འཇང་རིགས་གཞོན་སྐྱེས་དབྱང་རོན་ཧོ་དང་ཁོའི་ལོང་བའི་ཕུར་མཉེད་ཁང་།

རྩོམ་པ་པོ།   ཚེ་རིང་དོན་གྲུབ།   ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླ་རྫོང་སན་པ་ཤང་པའེ་ཏིས་གྲོང་ཚོ་ཧྲོས་ཅ་ཧྲེའི་ན་གཞོན་ལོང་བ་དབྱང་རོན་ཧོ་ཡིས་ལོ་ངོ་དུ་མའི་རིང་དཀའ་སྤྱད་འབད་བརྩོན་གྱིས་ཕུར་མཉེད་ལག་རྩལ་སྦྱང་མཐར།  བདེ་ཆེན་ཁུལ་གྱི་ཆེས་ཐོག་མའི་ལོང་བའི་ཀྲུང་སྨན་ཕུར་མཉེད་ཁང་དེ་སྒོ་ཕྱེས་ཐུབ་པ་བྱུང་བ་རེད།  
        ད་ལོར་མི་ལོ 30 ལ་སོན་པའི་འཇང་རིགས་གཞོན་སྐྱེས་དབྱང་རོན་ཧོ་ཡིས།  དཀའ་བ་ཁྱད་དུ་བསལ་ནས་ཕུར་མཉེད་ལག་རྩལ་ལ་སྦྱང་བ་མཐར་ཕྱིན་བྱས་པས།  སེམས་ཀྱི་ཉི་ཟླ་རྫོང་དཀྱིལ་འཁོར་གྲོང་ཟུར་ནས་ལོང་བའི་ཕུར་མཉེད་ཁང་ཞིག་ཕྱེས་པ་དང་།  ཉེ་ཆར་ཕུར་མཉེད་བྱེད་པར་ཡོང་བའི་འགྲུལ་བ་རྒྱུན་མི་ཆད་པར་ཡོད།      

     གསར་འགོད་པ་ཁོའི་ཕུར་མཉེད་ཁང་ལ་ཐོན་དུས།  གདོང་ལ་འཛུམ་མདངས་ཀྱིས་འཁེངས་པའི་དབྱང་རོན་ཧོ་ཡིས་ཏག་ཏག་ནད་པའི་ལུས་པོར་ཕུར་མཉེད་བྱེད་བཞིན་པ་མཐོང་།  ལུས་ལ་ལྭ་བ་དཀར་པོ་ཞིག་གྱོ ན་པའི་དབྱང་རོན་ཧོ་ཡིས་མཚམས་རེར་ལག་པས་ཕུར་མཉེད་བྱེད་པ་དང་།   མཚམས་རེར་ལག་པས་རྡེབ་པ་དང་རྡུང་བར་བལྟས་ན།   ཁོའི་ལག་རྩལ་ཅུང་མཐོ་ལ།     ཤུགས་བཀོལ་བའང་རྒྱུན་ལྡན་ཡིན་པ་མ་ཟད།  སྐབས་རེར་ནད་པ་དང་གླེང་མོལ་བྱས་ནས་ལུས་པོའི་ཡན་ལག་གང་ཞིག་ན་མིན་འདྲི་བ་དང་།   ན་ཟུག་གི་འབྱུང་རྐྱེན་སྐོར་ལ་ཞིབ་ཏུ་འབྲེལ་འདྲིས་བྱེད་བཞིན་འདུག 
      ངོ་སྤྲོད་བྱས་ཚུལ་ལ་གཞིགས་ན།ལོ་ན 3 ལོན་མ་ཐག་པའི་སྐབས་དེར།  དབྱང་རོན་ཧོ་ལ་གློ་བུར་དུ་ཚ་བརྒྱབ་པ་དང་།  སྐབས་ཐོག་ཏུ་སྨན་བཅོས་བྱེད་པའི་ཆ་རྐྱེན་ཡང་མེད་སྟབས།  རིང་བོར་མ་སོང་བར་ཁོའི་མིག་གི་དབང་ནུས་རིམ་བཞིན་ཉམས་པ་དང་།  བྱིས་པ་གཞན་དང་འདྲ་བར་སློབ་གྲྭར་འགྲོ་བའི་གོ་སྐབས་ཀྱང་ཤོར་སོང་།  མི་ལོ 21 