སྐེ་དཀྲིས་དམར་པོའི་ཨེ་འགོག་ཚོགས་ཆུང་གི་ལས་གཞིར་གོང་རིམ་གྱི་རྒྱབ་སྐྱོར་ཐོབ།

རྩོམ་པ་པོ།   ལྷ་མོ་ཚེ་སྐྱིད།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།


ཨེ་འགོག་གནས་ཚུལ་ལ་རྒྱུས་ལོན་བྱེད་པ།

        ཟླ3པའི་ཚེས21ཉིན་གྱི་སྔ་དྲོ། ཁྲུན་ཏུའུ་གྲོང་ཁྱེར་མི་རིགས་ཆོས་ལུགས་ལས་དོན་ཅུའུ་དང་ཁྲིན་ཏུའུ་གྲོང་ཁྱེར་འཕྲོད་བསྟེན་ཅུའུ། ཁྲིན་ཏུའུ་གྲོང་ཁྱེར་ནད་འགོག་ལྟེ་གནས། ཞིན་ཅང་དབྱི་ལི་གྲོང་ཁྱེར་ནད་འགོག་ལྟེ་གནས་བཅས་ཀྱི་འགོ་ཁྲིད་དང་ལས་སྒྲུབ་མི་སྣས་སྐེ་དཀྲིས་དམར་པོའི་ཨེ་འགོག་ཚོགས་ཆུང(རྗེས་ཕྱོགས་གངས་ལྷ་མེ་ཏོག་དགེ་ཕན་ཚོགས་པ་ཞེས་ཐོ་འགོད་བྱ་རྩིས་ཡོད་པ)གིས་སྤེལ་བའི“མཐུན་གྲོགས་སློབ་གསོ་བའི་ཨེ་ཙི་སྔོན་འགོག་ཤེས་བྱ་ཁྱབ་སྤེལ་ལས་གཞི”ཞེས་པར་གཟིགས་ཞིབ་གནང་བ་མ་ཟད་ལས་གཞིའི་གནས་འགར་བསྐྱོད་དེ་ཞིབ་ཕྲའི་གནས་ཚུལ་ལ་རྒྱུས་ལོན་བྱས།
        སྐེ་དཀྲིས་དམར་པོའི་ཨེ་འགོག་ཚོགས་ཆུང་ནི་ཀྲུང་གོའི་བོད་ཁུལ་གྱི་ཨེ་འགོག་བྱ་བ་སྒྲུབ་པའི་དམངས་ཁྲོད་ཚོགས་ཆུང་ཐོག་མ་ཡིན་ལ། ལས་གཞི་འདི་ནི་ཚོགས་ཆུང་འདིས་ལག་བསྟར་བྱས་པ་དང་། ཁ་གཏོད་ཡུལ་ནི་ཁྲིན་ཏུའུ་བོད་མིའི་འགྲོ་འོང་མི་འབོར་དང་། ནང་དོན་ཐད་ཁྲིན་ཏུའུ་བོད་མིའི་འགྲོ་འོང་མི་འབོར་ལ་ཨེ་འགོག་བདེ་ཐང་སློབ་གསོ་དང་འབྲེལ་ཡོད་ཤེས་བྱ་ཁྱབ་སྤེལ་བྱེད་པ་དེ་ཡིན།

        གཟིགས་ཞིབ་བྱེད་པའི་གོ་རིམ་ཁྲོད། ཨེ་འགོག་ཚོགས་ཆུང་གི་འགན་ཁུར་བ་ཆོས་དཔལ་བཟང་བོས་འབྲེལ་ཡོད་འགོ་ཁྲིད་སོ་སོར་བྱ་བའི་གནས་ཚུལ་ཡར་ཞུ་བྱས་ཤིང་། གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྱིས་ལས་གཞི་འདིར་གཟིགས་རྟོགས་དང་རྒྱབ་སྐྱོར་བྱེད་པའི་འདོད་མོས་བསྟན་པ་མ་ཟད་ལས་གཞིའི་ལས་སྒྲུབ་མི་སྣར་ཨེ་འགོག་བྱ་བ་སྤེལ་བའི་གོ་རིམ་ཁྲོད་འཕྲད་པའི་དཀའ་ངལ་སོགས་འདྲི་རྟོག་བྱས་པ་དང་།  གྲོང་ཁྱེར་གྱི་འགོ་ཁྲིད་པས་ཁྱད་དུ་བསྟན་རྒྱུར། སྐེ་དཀྲིས་དམར་པོའི་ཨེ་འགོག་ཚོགས་ཆུང་གིས་སྤེལ་བའི“ནད་བཅོས་སྐད་སྒྱུར་ཞབས་ཞུའི་ལས་གཞི”ལ་གསར་གཏོད་ཀྱི་ཆ་ཆེས་ཆེར་ལྡན་ཞིང་དེར་སློབ་སྦྱོང་དང་མུ་མཐུད་དུ་སྤེལ་འོས་པའི་སྤྱི་ཕན་ལས་གཞི་གལ་ཆེན་ཞིག་ཡིན་ལ། ལས་གཞི་འདིའི་རིགས་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་གཞན་དག་ལའང་སྤེལ་འོས་པར་བསམ་ཚུལ་བརྗོད་ཅིང་། ཚོགས་ཆུང་འདིའི་སྤྱི་ཕན་བྱ་བར་ཡིད་ཆེས་ཟབ་མོའི་ངང་འགོ་ཁྲིད་པས་ལས་གཞི་འདིར་མ་དངུལ་གྱི་རྒྱབ་སྐྱོར་བྱེད་པའི་འདོད་མོས་བསྟན་པ་རེད།