རྩོམ་པ་པོ།   ཚེ་རིང་དོན་གྲུབ།  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཉེ་བའི་ལོ་འགའི་རིང་ལ། བདེ་ཆེན་ཁུལ་གྱི་ཡུལ་སྐོར་ལས་དོན་ལ་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་བྱུང་ཡོད་པ་དང་། མི་ཡུལ་གྱི་དག་ཞིང་དུ་གྲགས་པའི་སེམས་ཀྱི་ཉི་ཟླ་ཡང་རྒྱལ་ཁབ་ཕྱི་ནང་ཀུན་ན་སྙན་པའི་གྲགས་པ་རྒྱས་བཞིན་ཡོད། རོང་བཙན་ཁ་བ་དཀར་པོ་དང་། དགའ་ལྡན་སུམ་རྩེན་གླིང་ལ་སོགས་པའི་གནས་འགངས་ཆེན་དུ་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་དང་དད་ལྡན་པ་བགྲངས་ལས་འདས་པ་ཕེབས་དང་ཕེབས་བཞིན་ཡོད་པས། གནས་འདི་གའི་ལོ་ངོ་སྟོང་ཕྲག་མང་བོའིརིང་གི་ཡུལ་སྲོལ་གོམས་གཤིས་དང་། རོལ་རྩེད། བཟའ་བཏུང་རིག་གནས་བཅས་ཀྱིས་མི་རྣམས་ལ་བརྗེད་པར་དཀའ་བའི་བག་ཆགས་ཟབ་མོ་ཞིག་བཞག་ཡོད། དེ་ལས་ཐེངས་འདིར་གླེང་བར་བྱ་བ་ནི། སེམས་ཀྱི་ཉི་ཟླའི་རོ་མངར་ཕུན་སུམ་ཚོགས་པའི་ཟས་རིགས་བཟའ་འཐུང་གི་སྐོར་ཡིན།
སེམས་ཀྱི་ཉི་ཟླའི་བཟའ་བཏུང་ཡང་བོད་ཁུལ་གྱི་ས་ཆ་གཞན་དག་དང་འདྲ་བར་སྤྱིར་ན་སྦྲང་དཀར་རྩམ་པ་ཟ་བ་དང་། དཀྲུག་ཇ་འོ་ཇ་འཐུང་བ། ཤ་མར་ཐུད་གསུམ་ལ་རོལ་བ་སོགས་དང་གཅིག་དུ་སྣང་མོད། ཡུལ་འདིའི་ཐུན་མོང་མ་ཡིན་པའི་སྣོད་བཅུད་ཀྱི་བཀོད་པ་དང་མི་རིགས་མང་བོ་འདྲེས་སྡོད་བྱས་པའི་སྣང་ཚུལ་ལས། ས་འདིའི་བཟའ་བཏུང་ཡང་རིགས་མང་བ་དང་སྣ་མང་ཅན་ཞིག་ཏུ་གྱུར་ཡོད། འདི་གར་ཕེབས་པའི་ལྗོངས་རྒྱུ་བ་རྣམས་ནི་འདི་གའི་མིང་དུ་གྲགས་པའི་རྡོ་མཁར་གནའ་གྲོང་དུ་འགྲོ་རྒྱུར་ཤིན་ཏུ་དགའ་ལ། གནས་དེ་ན་རྒྱ་བོད་འཇང་གསུམ་གྱི་གོན་པ་སྣ་ཚོགས་དང་། གསེར་དངུལ་ཟངས་ལྕགས་དང་བ་སོ་ལས་གྲུབ་པའི་རྒྱན་ཆའི་རིགས། ཐང་ག བོད་ཀྱི་སྣོད་ཅ་ལག་དང་ཁྱིམ་ཆས། གྲི་ལ་སོགས་པ་ཐང་མ་བརྡལ་འདྲར་བཤམས་ཡོད། མིང་དུ་གྲགས་པའི་བོད་ཟས་ཟ་ཁང་གི་སྐོར་ལ། ལྷིང་འཇགས་ཀྱི་མ་ནི་རྡོ་འབུམ་དང་། གངས་དཀར་གནས་མཆོག ཨ་རིག་བོད་ཟས། པོ་ཏ་ལ་ཟ་ཁང་། ཨ་པོ་ལོ་བུའུ་ཟ་ཁང་སོགས་ཡོད་པ་དང་། ཐེངས་འདིར་བྲེ་བྲག་གིས་འཆད་པར་སྤྲོ་བ་ནི། ས་འདིར་མིང་གྲགས་ཆེ་བའི་བོད་ཟས་སྣ་འཛོམས་ཀྱི་ཟ་ཁང་ཆེན་མོ་ལྷིང་འཇགས་ཀྱི་མ་ནི་རྡོ་འབུམ་ཚང་ཡིན།
