མངའ་མཛད་བྱུང་བའི་དུས་རབས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།    ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།

        5.   སྣང་མཐོང་རྩིས་ཀྱི་སྐོར།   སྤྱིར་རྩིས་ཞེས་པའི་གོ་དོན་དེ་མོ་ལུང་དང་གྲངས་རྩིས་ཙམ་ལ་མི་སེམས་པར།      བྱ་དངོས་ཐམས་ཅད་ལ་དཔྱད་པ་འཇུག་པའི་ཐབས་ཀྱི་རིག་པ་ཞིག་ལ་གོ་དགོས་ཏེ།      དཔེར་ན།   བླ་མས་ཆོས་གསུངས་རྩིས།   དཔོན་པོས་བཀའ་གནང་བརྩིས།   ཕྱུག་པོས་ནོར་བསགས་རྩིས།    དབུལ་པོས་ལྟོ་སློང་རྩིས་སོགས་བྱ་བ་ཆེ་ཕྲ་གང་འདྲ་ཞིག་བྱེད་དགོས་ཀྱང་སོ་སོའི་འོས་བབ་དང་བསྟུན་པའི་ཁོག་རྩིས་རེ་རྒྱག་གིན་ཡོད་པ་དེ་རེད། 
        འདིར་སྣང་མཐོང་རྩིས་ཀྱི་རིག་པ་ཞེས་པ་དེ་ནི་གཤེན་རབ་མི་བོ་ཆེས།     གཙུག་ལག་རྩིས་ཀྱི་བོན་སྒོ་སྟེ།      གབ་རྩེ་འཕྲུལ་གྱི་མེ་ལོང༌།   སྤར་ཁ་སྨེ་བའི་གླིང་སྐོར།    འབྱུང་བ་དུས་ཀྱི་འཁོར་ལོ།     ཇུ་ཞག་རྟེན་འབྲེལ་ལས་རྩིས་རྣམས་རང་གི་སྲས་འཕྲུལ་བུ་ཆུང་སོགས་ཀྱིས་ཞུས་པའི་ངོར་གསུངས།     དེས་ན་གཤེན་རབ་མི་བོ་ཆེས་སྣོད་བཅུད་ཀྱི་ཁམས་རྣམས་ལ་བརྟགས་ནས་དངོས་པོ་ཐམས་ཅད་སྐྱེད་བྱེད་ཀྱི་རྒྱུའི་གཙོ་བོ་གཟུགས་ཀྱི་ཆུང་ཐ་ཕྲ་རབ་ཀྱི་རྡུལ་ཡོད་པ་ཤེས་རྟོགས་བྱུང་སྟེ།     དེ་ལ་བྱེད་ལས་ཀྱི་ཆ་ནས་འབྱུང་བ་ཞེས་པ་དང༌།     རིགས་མི་འདྲ་བ་དབྱེ་བའི་ཆ་ནས་ས་ཆུ་མེ་རླུང་ཞེས་མིང་བཏགས།    སྤྱི་ལོའི་སྔོན་གྱི་1557ལོར་གངས་ཏི་སེའི་ནུབ་ཕྱོགས་སུ་རྒོད་རྗེ་ཀོང་ཙེ་རྒྱ་ཡི་ཡུལ་དུ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་འཁྲུངས་པ་དང༌།     དེས་རྩིས་དང་།     གཏོ་མདོས་ཡས་གླུད་སྐོར་གྱི་ཡིག་ཆ་མང་པོར་བཟོས་ཤིང་ཕྱག་ལེན་གྱི་སྲོལ་གཏོད་གནང་པ་དེས།      