མངའ་མཛད་བྱུང་བའི་དུས་རབས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།    ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།

        དབུ་ལ་བོན་ལུགས་ཀྱི་མཆོད་བརྗོད་ཡོད་པ་དེ་དག་དང༌།      མཇུག་གི་མཛད་བྱང་རྣམས་མི་མངོན་པའི་དབྱིངས་སུ་རྒྱས་བཏབ་སྟེ་གསོ་རིག་རྒྱུད་བཞི་ཞེས་མཚན་གསོལ་ནས་སྨན་པ་རྣམས་ཀྱི་གཟིགས་སྟེགས་སུ་གནང་ཡོད་པར་ངེས་ཏེ།       གསོ་རིག་རྒྱུད་བཞིའི་མཇུག་ཏུ་རྩོམ་པ་པོ་གང་ཡིན་དངོས་སུ་བྲིས་པ་ཞིག་མེད་པའི་ཕྱིར་དང༌།        སྐབས་དེར་བོན་ལ་བོད་གཞུང་གི་བཀའ་ཡི་རྡུང་རྡེག་ཐེབས་བཞིན་པའི་དུས་སྐབས་དང་འཁེལ་ཡོད་པའི་ཕྱིར་རོ།   གཞན་ཡང་རབ་བྱུང་བཅུ་བཞི་པའི་ནང་དུ་འཁྲུངས་པའི་བོན་པོའི་བླ་མ་ཉི་མ་བསྟན་འཛིན་གྱིས་མཛད་པའི་བོན་གྱི་བཀའ་བསྟན་དཀར་ཆག》ལས།    བོད་ཀྱི་གསོ་རིག་རྒྱུད་བཞི་》ནི།    བོན་གྱི་གསོ་རིག་《འབུམ་བཞི་》ཅེས་པ་ལས་བྱུང་བ་ཞིག་ཡིན་ཞེས་གསུངས་ཡོད་པའི་ཕྱིར།      །  གཞུང་དེ་ཉིད་ཀྱི་མཇུག་བྱང་དུའང༌།      “བདུད་རྩི་སྨན་གྱི་མདོ་དགུའི་རྒྱུད་རིམ་ནི།   སངས་རྒྱས་བསྟན་པའི་གཙོ་བོ་དཔྱད་བུ་ཁྲི་ཤེས་ལ་གསུངས།      དེས་དམུ་རྩ་ཏྲ་ཧེ་ལ་བཤད།      དེས་གསེར་ཐོག་ལྕེ་འབྱམས་ལ་བཤད།    དེ་ནས་སྟོང་རྒྱུད་མཐུ་ཆེན་ལ་བརྒྱུད།      དེ་ནས་གྱིམ་ཚ་རྨ་ཆུང་ལ་བརྒྱུད།   དེ་ནས་བན་དེ་མི་བདུན་ལ་བརྒྱུད་དེ་ཆོས་སུ་བསྒྱུར་སྐབས།     དཔེ་ཆ་མེ་ལ་བསྲེག་པའི་གྲབས་བྱས་དུས།     བོན་པོ་མི་བདུན་གྱིས་ཁྱེར་ནས་གཙང་སྟོད་བྱེ་མ་གཡུང་དྲུང་གི་གསང་ཕུག་ཏུ་སྦས།      ཕྱིས་དུས་ལ་བབ་ཙམ་ན།    གཙང་གི་གཤེན་པོ་བུ་འཚོ་སྲིད་པའི་རྒྱལ་པོ་ཞེས་པས་གཏེར་ཞལ་ཕྱེས་ནས།      རྨེའུ་མཁས་པ་དཔལ་ཆེན་ལ་གདམས་པའོ།      །  བསྟན་པའི་གསལ་བྱེད་ཁམ་ཡུལ་རྐ་གྱི་བཙུན་པ་དྲུང་མུ་ཉི་ཝེར་གྱིས་བགྱིས་པ་སརྦ་ཛཡ་ནྟུ།   །  ”
