ཡུན་ནན་བདེ་ཆེན་གྱིས་སྣོད་བཅུད་བཟང་པོར་བརྟེན་ནས་ཁུལ་སྤེལ་བ།

རྩོམ་པ་པོ།   མེད །  ཡིག་བསྒྱུར།       དུས་ཚོད།   2013-03-27   རྩོམ་ཁུངས།   

      སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བའི་འཕྲིན།  གློག་བརྙན 《ས་བབ་མཐོ་སར་བརྩེ་སེམས་བཅངས (པར་གཞི་གཉིས་པ)》 དེས་སེམས་ཀྱི་ཉི་ཟླའི་མཛེས་ལྗོངས་ཇི་མ་ཇི་བཞིན་མངོན་པ་སྟེ། ཡངས་ཤིང་རྒྱ་ཆེ་བའི་ནགས་ཚལ་དང་། དྭངས་གཙང་གི་མཚེའུ། སྔོ་བསངས་ཀྱི་ནམ་མཁའ་བཅས་མངོན་ཞིང་། གློག་བརྙན་པར་རྒྱག་སའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས “སྣོད་བཅུད་བཟང་པོར་བརྟེན་ནས་ཁུལ་སྤེལ་རྒྱུ” མཐའ་འཁྱོངས་བྱས་ཤིང་། མིག་སྔར་ནགས་ཚལ་ཁྱབ་ཚད་ 74% ཟིན་ཏེ་ཡུན་ནན་གྱི་ཁུལ་དང་གྲོང་ཁྱེར་ཁག་གི་ཨང་དང་པོར་སླེབས་ཡོད། སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན་བྱས་ནས་བདེ་ཆེན་ཁུལ་འདི་ཉིད་དཔལ་འབྱོར་འཕེལ་རྒྱས་དང་། སྣོད་བཅུད་ལེགས་གཏོང་། ཞིང་པ་འབབ་འཕར་ཡོང་བ་བཅས “གསུམ་ཁེའི” ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱུང་བ་དང་ལོ་མང་རིང་དཔལ་འབྱོར་སྤྱི་འབོར་ལོ་རེར་ཆ་སྙོམས20%ཡན་འཕར་ཡོད་པ་རེད།
      བདེ་ཆེན་ཁུལ་ནི་འཛམ་གླིང་གི་རང་བྱུང་ཤུལ་བཞག “གཙང་གསུམ་མཉམ་རྒྱུག” ཁུལ་དུ་གནས་ཡོད་ཅིང་། དེའི་སྣོད་བཅུད་ཁོར་ཡུག་གིས་འབྲི་ཆུའི་དབུས་སྨད་རྒྱུད་དང་ཨེ་ཤ་ཡའི་ཤར་ལྷོ་ས་ཁུལ་གྱི་སྐམ་སའི་རྒྱལ་ཁབ་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད། དེ་སྔོན་གྱི་བདེ་ཆེན་གྱི་ནོར་སྲིད་ཡོང་འབབ་མང་ཆེ་བ་རང་བྱུང་ནགས་ཚལ་གཅོད་པར་བརྟེན་དགོས་ཀྱི་ཡོད།