དེའི་སྐབས་སུ་རྩིས་དང་གཏོ་མདོས་སྐོར་དར་རྒྱས་ཆེན་པོ་བྱུང་ཡོད།       འབྱུང་རྩིས་ནི་གཏོ་མདོས་ཡས་གླུད་རྣམས་ཀྱི་བསམ་བློའི་འབྱུང་ཁུངས་ཡིན་ལ།     དེའི་ནང་དོན་གཙོ་བོ་ནི།   འབྱུང་བ་སོ་སོའི་བྱེད་ལས་ལ་བརྟགས་ནས།   ས་ཡི་ཁམས་ཀྱིས་འགྲུབ་བྱེད་ཀྱི་རྒྱུ་བྱེད་པ་དང༌།     ཆུ་ཡི་ཁམས་ཀྱིས་གཅིག་ཏུ་སྡུད་པར་བྱེད།     མེ་ཡི་ཁམས་ཀྱིས་སྨིན་པར་བྱེད།     རླུང་གི་ཁམས་ཀྱིས་འཕེལ་བར་བྱེད།      འབྱུང་བ་དེ་དག་ཕན་ཚུན་ཆ་སྙོམས་ཤིང་རྣམ་པ་ལུགས་འབྱུང་གི་ཚུལ་དུ་བྱུང་བ་ན།     སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་སྐྱེད་པར་བཤད་དེ།     འབྱུང་བ་ལྔའི་སྙིང་པོ་ལས་བྱུང་བའི་སྒོ་ང་ཆེན་པོ་གཅིག་བྱུང་ཡོད་པ་དེ་ལས་སྣོད་ཀྱི་འཇིག་རྟེན་དང༌།     བཅུད་ཀྱི་སེམས་ཅན་རྣམས་ཐོག་མར་གྲོལ་ཚུལ་གསུངས་ཡོད་པ་འདི་ནི་སྲོག་ཆགས་ཀྱི་རིགས་ཐོག་མར་ཇི་ལྟར་བྱུང་ཡོད་པར་དཔྱད་པའི་སྡོམ་ཚིག་ཅིག་རེད།       འབྱུང་ཁམས་འཕྲོད་སྦྱོར་གྱི་བརྟག་ཐབས་ལའང༌།         མ་བུ་དགྲ་གྲོགས་ཀྱི་སྐོར་འགོ་ཞེས་དཔེའི་མིང་གིས་དོན་གསལ་བར་བྱས་པ་སྟེ།     གཤེན་རབ་མི་བོ་ཆེའི་སྲས་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཀྱིས་ཡབ་ཀྱི་གདམས་ངག་རྣམས་ཟིན་བྲིས་སུ་བཏབ་པའི་《སྡུག་བསྔལ་ཞི་བྱེད་གསོ་རིག་སྨན་འབུམ་དཀར་པོ་》ཡིག་རྙིང་བྲིས་མའི་ལྡེའུབས་8པའི་ཉིན་ངོས་ཕྲེང་3་པ་ལས།   “ཤིང་མེ་ས་ལྕགས་ཆུ་དང་ལྔ་ཡིན་ཏེ།   །  མར་བལྟས་མ་ལ་ཡར་བལྟས་བུ་ཡིན་ཏེ།    །  ཚ་བོ་གྲོགས་ལ་ཕྱི་མོ་དགྲ།   །  འབྱུང་བ་མ་བུ་དགྲ་གྲོགས་བརྟགས་ལ་བརྩི།  ”   ཞེས་སོགས་གསུངས་ཡོད་པ་འདི་དག་རྒྱུ་མཚན་དང་བཅས་པའི་སྒོ་ནས་གསུངས་པ་ཞིག་རེད།     དེ་ལྟར་འབྱུང་བའི་ཁམས་ལས་འཕྲོས་ཏེ་རྩིས་ཀྱི་སྐོར་འགོ་སྣ་ཚོགས་པ་ཞིག་བྱུང་ཡོད་པ་དག་ལས།     
