི་བརྩེ་དུང་དེའི་བྱུང་རིམ་ལ་ཡང་བསྐྱར་ཕྱིར་དྲན་ཐེངས་ཤིག་མི་བྱེད་མེད་བྱུང་།
དེ་ནི་སློབ་ཆེན་དུ་ཞུགས་མ་ཐག་པའི་ལོ་དང་པོ་ཡིན་ལ། སློབ་གྲྭའི་ཁོར་ཡུག་དང་འཚོ་བར་ལོབས་ནས་ཟླ་བ་རེ་འགའ་ལས་མ་འགོར་བའི་ཆར་ཤུལ་གྱི་དགོང་མོ་དེར་ཁྱོད་དང་ང་སྟེས་དབང་གི་དུས་ཆད་ཅིག་ལས་ངོ་ཤེས། བཅུ་དྲུག་ལང་ཚོའི་ཆ་ཡོངས་སུ་རྫོགས་པའི་མཛེས་ལྡན་གྱི་བུ་མོ་ཁྱོད་ནི་དྭངས་གཙང་གི་རྫིང་བུ་ལས་འཁྲུངས་པའི་ལྷན་སྐྱེས་ཀྱི་མེ་ཏོག་ཅིག་དང་འདྲ་བར་རྐང་དྲུག་གཞོན་ནུ་ངའི་བརྩེ་སེམས་ཀྱི་མིག་ཟུང་ཅིག་ཅར་འཕྲོག་པར་བྱས། ཁྱོད་དང་ང་སུ་ལ་མཚོན་ནའང་དེ་ནི་ཐོག་མའི་བརྩེ་དུང་གི་མཇལ་འཕྲད་ཡིན། ལོ་ཟླའི་འཁོར་འགྲོས་ནང་ཁྱོད་དང་ང་ཡི་བརྩེ་སེམས་ནི་ཆུ་དང་འོ་མ་འདྲེས་པ་བཞིན་སློབ་གྲྭའི་སྤྱི་གླིང་དང་རྨ་ཆུའི་རགས་འགྲམ་དུ་ཁྱོད་དང་ང་ཡི་རྐང་རྗེས་རེ་རེ་དང་ལྷད་མེད་ཀྱི་འཛུམ་མདངས་རེ་རེ་བཀོད་ཡོད། དགའ་རོགས་དུས་ཆེན་དང་སྐྱེས་སྐར་གྱི་དུས་ཚིགས་རེ་རེར་ཁྱོད་ཀྱིས་ང་ལ་བྱིན་པའི་ལེགས་སྐྱེས་དང་མཉམ་དུ་སྐམ་ཤ་ཐུག་པ་འཐུང་བའི་སྣང་བརྙན་དེ་དག་ནི་དངོས་གནས་བརྗེད་དཀའ་བ་ཞིག་ཡིན་པ་ལ། དེ་དུས་ཁྱོད་ནི་ངའི་མི་ཚེའི་ཆ་ཤས་ནང་ལས་འབྲེལ་གྱིས་བཀོད་སྒྲིག་གནང་བའི་ཚེ་གཅིག་གཏན་གྲོགས་ལ་ཕེབས་པ་ནང་བཞིན་ངའི་སེམས་ནང་ན་ཁྱོད་ཁོ་ན་མ་གཏོགས་ཅི་ཡང་མེད་ལ་ཁྱོད་ནི་ང་རང་གི་སེམས་རྟེན་དང་སྙིང་གི་ཕྱེད་ཀར་གྱུར་ཡོད།ཡིད་སྐྱོ་བ་ཞིག་ནི་ཐོག་མའི་བརྩེ་དུང་ལ་བར་ཆད་བྱུང་རྗེས་ངས་སྐྱེས་ཕོ་རབ་ཅིག་ལ་ཡང་མིག་ཆུ་ཡོད་པ་ཚོར་ལ་མིག་ཆུ་དེ་ནི་ཕྱིས་ཀྱང་ཕྱིས་མི་ཚར་བའི་རང་བྱུང་བརྡོལ་བའི་ཆུ་མིག་ལྟ་བུ་ཞིག་ཡིན་པའང་ཧ་གོ་སོང་། ཁྱོད་དང་གྱེས་རྗེས་ངས་ཨ་སྔོན་ནམ་མཁའི་དབྱིངས་ན་སྐར་ཚོགས་ཀྱི་འོད་ཟེར་འཛུམ་པ་དེ་མཐོང་མ་བྱུང་ལ་ཁྱོད་དང་གྱེས་རྗེས་ངས་དྭངས་གཙང་གི་ཆུ་མིག་གིས་ཤག་ཤག་གླུ་དབྱངས་ལེན་པའང་མ་ཚོར། ཁྱོད་དང་གྱེས་རྗེས་ངས་འདྲེན་བྱེད་མིག་གིས་མཐོང་བ་ཁྱོད་ཀྱི་འཛུམ་མདངས་དང་ཐོས་འཛིན་རྣ་ཡིས་གོ་བ་ཁྱོད་ཀྱི་དགོད་སྒྲ་ཁོ་ན་ལས་ངས་ལམ་ འགྲམ་གྱི་མཛེས་ལྗོངས་ན་མེ་ཏོག་གི་མགོ་བོ་ཕར་གཡུག་ཚུར་གཡུག་བྱེད་བཞིན་པ་དང་རྒྱ་སྲང་ན་སྙན་མོ་དབྱངས་རྟ་གྲགས་བཞིན་པ་ཡང་ཚོར་མ་ནུས། འདི་ནི་ལྷད་མེད་ཀྱི་བརྩེ་བ་སྟེ་ཐོག་མའི་བརྩེ་དུང་གིས་བསླངས་པའི་སེམས་ཀྱི་རོལ་མྱོང་ཞིག མིག་རྡེབ་ཙམ་གྱི་ནང་དུ་མི་ལོ་འགའ་འདི་ལྟར་འདས་སོང་། ཐོག་མའི་བརྩེ་དུང་གི་བརྒྱུད་རིམ་ཡང་ངའི་སེམས་པའི་བར་ཐག་དང་རྒྱང་ཇེ་རིང་དུ་མི་འགྲོ་ག་མེད་བྱུང་། གལ་ཏེ་ལོ་ཟླ་ལ་ཕྱིར་ཟློག་ཡོད་ན་ངས་ཁྱོད་རང་ཡང་བསྐྱར་ཐེངས་གཅིག་མཐོང་ན་འདོད། གལ་ཏེ་ལོ་ཟླ་ལ་ཕྱིར་བཟློག་ཡོད་ན་ཚང་ཚིང་གཡུ་ལོ་བཀྲ་བའི་སྤྱི་གླིང་ནས་བདག་གིས་ཁྱོད་དང་མཉམ་དུ་དཔུང་བ་མཉམ་གཤིབ་ཀྱིས་སྤྱི་གླིང་གི་ཁོར་ཡུག་རེ་རེ་ལ་ཁྱོད་དང་ང་ཡི་རྐང་རྗེས་དང་འཛུམ་མདངས་ཀྱི་མཛའ་རྟགས་རེ་རེ་བཞག་ན་འདོད། གལ་ཏེ་ལོ་ཟླ་ལ་ཕྱིར་བཟློག་ཡོད་ན་ངས་ནམ་མཁའི་སྐར་ཆེན་དེ་མུ་ཏིག་གི་རྒྱན་དུ་བཟོས་ཏེ་ཁྱོད་ལ་སྐེ་རྒྱན་དུ་ཕུལ་ན་འདོད། གལ་ཏེ་ཁྱོད་ལ་སུན་སྣང་ཡོད་ན་ཉ་ཆུང་གསེར་མིག་དེ་ཁྱོད་ཀྱི་རྩེད་རོགས་སུ་བསུས་ཆོག གལ་ཏེ་ཁྱོད་ལ་ཉན་འདོད་ཡོད་ན་ངའི་གསང་བ་མེད་པའི་སེམས་གཏམ་ཡོད་ཚད་ཁྱོད་ལ་རེ་རེ་བཞིན་བརྗོད་ཆོག གལ་ཏེ་ཁྱོད་ལ་མོས་པ་ཡོད་ན་ང་རང་ཁྱོད་ཀྱི་འགྱུར་བ་མེད་པའི་ཚེ་གཅིག་གཏན་གྲོགས་དེ་བྱེད་ཆོག