      1998 ལོར་རང་བྱུང་ནགས་ཚལ་གཅོད་འབྲེག་བྱེད་མི་ཆོག་པའི་གཏན་འབེབས་བྱས་རྗེས་བདེ་ཆེན་ཁུལ་གྱིས “སྣོད་བཅུད་བཟང་པོར་བརྟེན་ནས་ཁུལ་སྤེལ་བའི” འཕེལ་རྒྱས་ཀྱི་བསམ་ཕྱོགས་གཏན་ཁེལ་བྱས་ཏེ་རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་།ཤིང་འཛུགས་ནགས་གསོ།རི་བཀག་ནགས་གསོ།མི་བཟོས་རྩྭ་ར།འདམ་རྡོའི་ཆུ་རུད་བཅོས་སྒྲིག་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ནས“ཡུན་རིང་སྔོན་འགོག”དང་“ཡུན་རིང་བཅོས་སྒྲིག”བྱས་ཏེ་སྣོད་བཅུད་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད།
      དེང་གི་བདེ་ཆེན་དུ་ལོ་ལྟར་ནགས་ཕག་མཚོར་དགུན་སྐྱེལ་བྱེད་མཁན་བྱ་རིགས 37 ཡོད་པ་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་རྒྱུན་ཆད་མེད་པར་མང་དུ་སོང་ཡོད། ལོ་ 20 ལྷག་ཙམ་ནང་བདེ་ཆེན་ཁུལ་གྱིས་ཁ་བ་དཀར་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་། པོ་ཏ་མཚོ། ནགས་ཕག་མཚོ། ཧྭ་པ་གངས་རི་བཅས་གསུམ་པོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་འཛུགས་རྒྱུའི་འདུན་ཞུ་བྱས་པ་དང་པོ་ཏ་མཚོ་དང་ནགས་ཕག་མཚོ“རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་དཀར་ཆག་ནང”བཅུག་པ་རེད། ཉེ་བའི་ལོ 10 ལྷག་ཙམ་རིང་བདེ་ཆེན་དུ་སྲུང་སྐྱོབ་དང་གསར་སྤེལ་དང་སྣོད་བཅུད་ཡུལ་སྐོར་དང་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས། སྲུང་སྐྱོང་ཁུལ་དང་སྡེ་ཁུལ་མཉམ་དུ་དོ་དམ་བྱེད་པ་བཅས་ཀྱི་སེམས་ཀྱི་ཉི་ཟླའི་པོ་ཏ་མཚོའི་སྤྱི་གླིང་ཞིག་བསྐྲུན་པ་དང་དམངས་ཁྲོད་རྩ་འཛུགས་བཙུགས་ཏེ་ས་གནས་དེ་གའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱས་པའི་ནང་འཇོལ་གྱི་སྤྲེའུ་སྤུ་སེར་གྱི“སྡེ་ཁུལ་མཉམ་དུ་དོ་དམ”བྱ་ཐབས་ལ་རྒྱལ་སྤྱིའི་དོ་སྣང་བྱུང་ཡོད།
      བདེ་ཆེན་ཁུལ་གྱིས་ཁྲིམས་ལུགས་འཛུགས་སྐྱོང་བྱེད་པ་ནས་འགོ་བཙུགས་ཏེ་རྒྱུན་གཏན་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་བཙུགས་ཤིང་། 1998 ལོར 《ཁུལ་དེ་ཡོངས་ཀྱི་ས་ཁོངས་ནང་རྔོན་རྒྱག་མི་ཆོག་པའི་སྐོར་གྱི་བརྡ་ཐོ》 དང 《བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་ལ་སྲུང་སྐྱོབ་དང་དོ་དམ་བྱ་ཤུགས་ཆེ་རུ་གཏོང་བའི་བྱ་ཐབས》བཏོན་པ་རེད།2002ལོའི་ཟླ་3པར《འགྱིག་ཁུག་ཕྱིར་འཚོང་དང་བེད་སྤྱོད་བྱེད་མི་ཆོག་པའི་སྐོར་གྱི་བརྡ་ཐོ》བཏང་བས་རང་རྒྱལ་གྱི“འགྱིག་ཁུག་སྤྱོད་མི་ཆོག་པའི”ས་ཁུལ་སྔ་ཤོས་སུ་གྱུར་པ་རེད། ད་ཆ་མཛེས་སྡུག་ལྡན་པའི་སེམས་ཀྱི་ཉི་ཟླར་འགྱིག་ཤོག་བཟོ་གྲྭ་གཅིག་ཀྱང་མེད་པ་དང་སྒོ་བསྟེན་ཚོང་ཁང་དང་། ཚོང་ར། ཚོང་འདུས་ཁྲོམ་ར་བཅས་ཚང་མར་འཁོར་སྐྱོད་བེད་སྤྱོད་ཆོག་པའི་དངོས་ཟོག་ཉོ་སྒྲུབ་ཁུག་མ་དང་།རས་ཁུག་ཚལ་སློ་བཅས་སྤྱོད་ཀྱི་ཡོད་པ་རེད།
      བདེ་ཆེན་ཁུལ་གྱིས་རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་དུ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་དཔེ་སྟོན་ཁུལ་གཏོད་པའི་དམིགས་ཚད་བཙུགས་པ་དང་ཡུལ་སྐོར་ལས་རིགས་དང་སྐྱེ་དངོས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་རྐང་འཛིན་ཁེ་ལས་ཆེ་གྲས་གཉིས་ཡིན་པ་རེད།ད་ཆ་བདེ་ཆེན་རྫོང་དུ་སྟར་ཁ་གཙོ་བོར་བྱེད་པའི་ཁྱད་ལྡན་དཔལ་འབྱོར་ནགས་ཚལ་དང་། སྤུས་ལེགས་རྒུན་འབྲུམ།ཨ་རག  འབྲོག་ལས་ཐོན་རྫས།སྟར་ག་སོགས་མཚོན་བྱེད་དུ་བྱེད་པའི་ལས་སྣོན་ཞིབ་མོ་དང་དེ་བཞིན་བེ་ཤ་དང་རི་སྐྱེས་ཤ་མོའི་རིགས་ལས་སྣོན་བྱེད་པ་སོགས་ཀྱི་ཐོན་ལས་དར་ཡོད་དེ་སྣོད་བཅུད་ཐོན་ལས་འཛུགས་སྐྲུན་བྱས་ནས་ཞིང་པར་ཕན་པ་ཐོབ་པ་དང་།སེམས་ཀྱི་ཉི་ཟླ་རྫོང་གིས་དར་སྲིན་གསོ་རྒྱུ་ཁྱབ་གདལ་བཏང་བས་འབྲི་ཆུའི་གཙང་འགྲམ་གྱི་ཞིང་པས་དར་སྲིན་གསོས་པའི་ཡོང་འབབ་སྒོར་ཁྲི་བརྒྱ་ཕྲག་ལས་བརྒལ་ཡོད་ལ། འབའ་ལུང་རྫོང་དུ་སྟར་ག་དང་། སྐྱུ་རུ་ར། སྲན་དམར་སྒྲོན་ཤིང་། སྨན་རྒྱུ་སོགས་ཀྱི་རྟེན་གཞི་བཙུགས་ཡོད་པ་བཅས་རེད།