སོན་པའི་དུས་ལ་སླེབས་པ་ན།  སེམས་ཀྱི་ཉི་ཟླ་རྫོང་དབང་བོ་སྐྱོན་ཅན་མཐུན་ཚོགས་ཀྱི་རོགས་སྐྱོར་དང་།  ཁྱིམ་མིའི་བྱམས་བརྩེའི་དྲོད་ཁོལ་འོག  ཁུན་མིང་ལོང་བ་དང་ལྐུགས་པའི་སློབ་གྲྭར་འགྲོ་བའི་གོ་སྐབས་བྱུང་།  ལོ་ངོ 3 རིང་ཕུར་མཉེད་ཆེད་ལས་ཀྱི་གཞུང་ལུགས་དང་ལག་རྩལ་སྐོར་ལ་སློབ་སྦྱོང་བྱས་ཤིང་།   ལྷག་ཏུ་རང་ཉིད་ཀྱིས་བརྩོན་སེམས་བརྟན་པོའི་འོག   ཁོང་གི་ཕུར་མཉེད་ལག་རྩལ་ཡང་ཇེ་མཐོར་སོང་ནས།   དགེ་རྒན་རྣམ་པའི་གདེང་འཇོག་དང་ཁས་ལེན་ཐོབ་པ་དང་།  བདེ་བླག་ངང་མཐོ་རིམ་ཕུར་མཉེད་ལག་རྩལ་གྱི་ལས་ཞུགས་འཛིན་ཡིག་ལེན་ཐུབ་པ་བྱུང་།
      2005 ལོར་ཁུན་མིང་ལོང་བ་དང་ལྐུགས་པའི་སློབ་གྲྭ་ནས་མཐར་ཕྱིན་རྗེས།  སྔ་ཕྱིར་ཁུན་མིང་དང་པེ་ཅིང་སོགས་ཀྱི་ལོང་བའི་ཕུར་མཉེད་ཁང་ནས་ལོ་ངོ 7 རིང་གླ་བརྒྱབ་པ་རེད།   དུས་ཡུན་དེ་དག་གི་རིང་ལ།  ཁོའི་ལག་རྩལ་སྔར་ལས་ཇེ་མཐོར་སོང་བ་མ་ཟད།  གཞན་དང་ཅི་ལྟར་འབྲེལ་འདྲིས་བྱེད་པ་དང་།   སེམས་ཁམས་དང་གོ་རྟོགས་སོགས་ཀྱི་ཐད་ལའང་འགྱུར་བ་མང་བོ་བྱུང་།  
      2011 ལོའི་ཟླ 1 པོའི་ཚེས 3  ཉིན།  དབྱང་རོན་ཧོ་ཕྱིར་ཕ་ཡུལ་དུ་འབྱོར་བ་དང་།   བདེ་ཆེན་ཁུལ་དུ་ཚད་ལྡན་ལས་གཉེར་བྱེད་པའི་ལོང་བའི་ཕུར་མཉེད་ཁང་མེད་པ་རྟོགས་རྗེས།  ཁོང་གིས་གནས་ཚུལ་དེ་རང་གི་ཁྱིམ་མི་དང་གྲོགས་པོ།   ལྷག་ཏུ་སེམས་ཀྱི་ཉི་ཟླ་རྫོང་དབང་བོ་སྐྱོན་ཅན་མཐུན་ཚོགས་ལ་ཡར་ཞུ་བྱས།   ཡུན་རིང་མ་འགོར་བར་སེམས་ཀྱི་ཉི་ཟླ་རྫོང་དབང་བོ་སྐྱོན་ཅན་མཐུན་ཚོགས་ཀྱིས་ཁོ་ལ་རོགས་དངུལ་སྒོར་ཁྲི 2 སྤྲད་པ་དང་།  ཁྱིམ་མིས་ཁོ་ལ་ཁང་བ་གླ་བ་དང་།   ལས་གཉེར་འཛིན་ཡིག་སྒྲུབ་པ།  མལ་ཆས་དང་སྒྲིག་ཆས་ཉོ་བ་སོགས་ཀྱི་རོགས་རམ་བྱས་མཐར།  ད་ལོའི་ཟླ5བའི་ཚེས6ཉིན།  ཁོའི་“ཁམས་བདེ་ལོང་བའི་ཀྲུང་སྨན་ཕུར་མཉེད་ཁང་”དེ་སེམས་ཀྱི་ཉི་ཟླ་རྫོང་དཀྱིལ་འཁོར་གྲོང་ཟུར་ནས་དངོས་སུ་སྒོ་ཕྱེས་པ་རེད།  