ཞེས་གསལ་བ་ལ་བརྟགས་ན་ཡང་དེ་བཞིན་དུ་མཐོང་སྟེ།      བན་བོན་འགལ་བའི་སྐབས་སུ་དཔེ་ཆ་བརླག་གྲབས་ཀྱི་ཉེན་ཁ་བྱུང་བ་དང༌།      གཙང་སྟོད་བྱེ་མ་གཡུང་དྲུང་གི་བྲག་ཕུག་ཏུ་སྦས་པ་གསལ་བ་འདི་དག་གིས་སྐབས་དེའི་དུས་ཟིང་གི་རྣམ་པ་རགས་ཙམ་ཤེས་ཐུབ།      བོད་ཀྱི་གསོ་རིག་རྒྱུད་བཞི་ཞེས་ཡོངས་སུ་གྲགས་པའི་གཞུང་ཆེན་པོ་འདི་ལ།     སྔོན་གྱི་མཁས་པ་ཁ་ཅིག་གིས་བཀའ་ཡིན་པར་བཤད།     ཁ་ཅིག་གིས་གཏེར་མ་ཡིན་པར་བཤད།     མང་ཤོས་ཤིག་གིས་གཡུ་ཐོག་པའི་བསྟན་བཅོས་ཡིན་པར་བཤད་པ་ཙམ་ལས་མཐའ་གཅིག་ཏུ་རྩོམ་པ་པོ་སུ་ཡིན་པའི་ངོས་ཟིན་གསལ་པོ་ཞིག་མ་རྙེད་པའི་རྒྱུ་མཚན་ཡང་འདི་ཙམ་དུ་ཟད།     སྔོན་གྱི་དུས་སུ་དཔེ་ཆ་འདི་དག་ཤིན་ཏུ་མཐོང་དཀའ་བ་ཞིག་ཡིན་པའི་ཤེས་བྱེད་གཞན་ཞིག་ནི།     ཐུ་བཀྭན་ཆོས་ཀྱི་ཉི་མས་བོན་གྱི་ལྟ་སྒོམ་སྤྱོད་གསུམ་གྱི་གཞུང་ལུགས་རྣམས་ངོ་སྤྲོད་གནང་བའི་སྐབས་སུ་ལྟ་བའི་སྐོར་ལ།      “རྫོགས་པ་རིན་ཆེན་གསེར་གྱི་ཕྲེང་བ།      རྩ་འབྲེལ་རླུང་གི་སྤུ་གྲི།     མན་ངག་འཁོར་ལོ་འོད་གསལ་སོགས་དང༌།       སྒོམ་པའི་གཞུང༌།   ཕུང་པོ་རང་འགྱུར་ཐིག་ལེ་དགུ་སྐོར།       གསེར་ཐིག  ལུས་སེམས་ཉམས་མྱོང༌།  སེམས་ལུང་གི་ཁྲི་དཀར་པོ་སོགས་དང༌།        སྤྱོད་པའི་སྐོར་ལ།   ཁམས་བརྒྱད་གཏན་ལ་ཕབ་པའི་འབུམ།       ཡེ་གཤེན་བཀོད་པ་དོན་གྱི་འབུམ།   གཡུང་དྲུང་ས་བཅུ་ལམ་གྱི་འབུམ།   རྣམ་དག་ཚུལ་ཁྲིམས་འདུལ་བའི་འབུམ།      དགེ་རྒྱས་ཚོགས་ཆེན་རྫོགས་པའི་འབུམ།     གཞན་ཡང་ནད་འབུམ་ནག་པོ།     ཚེ་འབུམ་ཁྲ་བོ།   སྨན་འབུམ་དཀར་པོ།    གཏོ་འབུམ་ནག་པོ་སོགས་དང༌།  ”    ཞེས་སྨན་གྱི་གཞུང་ལུགས་དེ་དག་ལྟ་སྒོམ་སྤྱོད་གསུམ་གྱི་ནང་ཚན་སྤྱོད་པ་བསྟན་པའི་གཞུང་དུ་ངོས་འཛིན་གནང་ཡོད་པ་ནི།     ལོ་རྒྱུས་ཀྱི་དེབ་ཐེར་ཁག་ན་འཁོད་པའི་དཔེ་མིང་ཙམ་ལ་བརྟེན་ནས་བོན་ལ་ཞིབ་འཇུག་གནང་བ་ཙམ་ལས།   