གབ་རྩེ་འཕྲུལ་གྱི་མེ་ལོང་ནི།   ལོ་གཅིག་ལ་དབང་བའི་ལོ་ཟླ་ཞག་དུས་ལ་དབང་བྱེད་པའི་ལྷ་ཀླུ་ས་བདག་ལ་སོགས་པ་ཐུན་མོང་གི་སྣང་ངོར་མངོན་དུ་མ་གྱུར་པ་རྣམས།    གནས་པའི་ཡུལ།     བགྲོད་པའི་ལམ།     རྒྱུ་བའི་དུས་ལ་སོགས་པའི་གནད་གསང་རྣམས་གསལ་བར་སྟོན་པར་བྱེད་པའི་རྩིས་ཀྱི་རིག་པ་དེ་དག་ལ་ཟེར།      
        སྤར་ཁ་སྨེ་བའི་གླིང་སྐོར་ཞེས་པ་ནི།     སྲིད་པ་འཇིག་རྟེན་འདི་ཉིད་མཚོན་བྱེད་དུ་ལིང་ཚེ་དགུའི་ཁོངས་སུ་སྨེ་བ་དགུ་བཀོད་པ་དང༌།      ཕྱོགས་མཚམས་བརྒྱད་དུ་སྤར་ཁ་བརྒྱད་བཀོད་དེ་ལོ་ཟླ་ཞག་དུས་དང༌།        བརྩི་བྱའི་ཁམས་རྣམས་ཕན་ཚུན་སྦྱར་ཏེ་ལེགས་ཉེས་བླང་དོར་གྱི་འབྲས་བུ་སྟོན་པའི་རིག་པ་ཞིག་ལ་ཟེར།       
        འབྱུང་བ་དུས་ཀྱི་འཁོར་ལོ་ཞེས་པ་ནི།      འབྱུང་བའི་ཁམས་དང་འབྲེལ་བའི་ལོ་སྐོར་བཅུ་གཉིས་དང༌།     ནམ་ཟླ་དུས་བཞི།     གཟའ་སྐར་གྱི་གནས་སྟངས་སོགས་ལ་བརྟགས་ནས་ཕྱི་རོལ་ཡུལ་གྱི་འགྱུར་བ་རྣམས་རྟོགས་པར་བྱེད་ཅིང་དེ་ལ་བརྟེན་ནས་སོ་ནམ་གྱི་ལས་བྱེད་པ་དང༌།     ནང་བཅུད་སེམས་ཅན་གྱི་ཁམས་ལ་འདུ་བ་འཕེལ་ཟད་འཁྲུགས་ཀྱི་ཚུལ་རྣམས་རྟོགས་པར་བྱེད་ཅིང་དེ་ལ་བརྟེན་ནས་གསོ་བར་བྱེད་པའི་གཉེན་པོའི་ཐབས་སྟོན་པ་སྟེ།      མདོར་ན་སྣོད་བཅུད་ཀྱི་འབྱུང་ཁམས་རྣམས་ཕན་ཚུན་འཕྲོད་སྦྱོར་མི་འདྲ་བའི་དབང་གིས་ལེགས་ཉེས་ཀྱི་འབྲས་བུ་ཅི་རིགས་ཤིག་འབྱིན་ཐུབ་ཀྱི་ཡོད་པ་སྟོན་པའི་ཤེས་རིག་ཅིག་རེད།        