སྔོན་ལས་བསོད་ནམས་ཀྱི་དབང་གིས་ང་རང་ཕ་ཡུལ་དང་ལེ་དབང་སྟོང་གིས་ཆོད་པའི་སེམས་ཀྱི་ཉི་ཟླ་ལ་ཆས་སོང་། གནས་འདི་ནི་ལྷིང་འཇགས་ཀྱི་འཇིག་རྟེན་ཞིག་སྟེ་ཉི་འོད་འཇམ་ཞིང་མཉེན་ལ་རི་ཆུ་སྔོ་ཞིང་དྭངས། མཁའ་དབུགས་གཙང་ལ་མི་རྣམས་ཀྱིས་དགེ་བའི་ལས་ལ་བརྩོན། འདི་ནི་བུ་ཆུང་གིས་རྟག་ཏུ་རེ་བའི་སེམས་ཀྱི་ཞིང་ས་ཡིན་ལ་མ་འོངས་པར་འཚོ་བཞེས་གནང་སའི་ཁོར་ཡུག་དེ་ཡང་ཡིན། འཚོ་བ་ནི་དགའ་སྐྱོ་འདྲེས་མའི་གར་སྟེགས་ཤིག་ཡིན་ལ་འཚོ་བ་དངོས་ལ་འཇུག་མཁན་ཞིག་ཡིན་ཕྱིར་ངེས་པར་དུ་འཚོ་བ་ལ་དྲང་བདེན་གྱི་རྣམ་འགྱུར་བཟུང་འོས། འཚོ་བའི་ཁྲོད་ངས་ཀྱང་གནས་ལུགས་མི་ཉུང་བ་ཞིག་རྟོགས་སོང་། སེམས་ཁམས་དྲང་མོ་ཞིག་གིས་ངོས་ནས་བཤད་ན་ད་ནི་སློབ་གླིང་གི་ཐོག་མའི་བརྩེ་བ་ལ་ཡང་སེམས་ཀྱི་སྐྱེལ་མ་བྱས་རན་སོང་། སློབ་གླིང་གི་ཐོག་མའི་བརྩེ་དུང་གིས་ངའི་འཚོ་བ་ལ་བཀྲག་མདངས་གང་མང་ཞིག་སྦྱིན་ཡོད། མི་ཚེའི་བགྲོད་ལམ་ཅི་ལྟར་ཀྱག་ཀྱོག་ཆེ་རུང་ཐོག་མའི་བརྩེ་དུང་གིས་ང་ལ་ལམ་སྟོན་གང་མང་ཞིག་གནང་ཡོད། བརྩེ་དུང་འདིར་ཕུགས་བསམ་ལྡན་པའི་མཇུག་འབྲས་ཤིག་མ་ཐོབ་ཡང་ལྷད་མེད་ཀྱི་བརྩེ་དུང་འདི་ལྟ་བུ་ཁྱོད་དང་བདག་གི་བགོ་སྐལ་དུ་ཐོབ་པ་ནི་ངའི་མི་ཚེའི་བདེ་སྐྱིད་ཅིག་ཡིན་ལ་བདག་གི་མི་ཚེའི་ནང་ནོངས་འགྱོ ད་ཅི་ཡང་མེད་ཅེས་ངས་རང་སེམས་ཀྱི་མནའ་དེ་བདེན་པའི་དཔང་དུ་བཞག་ཆོག མི་འགྱངས་པར་ང་རང་ཉིད་ལ་ཡང་རང་ཉིད་ཀྱི་འཚོ་བ་དང་བརྩེ་དུང་ཡོད་སྲིད་པས་ད་ནི་བདག་གིས་དཀར་པོ་བལ་ལས་འཇམ་པའི་སེམས་པ་དེ་བཀྲ་ཤིས་རྟགས་བརྒྱད་ཚང་བའི་ཁ་བཏགས་དཀར་པོ་ཞིག་གི་གཏའ་མ་བྱས་ཏེ་ཐོག་མའི་བརྩེ་དུང་ལ་ལོ་ཟླའི་སྐྱེལ་མ་བྱེད།
བདེ་མོ་བྱོས། བདག་གི་ཐོག་མའི་བརྩེ་དུང་། ནོངས་འགྱོ ད་མེད་པའི་བདག་གི་ཐོག་མའི་བརྩེ་དུང་།