         སྒོ་ཕྱེས་ནས་ཏག་ཏག་ཟླ 3 ལས་མ་འགོར་མོད།  ཡིན་ཡང་དེར་ཡོང་ནས་ཕུར་མཉེད་བྱེད་མཁན་འགྲུལ་པ་ཤིན་ཏུ་མང་།   ལོགས་ཤིག་ཏུ་ཕུར་མཉེད་བྱེད་བཞིན་པའི་རྒན་པ་ཧོ་ལགས་ཀྱིས་བཤད་དོན།  བདག་ལ་རྐེད་པ་དང་མགྲིན་པའི་ཚིགས་ན་བའི་ནད་ཡོད་པས།   སྨན་མང་བོ་འཐུང་ཡང་ཕན་མ་ཐོགས།   ད་ལོར་གྲོགས་པོའི་ངོ་སྤྲོད་བྱས་པ་བརྒྱུད།  དབྱང་རོན་ཧོ་ངོ་ཤེས་བྱུང་།  ཟླ་འགའི་རིང་ལ་ཕུར་མཉེད་བྱས་ནས།   ད་ལྟ་མངོན་སུམ་གྱིས་ཕན་པ་ཡོད་པ་དང་།  ཕུར་མཉེད་བྱས་ན་ལུས་པོར་གནོད་མི་བསྐྱལ་བ་དང་།         ཕུར་མཉེད་ཀྱི་རིན་གོང་ཡང་ཧ་ཅང་བདེ།   དབྱང་རོན་ཧོའི་ལག་རྩལ་མཐོ་བ་མ་ཟད།  མིའི་གཤིས་ཀའང་ཤིན་ཏུ་འཇམ་པས།  འདིར་ཡོང་མཁན་གྱི་འགྲུལ་བ་ཇེ་མང་ནས་ཇེ་མང་རེད།  
         ད་ལྟ་ཁོའི་ཕུར་མཉེད་ཁང་དུ་ཡོང་བའི་འགྲུལ་བར།  ཆ་སྙོམས་བྱས་ན་ཉིན་རེར་མི 20 ལྷག་ཡོད།  ཁོ་གཅིག་པུ་ཡིན་ན་བྲེལ་བ་ཆེ་དྲགས་ལ།  འགྲུལ་བས་ཀྱང་ཡུན་རིང་སྒུག་དགོས་པས།  ཁོས་སྔ་ཕྱིར་ཝུན་ཧྲན་དང་།  འབའ་ལུང་།  འཇོལ་བཅས་རྫོང་ཁག་ནས་ལོང་བའི་ལག་རྩལ་བ་མི3གདན་འདྲེན་ཞུས་ཤིང་།  ཁོ་ཚོའི་ཟ་འཐུང་ཐག་གཅོད་པ་ལས།  ཟླ་རེ་ལ་མི་རེར་སྒོར་1000ལྷག་གི་གླ་ཕོགས་ཡང་སྤྲོད་བཞིན་ཡོད།  
         དབྱང་རོན་ཧོ་ཡིས་ལྷག་བསམ་རྣམ་དག་གིས་བཤད་དོན།  ལོ་ངོ་འགའི་བརྩོན་པ་བརྒྱུད་མཐར།   རང་ཉིད་སྦྱིན་བདག་བྱས་ཏེ་ཕུར་མཉེད་ཁང་ཞིག་ཕྱེ་བའི་ཕུགས་འདུན་དེ་མངོན་འགྱུར་བྱུང་བ་དང་།  རང་གི་འཚོ་བ་ཡང་ཇེ་བཟང་ལ་སོང་བ་མ་ཟད།  ལག་རྩལ་འདིས་གཞན་མིའི་ནད་ཀྱི་སྡུག་བསྔལ་སེལ་ནས།  གཞན་ལ་བདེ་ཐང་བསྐྱལ་ཐུབ་པས།  དེ་ནི་བདག་ཆེས་དགའ་སྤྲོ་སྐྱེས་ཆོག་ས་ཞིག་ཡིན་ལ།  དེ་ལས་ཀྱང་ལོང་བ་གྲོགས་པོ་འགའ་ལ་སློབ་སྦྱོང་དང་།  ལས་ཀ་བྱེད་པའི་གོ་སྐབས་ཤིག་སྦྱིན་ཡོད་པས།   ངའི་སེམས་ནང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ཟེར།