ཇུ་ཞག་རྟེན་འབྲེལ་གྱི་རྩིས་ཞེས་པ་ནི།     མི་རྣམས་ཐོག་མར་འཇིག་རྟེན་འདིར་སྐྱེ་བར་སྐབས་ཀྱི་ལོ་ཟླ་ཞག་དུས་ཀྱི་འབྱུང་ཁམས་སོ་སོའི་གནས་ལུགས་དེ་ལ་བརྟེན་ནས་ཚེ་འདིར་ལེགས་ཉེས་ཀྱི་རྐྱེན་ཅི་དང་ཅི་ཞིག་ཡོད་པ་སྟོན་པ་སྟེ་ཚེ་རབས་ལས་རྩིས་དང༌།     སོ་སོའི་འབྱུང་ཁམས་དང་ལོ་རེ་བཞིན་གྱི་གནམ་ལོའི་འབྱུང་ཁམས་གཉིས་འཕྲོད་སྦྱོར་ལ་བརྟེན་ནས་ལོ་གཅིག་གི་རིང་ལ་ལེགས་ཉེས་ཅི་དང་ཅི་ཡོད་པར་སྟོན་པ་སྟེ་ཀེགས་རྩིས་དང༌།    ཕོ་མོ་གཉིས་ཀྱི་སྲོག་ལུས་དབང་ཀླུང་སོགས་ཀྱི་འབྱུང་ཁམས་རྣམས་ཕན་ཚུན་འཕྲོད་སྦྱོར་ལ་བརྟེན་ནས་ལེགས་ཉེས་ཅི་དང་ཅི་ཞིག་ཡོད་པར་སྟོན་པ་བག་གཉེན་གྱི་རྩིས་དང༌།    གཤིན་པོའི་ཁམས་དང་ཤི་དུས་ཀྱི་ལོ་ཟླ་ཞག་དུས་གཟའ་སྐར་སོགས་ཀྱི་འབྱུང་ཁམས་འཕྲོད་སྦྱོར་ལ་བརྟེན་ནས་ལེགས་ཉེས་ཅི་དང་ཅི་ཞིག་ཡོད་པར་སྟོན་པ་གཤིན་རྩིས་བཅས་ལ་ཟེར། 
        6. ནད་གསོ་སྨན་གྱི་སྐོར།       སྟོན་པ་གཤེན་རབ་མི་བོ་ཆེ་མ་བྱོན་པའི་གོང་དེར་མི་ལོ་ཁྲི་ཕྲག་མང་པོའི་རིང་ལ་བོད་མི་རྣམས་རང་བྱུང་ཁམས་ཀྱི་གནོད་འཚེ་རྣམས་དང་འཐབ་རྩོད་ཡུན་རིང་བྱས་ཏེ་རང་གི་ལུས་ཁམས་ལ་ཕན་པར་སྒྲུབ་པའི་ཐབས་མང་པོ་ཞིག་ཤེས་ཡོད་ལ།     དེའི་ནང་དུ་ནད་གསོ་བའི་རིག་པའང་མི་ཉུང་བ་ཞིག་ཤེས་རྟོགས་བྱུང་ཡོད་པ་ནི་ཆུ་སྐོལ་ཚ་མོས་མ་ཞུ་བའི་ནད་བཅོས་པ་དང༌།     རྨ་ཁ་ལ་མར་ཞུ་བྱུགས་ནས་ཁྲག་གཅོད་པ་སོགས་ཀྱི་རིག་པ་དེ་དག་རེད།      གཤེན་རབ་མི་བོ་ཆེ་པུ་རངས་སུ་བྱོན་ནས་སྲིད་དང་རིག་གནས་ལ་ཡར་རྒྱས་འགྲོ་བའི་ཐབས་ལམ་མང་པོ་རྒྱ་བསྐྱེད་གནང་བའི་སྐབས་སུ།        ནད་གསོ་བའི་རིག་པ་ལའང་རྒྱ་ཆེ་གཏིང་ཟབ་ཀྱི་སྒོ་ནས་ཞིབ་འཇུག་གནང་སྟེ།      གནའ་མིས་བྱས་པའི་རིག་པའི་རྨང་གཞིའི་ཐོག་ཏུ།     རང་ཉིད་ཀྱིས་གསར་གཏོད་གནང་བའི་རྡུལ་ཕྲན་གྱི་རིག་པ་སྟེ་དངོས་པོ་ཐམས་ཅད་འབྱུང་བ་བཞི་ཡིས་སྐྱེད་པའི་རིག་པ་ལ་བརྟེན་ནས་ཕྱི་རོལ་ཡུལ་གྱི་དངོས་རྫས་རིགས་མི་འདྲ་བ་ཐམས་ཅད་ཀྱི་ངོ་བོ་དང༌།     