རྩོམ་པ་པོ།   མེད །  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་སློབ་འབྲིང་དྲ་བ།
བོད་ཀྱི་ལོ་གསར་གྱི་འབྱུང་བ་རོབ་ཙམ་ཞུས་ན་གནམ་ལོ་གསར་བཞད་ནི་པུ་དེ་གུང་རྒྱལ་གྱི་དུས་སུ་རྒན་མོ་བལ་མའི་ཟླ་བའི་དཀར་ཆའི་འཕེལ་འགྲིབ་དང་།རྒྱུ་སྐར་གྱི་འཁོར་བགྲོད་ལ་བརྟེན་ནས་དུས་བཞི་དབྱེ་བ་དང་། ཟླ་ཚེས་བརྩིས་ཏེ་ལོ་འཁོར་མཚམས་ཀྱི་དུས་རྟགས་དེ་ལྷོ་ཁ་ཡར་ལྷ་ཤམ་པོའི་འདབས་ཀྱི་ཁམ་སྡོང་ལ་མེ་ཏོག་ཤར་འཕྲལ་དཔྱིད་ཀྱི་དུས་ཆེན་གཏོང་སྲོལ་ཆགས་པ་དང་།དེ་ནས་བོད་ཀྱི་ལོ་གསར་ཐོག་མ་གཏོང་འགོ་ཚུགས་པ་རེད་ཟེར་སྲོལ་འདུག
འོན་ཀྱང་བོད་ཀྱི་ལོ་གསར་དེ་ཡང་ཡུལ་ལུང་སོ་སོའི་ཡུལ་སྲོལ་གོམས་གཤིས་དང་།སོ་ནམ་བྱ་ལས་ཀྱི་དུས་ཚོད་མི་འདྲ་བའི་དབང་གིས་མི་འདྲ་ས་མང་ཙམ་ཡོད་དེ།དཔེར་ན།ཀོང་པོ་ཁུལ་དུ་བོད་ཟླ་བཅུ་བའི་ཚེས་གཅིག་ཉིན་ལོ་གསར་གཏོང་བ་དང་། སྟོད་མངའ་རིས་སྤུ་ཧྲེང་རྫོང་སོགས་ལ་བོད་ཟླ་བཅུ་གཅིག་པར་ལོ་གསར་གཏོང་བ།དབུས་གཙང་གི་ས་ཁུལ་མང་པོ་ཞིག་ལ་སོ་ནམ་ལོ་གསར་ཞེས་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་ལོ་གསར་གཏོང་བ་སོགས་ལོ་གསར་གཏོང་དུས་གཅིག་གྱུར་ཞིག་མེད་ཅིང་།ལོ་གསར་གཙོ་བོ་ནི་ཧོར་ཟླ་དང་པོའི་ཚེས་གཅིག་ཉིན་གཏོང་གི་ཡོད།
ཤོད་སྲོལ་ལ་ཧོར་ཟླ་དང་པོའི་ཚེས་གཅིག་ལ་བླ་མ་ལོ་གསར་དང་།ཚེས་གཉིས་ལ་རྒྱལ་པོ་ལོ་གསར།ཚེས་གསུམ་ལ་གཟབ་གསོལ་གྲོས་སྟོན་བཅས་ཟེར་ཞིང་།ཆེས་ཁྱབ་ཆེ་བའི་མང་ཚོགས་ཁྲོད་དུ་ལོ་གསར་གྱི་སྔ་ནུབ་ཏུ་ལོ་གསར་གྱི་གྲ་སྒྲིག་གི་ལས་ཀ་སྟེ། གྲོ་སོ་ཕྱེ་མར་དང་།གྲོ་མ་འབྲས་སིལ།ལོ་ཕུད།ཆང་ཕུད།ཁ་ཟས་ཀྱི་སྡེར་ཁ་དང་།ཤིང་འབྲས་སྣ་ཚོགས་བླུགས་པའི་སྡེར་མ།མར་ཚོན་ལས་ཉི་ཟླའི་གཟུགས་དབྱིབས་ཀྱིས་གཙུག་ཏུ་བརྒྱན་པའི་ལུག་མགོ་ཇ་སྦག་དང་།མར་གྲོད་རིལ།མར་གྱི་གཡུང་དྲུང་རི་མོས་བརྒྱན་པའི་ཞིབ་ཐུད་གྲུ་བཞི།དེ་མིན་ས་ཁུལ་སོ་སོའི་ཐོན་དངོས་བཟའ་ཆའི་རིགས་འདྲ་མིན་སྣ་ཚོགས་རང་རང་གི་འཁོས་དཔག་ལ་གཞིགས་ཏེ་མཆོད་གཤོམ་གྱི་མདུན་ནམ་ཡང་ན་ཆ་སྒམ་སྟེང་སྒྲིག་གཤོམ་བྱེད་པའི་ལས་བྲེལ་ཆེན་པོ་ཡོད།གཞན་ཡང་དག་སྣང་ཆེན་པོས་ཚོགས་ཕུད་དང་།མཆོད་ཡོན་སྣེ་ལྔ་ལ་སོགས་པ་སྒྲིག་སྲོལ་ཡོད།
དེ་མིན་ཁང་པའི་གདུང་མ་དང་།སྒོ་སྒེའུ་ཁུང་ལ་ཤམ་བུ་དང་སྒོ་ཡོལ་གསར་བ་བསྒར་བ་དང་ཁ་གདན་གསར་བ་བརྗེ་བ། ཐབ་ཚང་གི་རྩིག་ལྡེབས་སུ་དུ་དྲེག་ཡོད་པར་གྲོ་ཞིབ་ཀྱི་དཀར་རྟགས་བཀྲ་ཤིས་རྟགས་བརྒྱད་ལ་སོགས་ལ་བཀྲ་ཤིས་པའི་རི་མོ་དང་།ཐབ་ཀྱི་ཐོད་དུ་ཀླུ་མོ་མཚོན་བྱེད་སྡིག་རའི་གཟུགས་སོགས་འགོད་པ།ཕྱི་སྒོའི་མདུན་ས་དཀར་གྱི་གཡང་དྲུང་ངམ་ཡང་ན་བཀྲ་ཤིས་པའི་རི་མོ་སྣ་ཚོགས་ཀྱི་དཀར་ཐིག་འཐེན་པ།ཐོག་སྟེང་དུ་འཛུགས་རྒྱུའི་དར་ལྕོག་གྲ་སྒྲིག་བྱེད་པ་སོགས་མདོར་ན་རྟེན་འབྲེལ་གྱི་བྱེད་སྒོ་རྣམས་ངེས་པར་ཚགས་སུ་ཚུད་དགོས་སོ།།