ལྷིང་འཇགས་ཀྱི་མ་ནི་རྡོ་འབུམ་ཟ་ཁང་སྒོ་ཕྱེས་པའི་ལོ་ངོ་དྲུག་གི་རིང་ལ། བོད་ཟས་ཀྱི་རྒྱུ་ཆ་རྣལ་མ་དང་། སྲོལ་རྒྱུན་གྱི་བཟོ་རྩལ། ཡ་རབས་གུས་ལུགས་ཀྱི་རང་མདངས་མ་ཡལ་བའི་ཞབས་ཞུ་སྒྲུབ་པ་བཅས་ལ་བརྟེན་ནས། རིམ་བཞིན་སེམས་ཀྱི་ཉི་ཟླར་མིང་གྲགས་རྒྱས་པ་དང་། ཟ་ཁང་འདི་ནས་བོད་ཟས་ཟ་བཞིན་བོད་ཀྱི་གློག་བརྙན་སྣ་ཚོགས་ལ་བལྟས་ཆོག་པ་མ་ཟད། སྐྱེས་སྐར་དང་དགའ་སྟོན་གྱི་དུས་སུའང་བོད་ཟས་ཀྱི་བྲོ་བ་མངར་མོ་མྱོང་ཞོར་རྩེད་འཇོ་བག་ཡངས་ཀྱི་ངང་ནས་བསྡད་ཆོག ལྷིང་འཇགས་ཀྱི་མ་ནི་རྡོ་འབུམ་ཚང་གི་བོད་ཟས་ཀྱི་སྐོར་ལ། རྩམ་པ་དང་། མར་ཕྱུར། ཤིང་འབྲས་དང་གྱོ ་འབྲས། སྔོ་ཚལ་ལས་བཟོས་པའི་ཟ་མ་སྣ་ཚོགས། བྱ་ཤ་ཕག་ཤ གཡས་དང་ཁྲག ཕྱེ་ཉོག སྲན་ཉོག རྒྱ་ཁོག་ཆེ་ཆུང་། ཀེའུ་ཚོད་དང་ཤ་ཚོད། ལ་ཕུག་གི་ཚོད་མ། བེ་ཤ་ཤ་མོ། འཐེན་ཐུག ཧྥིན་ཐང་། འབྲས་བརྔོས་མ། སྐམ་ཤ་དང་ལུག་ཤ་བཙོས་མ་སོགས་ཨ་མདོ་དང་ཁམས་པའི་ཁྱད་ཆོས་ལྡན་པའི་ཟས་སྣ་ཕུན་སུམ་ཚོགས་པ་ཡོད་ལ། བཏུང་བྱའི་སྐོར་ལའང་རྒུན་ཆང་དང་ཝུ་ཆང་། ནས་ཆང་། ཆང་དཀར། ནང་དུ་དབྱར་རྩྭ་དགུན་འབུ་སོགས་བསྲེས་པའི་ཁམས་གསོ་བྱེད་ཀྱི་ནུས་པ་ཁྱད་པར་ལྡན་པའི་ཆང་སྨན་གྱི་རིགས་མང་བོ་དང་། འོ་ཇ། དཀྲུག་ཇ། མངར་ཇ། འབྲི་ཞོ། སིལ་ཁུ་ལ་སོགས་པའང་ཡོད།
སེམས་ཀྱི་ཉི་ཟླའི་རང་བྱུང་མཛེས་ལྗོངས་ཀྱི་མཚར་སྡུག་ལ་ཆགས་ནས། མཐོང་བ་ཀུན་སྨོན་གྱི་ཡུལ་གྲུ་འདིར་ཕེབས་པའི་ཡུལ་སྐོར་ལྗོངས་རྒྱུ་བ་དང་ཕྱི་ནང་གི་རྒྱ་ཆེའི་སྐུ་མགྲོན་རྣམ་པ་ལགས། ཁྱེད་རང་རྡོ་མཁར་གནའ་གྲོང་དུ་རྒྱུ་དུས་སམ། ཡང་ན་ངལ་གསོའི་དུས་ཚོད་ཡོད་དུས། བརྩེ་སེམས་དང་དགའ་སྤྲོའི་འཁོལ་བའི་ངང་ནས་ལྷིང་འཇགས་ཀྱི་མ་ནི་རྡོ་འབུམ་ཟ་ཁང་དུ་ཕེབས་རྒྱུ་མ་བརྗེད། གནས་འདི་ནས་ཁྱོད་ཀྱིས་བོད་ཀྱི་སྲོལ་རྒྱུན་ཟས་རིགས་ཀྱི་དྭངས་མ་སྟེ། མངར་བའི་སྦྲང་དཀར་རྩམ་པ། ཞིམ་པའི་འོ་ཇ་དཀར་མོ། ནས་ཆང་བདུད་རྩི་སྔོན་མོ། རྒྱ་ཐུག་དགུ་སྣ་ཀུན་འཛོམས་སོགས་ལ་གང་འདོད་རོལ་ཆོག་པ་དང་། ང་ཚོའི་ལྷག་བསམ་རྣམ་པར་དག་པའི་ཞབས་ཞུ་དང་། སྲོལ་རྒྱུན་གྱི་བཟོ་རྩལ་ལས་ཐོན་པའི་བོད་ཟས་ཀྱིས་ཁྱོད་ཀྱི་དང་བ་འདྲེན་ཞིང་། ཁྱོད་ལ་བརྗེད་དཀའ་བའི་བག་ཆགས་ཟབ་མོ་ཞིག་ཅིས་ཀྱང་འཇོག་ངེས་ཡིན་ལ། འདི་གའི་སྦྱིན་བདག་བརྩོན་འགྲུས་དང་ཀུན་བཟང་ལགས་གཙོ་བྱས་པའི་ནང་མི་དང་ཞབས་ཞུ་བ་ཡོངས་ཀྱིས་སྐུ་མགྲོན་རྣམས་ཀྱི་སྤྲོ་གསེང་གི་དུས་སྐབས་བདེ་ཞིང་སྐྱིད་ལ། ལམ་བར་གང་རུང་དུ་བྱ་བ་ལམ་འགྲོ་ཡོང་བ་དང་། དུས་རྒྱུན་གྱི་འཚོ་བ་དང་ཕྱོགས་གང་ཅིར་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས་པ་ལགས།