རང་བཞིན།   རོ་དང་།     ནུས་པ་བཅས་ལ་ཞིབ་ཏུ་དཔྱད་ནས་གསོ་བྱེད་སྨན་རྫས་སུ་བེད་སྤྱོད་གནང་བ་དང༌།     ནང་སེམས་ཅན་གྱི་ལུས་ཁམས་ལ་བརྟགས་ནས།     ལུས་གནས་བྱེད་ཀྱི་ཟུངས།    འཇིག་བྱེད་ཀྱི་རྒྱུ།    དེ་སྐྱེད་བྱེད་ཀྱི་རྐྱེན།     རྐྱེན་ཟློག་བྱེད་ཀྱི་ཐབས།   ནད་གང་ལ་གང་ཕན་གྱི་སྨན་སོགས་རིག་པ་ཕྲ་ཞིང་ཞིབ་པའི་སྒོ་ནས་ཞིབ་འཇུག་གནང་སྟེ།       རང་གི་གདུང་སྲས་དཔྱད་བུ་ཁྲི་ཤེས་སོགས་ལ་གདམས་པའི་གསོ་རིག་སྨན་གྱི་གཞུང་ལུགས་ལ་ཡོངས་གྲགས་སུ་མདོ་དགུ་འབུམ་བཞི་ཟེར་བ་བྱུང་ཡོད་ཀྱང༌།      ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བོན་དང་རིག་གནས་ཐམས་ཅད་བསྲེགས་པ་དང༌།     གཏོར་བ་དང༌།   གནོན་པ་དང༌།     ཁ་བསྒྱུར་བ་སོགས་ཀྱིས་བསུབ་རྐྱང་བྱས་ཏེ་བོན་གཞུང་དངོས་རྣམས་གང་མོས་སུ་ཁྱབ་སྤེལ་བྱེད་མི་ཆོག་པར་ཆབ་སྲིད་ཀྱི་རྒྱས་བཏབ་ནས་བཞག་ཡོད་སྟབས།     ས་ཁུལ་ཁུག་ཀྱོག་འགའ་ཞིག་ཏུ་བོན་གྱི་བཀའ་བསྟན་སོགས་རིག་གཞུང་སྐོར་ཅུང་ཟད་ལུས་ཡོད་པ་དེ་དག་དད་པའི་རྟེན་དུ་བཞུགས་པ་ཙམ་ལས་བལྟ་ཀློག་དང་ཞིབ་འཇུག་གི་ཡུལ་དུ་མ་གྱུར་པར་ལོ་གྲངས་བརྒྱ་ཕྲག་མང་པོ་ཞིག་ཕྱིན་ཡོད་པའི་དབང་གིས་དུས་ཕྱིས་སྨན་གཞུང་འདི་དག་གི་དཔེ་མིང་ཙམ་ལས།     དཔེ་ཆ་དངོས་མཐོང་རྒྱུ་དེ་ཧ་ཅང་དཀོན་པོར་གྱུར།     དེར་བརྟེན་ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་ལས།  “《དཔྱད་འབུམ་ཁྲ་བོ་》དང༌།  《སྨན་འབུམ་དཀར་ནག་》ཅེས་བྱ་བའི་དཔེ་དེ་རིགས་ཀྱི་ཁ་བྱང་ཡོད་པ་ཞིག་ད་ལྟའི་དུས་སུ་རང་རེའི་དབང་པོའི་སྤྱོད་ཡུལ་དུ་འགྱུར་དཀའ་བ་ཞིག་སྟེ།     