བོན་གྱི་རིག་གཞུང་དངོས་དེ་དག་མ་མཐོང་བའི་རྟགས་དང༌།     ཡང་ཐུ་བཀྭན་གྲུབ་མཐས་ལས།     “ཁོ་བོས་མཐོང་བའི་བོན་གཞུང་ཞིག་ན་འདི་ལྟར་སྣང་སྟེ།    ”  ཞེས་ལུང་དྲངས་པ་ལ་བརྟགས་ན་སྐབས་དེར་བོན་གྱི་རིག་གཞུང་རྣམས་ཧ་ཅང་དཀོན་པོ་ཞིག་ཏུ་ཆགས་པར་ངེས།     དེ་ལྟར་གཤེན་རབ་མི་བོ་ཆེའི་གདམས་ངག་གི་རྒྱུན།    དཔྱད་བུ་ཁྲི་ཤེས་སོགས་ལས་བརྒྱུད་དེ་རིམ་བཞིན་དར་སྤེལ་བྱུང་བའི་གསོ་རིག་གི་གཞུང་འབུམ་བཞི་རུ་གྲགས་པ་ལས།  《ཐུགས་འབུམ་མཁའ་སྔོན་》ཞེས་པའི་ཁ་བྱང་ཆ་ཚང་ལ།   བདུད་རྩི་སྨན་གྱི་མདོ་དགུ་ལས་གསོ་རིག་རྩ་བ་ཐུགས་འབུམ་མཁའ་སྔོན་བཞུགས་པ་དབུ་ཕྱོགས་ལེགས་》ཞེས་ཤོག་ལྡེའུབས་བཅུ་གསུམ་ཡོད་པ་དེའི་ནང་དོན་གཙོ་བོ་ནི་《རྩ་རྒྱུད་དང་ཕལ་ཆེར་གཅིག་པར་སྣང༌།  སྨན་འབུམ་དཀར་པོ་》ཞེས་པའི་ཁ་བྱང་ཆ་ཚང་ལ།  《སྡུག་བསྔལ་ཞི་བྱེད་གསོ་རིག་སྨན་འབུམ་དཀར་པོ་》ཞེས་ཤོག་ལྡེའུབས་བརྒྱ་དང་བཅོ་བརྒྱད་ཡོད་པ་དེའི་ནང་དོན་གཙོ་བོ་ནི་《ཕྱི་མ་རྒྱུད་》དང་ཕལ་ཆེར་གཅིག་པར་སྣང༌།   《དཔྱད་འབུམ་ཁྲ་མོ་》ཞེས་པའི་ཁ་བྱང་ཆ་ཚང་ལ་《སྡུག་བསྔལ་ཞི་བྱེད་གསོ་དཔྱོད་དཔྱད་འབུམ་ཁྲ་མོ་ཞེས་ཤོག་ལྡེའུབས་བདུན་བཅུ་དོན་གཅིག་ཡོད་པ་དེའི་ནང་དོན་གཙོ་བོ་ནི་《བཤད་རྒྱུད་》དང་ཕལ་ཆེར་གཅིག་པར་སྣང༌། 
      《ནད་འབུམ་ནག་པོ་》ཞེས་པའི་ཁ་བྱང་ཆ་ཚང་ལ་《སྡུག་བསྔལ་ཞི་བྱེད་གསོ་དཔྱད་ནད་འབུམ་ནག་པོ་ཞེས་བྱ་བ་》ཞེས་ཤོག་ལྡེའུབས་བཞི་བརྒྱ་ཞེ་བརྒྱད་ཡོད་པ་དེའི་ནང་དོན་གཙོ་བོ་ནི་《མན་ངག་རྒྱུད་》དང་ཕལ་ཆེར་གཅིག་པར་སྣང༌།   དེ་ལྟར་སྨན་འབུམ་བཞི་པོ་དེ་དག་གོང་གསལ་བརྒྱུད་རིམ་བཤད་པའི་མཛད་བྱང་ལ་བརྟགས་ན་སྟོན་པ་གཤེན་རབ་ཀྱིས་གསུངས་པའི་གསོ་རིག་གི་གཞུང་ལ་དཔྱད་བུ་ཁྲི་ཤེས་སོགས་རྗེས་འཇུག་རྣམས་ཀྱིས་ཁ་སྣོན་དང་རྒྱས་སྤྲོས་ཅི་རིགས་ཤིག་བྱས་ཡོད་པ་འདྲ    གང་ལྟར་ཡང་རྒྱལ་པོ་གཉའ་ཁྲི་བཙན་པོའི་གོང་རོལ།    རང་རེ་བོད་ཀྱི་ཡུལ་དུ་མི་ཡི་ལུས་ཁམས་བདེ་ཐང་དང༌།     