དྲིན་ཆེན་ཨ་མའི་བྱམས་བརྩེ།

རྩོམ་པ་པོ།   བཀྲ་ཤིས་སྒྲོལ་མ།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།   

    དྲིན་ཆེན་གྱི་ཨ་མ།ཁྱེད་ནི་ངའི་ཆེས་ཐོག་མའི་བདེ་སྐྱིད་ཀྱི་འཚོ་བའི་ལམ་ཆེན་ན།འོད་མདངས་རྣམ་པར་བཀྲ་བའི་རྟ་བདུན་དབང་བོ་དེ་ཡིན།དཀར་ནག་གི་དབྱེ་བ་འབྱེད་དཀའ་བའི་འཇིག་རྟེན་འདིར།ང་རང་ཡིད་ཆེས་བྱས་ཆོག་ས་ཁྱེད་ཁོ་ན་ལགས།ངའི་ཚེ་སྲོག་གི་ཁྲག་རྒྱུན་དམར་པོ།དྲིན་ཆེན་གྱི་མ་ཡུམ་ཁྱེད་ཀྱིས་གནང་ལ།དྲིན་ཆེན་གྱི་ཨ་མ་ལགས།      ཁྱོད་ནི་ཚེ་སྲོག་གི་འབྱུང་གནས་ཡིན།ལོ་ན་ཆུང་ཆུང་གི་དུས་སྐབས་དེ་རུ།ངུ་འབོད་ཐེངས་གཅིག་གིས་ཁྱོད་ཀྱིས་ང་རང་ཁྱེད་ཀྱི་པང་དུ་བླངས།མངར་བའི་ནུ་ཞོ་ལྡུད་བཞིན་མགོ་ལ་བྱིལ་བྱིལ་བྱེད་ཞོར།བྱམས་བརྩེའི་མིག་ཟུང་གིས་བདག་ལ་གཟིགས།མི་གཙང་གཅིན་སྐྱག་ཕྱག་ཟུང་འཇམ་པོས་ག་ལེར་ཉར་བཞིན།གྱ་ཙེ་གོམ་ཙེའི་འགྲོ་ལུགས་ང་ལ་བསླབ།ངའི་ངུ་ངག་གིས་ཁྱེད་ཀྱི་གཉིད་བཅག་པ་ཐེངས་གཅིག་གཉིས་ཙམ་ག་ལ་ཡིན།བརྩེ་ལྡན་ཨ་མ་ཁྱེད་ཀྱི་ལྷག་བསམ་གྱི་དྲོད་ཁོལ་མངར་མོ།བུ་མོ་ངའི་ལུས་པོ་གསེར་དུ་གྱུར་ཡང་འཇལ་ཐབས་དབེན།དྲིན་ཆེན་གྱི་མ་ཡུམ་ལགས།ཁྱེད་ཀྱི་བཀའ་དྲིན་གྱིས།       ད་སྐབས་བདག་ནི་བརྩོན་སེམས་གྱི་རྟ་ཕོ་ལ་ཞོན་ཏེ།ཤེས་རིག་གི་ཐང་ཆེན་ཏུ་བསྐྱོད་པའི་སྐལ་བ་ལྡན་ཞིང་།ད་ལྟ་ཐག་རིང་ཐག་ཉེ་གང་དུ་སོང་ཡང་།ངས་དངོས་གནས་བརྗེད་པར་དཀའ་བ་ནི།  ཁྱེད་ཀྱི་སྒེར་སེམས་བྲལ་བའི་ལྷག་བསམ་གྱི་བརྩེ་བ་དེ་རེད།ངའི་རང་སེམས་དྭངས་མོ་ཤེལ་གྱི་མེ་ལོང་ངོས་སུ།གསལ་ལེར་འཆར་བཞིན་པ་ནི།     དྲིན་ཆེན་ཨ་མའི་སྐུ་གཟུགས་ཚིགས་དྲུག་སྨྱུག་མ་དང་།ཞལ་རས་ཡར་ངོའི་ཟླ་བ་ལྟ་བུ་དག་རེད།དུས་ཀྱི་འཁོར་འགྲོས་དང་བསྟུན་ནས།དྲིན་ཆེན་གྱི་ཨ་མ་ལོ་ན་རྒས་སོང་།     ཨ་མའི་ནག་ཅིང་སྟུག་པའི་སྐྲ་ལོ་འོ་མའི་མདངས་ལྟར་དཀར་བོར་གྱུར།ཨ་མའི་དྭངས་གསལ་གྱི་ཞལ་རས་ལ་མི་སྡུག་གཉེར་མས་ཁེངས།ཨ་མའི་སྐུ་གཟུགས་དེ་ནི་སྔར་ལས་ནང་ལ་སྒུར་བར་གྱུར།དུས་ད་ལྟ།ཨ་མའི་འགྱུར་མེད་ཀྱི་སེམས་རྟེན་བུ་མོའི་ལུས་ལ་བཅོལ་ཡོད།ཨ་མ་ལགས།ཁྱེད་ནི་འགྲོ་བ་ཀུན་གྱི་བཀུར་གནས་ཡིན།ཨ་མ་ལགས།    ཁྱོད་ཀྱི་མཛེས་སྡུག་གི་ལང་ཚོ་ལ་ནམ་ཡང་ཉམས་པ་མེད།བཅུ་དྲུག་ལང་ཚོའི་ཆ་ཤས་ཡོངས་སུ་རྫོགས་ནས།ཕྱི་རོལ་གྱི་ཁོར་ཡུག་ཁྲོད་ནས་འཚོ་བ་རོལ་དུས།ཨ་མའི་དྲིན་ལན་དྲན་ལ།དེའི་ཞོར་དུ།ཨ་མས་དཀའ་སྡུག་ཡོད་ཚད་ཁྱད་དུ་བསལ་ནས།སེམས་ཀྱི་བརྩེ་བ་ཡོད་ཚད་བུ་མོ་ངའི་ཆེད་དུ་ཕུལ་ཡོད་པའང་རྟོགས་ཐུབ།བྱམས་སེམས་ཅན་གྱི་ཨ་མ་ལགས།ངས་ཁྱེད་ཀྱི་བསམ་དོན་ཡིད་བཞིན་འགྲུབ་ཅིང་བདེ་སྐྱིད་ཀྱི་འཚོ་བ་ཁྱོད་དང་ནམ་ཡང་འདྲོགས་པའི་སྨོན་འདུན་ཞུ།དྲིན་ཆེན་གྱི་ཨ་མ་ལགས།བུ་མོ་ངས་ལག་ཟུང་བྲང་ཁར་སྦྱར་ནས་ཁྱེད་ཀྱི་སྐུ་ལུས་བདེ་བའི་བཀྲ་ཤིས་སྨོན་འདུན་ཞུ།