ལོ་གྲངས་སུམ་སྟོང་བརྒྱད་བརྒྱ་ལྷག་པའི་རིང་ལ་དུས་རབས་ཀྱི་འཕོ་འགྱུར་ཇི་སྙེད་ཅིག་བྱུང་ཡོད་པ་དེ་དག་གི་ནང་དུ་དཔེ་རྙིང་དེ་དག་ལའང་འཕོ་འགྱུར་ཅི་རིགས་ཤིག་བྱུང་ཡོད་པ་ནི་སྨོས་མ་དགོས་ལ།       དཔེ་གཞུང་དེ་དག་གི་མཚན་བྱང་དངོས་སུ་ཡོད་པ་ནི་སྨོས་མི་དགོས་ལ།    དཔེ་གཞུང་དེ་དག་གི་མཚན་བྱང་དངོས་སུ་ཡོད་པ་དེང་དུས་མཐོང་རྒྱུ་མེད་པ་ཙམ་གྱིས་དཔེ་གཞུང་དེ་དག་གི་དོན་སྟོང་པའམ།    རྩ་མེད་དུ་འགྲོ་བའང་མི་བསམ་སྟེ།     དེང་དུས་བོད་ཡུལ་ལ་ཡོངས་སུ་གྲགས་པའི་སྨན་གཞུང་རྒྱུད་བཞི་སོགས་ཀྱི་འབྱུང་ཁུངས་ལྟེ་བ་ནི་《དཔྱད་འབུམ་ཁྲ་བོ་》དང༌།  《སྨན་འབུམ་དཀར་ནག་》རྣམས་ཡིན་ངེས་པ་ནི།        རྒྱུད་བཞིའི་ནང་གསལ་སྨན་མིང་དུ་སླེ་ཏྲེས་དང་ད་ཏྲིག་ཅེས་པས་མཚོན་ཞང་ཞུང་གི་སྐད་ཤིན་ཏུ་མང་བ་ཞིག་ཡོད་འདུག་པ་དང༌།     གཞན་ཡང་འཚོ་བའི་སྐོར་བསྟན་པའི་སྐབས་སུའང་རྒྱ་གར་ན་མི་སྲིད་ཅིང༌།   ཞང་བོད་ཀྱི་ཡུལ་ཁོ་ན་ལ་ཡོད་པའི་དངོས་ཆས་ཅི་རིགས་པ་ཞིག་གི་མིང་ཡང་བསྟན་ཡོད་པ་དེ་རྣམས་ཀྱིས་རྟོགས་ཐུབ།    ”ཅེས་སོགས་གསུངས་ཡོད་པ་ནི་ཐུགས་མཁྱེན་དཔྱོད་ཡངས་པའི་གསུང་དུ་ངེས་ཏེ།     ཉག་རོང་གི་བཀའ་བསྟན་རྙིང་པ་དེའི་ཁྲོད་དུ་སྨན་གཞུང་འདི་དག་གི་དཔེ་ཆ་བཞུགས་འདུག་ལ།      ཚིག་གི་སྦྱོར་བ་ནི་ཅུང་ཟད་མི་བདེ་བ་ཞིག་སྟེ།   ཤོ་ལོ་ཀ་གཅིག་ལའང་ཚིག་རྐང་རིང་ཐུང་མ་ངེས་པ་སྣ་ཚོགས་ཡོད་པ་ཞིག་ཙམ་ལས་ནང་དོན་ནི་གསོ་རིག་རྒྱུད་བཞི་དང་གཅིག་པ་རང་འདུག      དེས་ན་གཡུ་ཐོག་ཡོན་ཏན་མགོན་པོས་སྤྱི་ལོའི་དུས་རབས་བདུན་པའི་ནང་དུ་ཀོང་པོ་སྨན་ལུང་དུ་སྨན་གྱི་སྦྱོང་གྲྭ་འཛུགས་སྐབས་གཞུང་འདི་ཉིད་ཀྱི་ཚིག་རྐང་རྣམས་མཐའ་གཅིག་ཏུ་དགུ་ཚིག་ཏུ་བཅོས་ནས་ཚིག་གི་སྦྱོར་བ་ལ་སྙན་ཆ་བཏོད།      ལེའུ་དང་ས་བཅད་རྣམས་ལ་འོས་ཐོབ་ཀྱི་བཅོས་བསྒྲིགས་བྱས།