ནད་རིགས་འགོག་བཅོས་བྱེད་ཐབས་སོགས་ཀྱི་ཤེས་རིག་གི་ཚད་གཞི་མཐོན་པོར་ཡོད་པ་ནི།     ནད་གཞི་བརྟག་ཐབས་དང༌།   ནད་བཅོས་ཚུལ།      སྨན་རྫས་ངོས་འཛིན་སྐོར་གྱི་གཞུང་ལུགས་ལོ་རྒྱུས་དང་ལྡན་པའི་མཛད་བྱང་ཅན་གྱི་དཔེ་རྙིང་མངོན་སུམ་མཐོང་རྒྱུ་ཡོད་པ་འདི་ལས་ལྷག་པའི་དཔང་པོ་ཞིག་གང་ཡོད།        དེས་ན་ནད་ཀྱི་རྒྱུ་རྐྱེན།     བརྟག་ཐབས།   བཅོས་ཚུལ་སོགས་ཆ་ཚང་བ་ཞིག་བསྟན་ཡོད་པ་མ་ཟད།      ལྷག་པར་དུ་སྨན་རྫས་ཀྱི་རིགས་མི་འདྲ་བ་སུམ་བརྒྱ་ལྷག་ཙམ་ཞིག་གི་རོ་ནུས་ཞུ་རྗེས་བཅས་ཀྱི་དབྱེ་བ་གསལ་པོར་ཕྱེས་ཏེ།    བེད་སྤྱོད་བྱེད་ཐུབ་པར་བྱུང་ཡོད་པའི་ལོ་རྒྱུས་དང་ལྡན་པའི་སྨན་གཞུང་འདི་ནི།     ཆོས་རྒྱལ་སྲོང་བཙན་སྒམ་པོའི་གོང་དུ་གནའ་བོའི་བོད་མི་རྣམས་ལ་ནད་ཀྱིས་གཙེས་ཚེའཆི་བ་ཁོ་ནར་སྒུག་སྟེ་སྡོད་པའི་དུད་འགྲོ་ནང་བཞིན་གྱི་གླེན་ལྐུགས་ཡིན་པར་འཛིན་པའི་ཕྱོགས་རིས་ཅན་གྱི་མཁྲིས་ནད་ཀྱིས་ཐེབས་པས་དུང་དཀར་པོ་སེར་པོར་མཐོང་བ་ལྟ་བུའི་སྣང་ཚུལ་དེ་ཉིད་སྦྱོང་བར་བྱེད་པ་ལ།      ཨ་རུ་གསེར་བཤལ་གྱི་འཕྲུལ་འཁོར་ལྟ་བུ་ཞིག་ཏུ་སྣང་བས་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གནང་བའི་མཁས་པ་སྤྱི་དང༌།     ལྷག་པར་དུ་དེང་རབས་གཞོན་ནུ་རྣམས་ཀྱིས་ཞིབ་འཇུག་དང་དོ་སྣང་བྱེད་འོས་པ་ཞིག་རེད། 
སྨྲས་པ།   །     
སློག་པའི་ཐུལ་པ་རེ་བའི་སྦྲ་གུར་དང༌།   ། 
རྐང་གསུམ་ཐབ་དང་རྫ་མའི་སྣོད་སྤྱད་སོགས།   ། 
གང་ལ་གང་མཁོ་རང་གིས་སྐྲུན་ནུས་པའི།    ། 
གནའ་མིའི་བོད་ཀྱི་བློ་རིག་རྩལ་དེ་རྨད།   ། 
རྒྱལ་ཕྲན་འཁྲུག་པ་གཉེན་གྱི་འདུན་མས་སྡུམ།   ། 
འདུ་བ་འཁྲུགས་པ་སྨན་གྱི་སྦྱོར་བས་བཅོས།    ། 
སྡེ་བརྒྱད་འཁྲུག་པ་གཏོ་མདོས་ཡས་ཀྱིས་གསོས།   ། 
འཁྲུགས་པའི་གཉེན་པོ་གཤེན་རབ་མི་བོ་མཆོག  ། 
ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།    །