རྩོམ་པ་པོ།   མི་་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།    ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།
1. གདོད་མའི་བོན་ནི། བསྐལ་པ་ཡ་ཐོག་གི་གདོད་མའི་མི་རྣམས་ལོ་ཟླ་ཞག་དུས་མང་པོ་བརྒྱུད་ནས་འཚོ་བ་སྤྱོད་པའི་གོ་རིམ་ནང་དུ་རང་བྱུང་ཁམས་སུ་ཐུག་པའི་དཀའ་ངལ་སྣ་ཚོགས་པ་ཞིག་དང་འཕྲད་ཚེ། དེ་དག་བྱེད་པོ་འགྲོ་བ་མི་ཡི་ནུས་སྟོབས་ལས་བརྒལ་བའི་ལྷ་འདྲེ་ཞིག་ཡོད་པར་ངོས་འཛིན་བྱས་ཏེ་ལྷ་མཆོད་པ་དང༌། འདྲེ་བཀར་བའི་ཆོས་ལུགས་དེ་ལ་བརྡོལ་བོན་ཟེར་ཞིང༌། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་《བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ་》ལས། “རྒྱལ་པོ་གཉའ་ཁྲི་བཙན་པོའི་གོང་ནས་བོད་དུ་དར་བའི་ཆོས་ལུགས་དེ་ནི་བོད་ས་གནས་རང་དུ་ཐོག་མར་བྱུང་བའི་བོན་ཡིན་པས་མིང་ལ་བརྡོལ་བོན་ཟེར། ཆོས་ལུགས་དེ་ནི་སྔར་ཡོད་གདོད་མའི་ཆོས་ལུགས་ཀྱི་བསམ་བློའི་རྨང་གཞིའི་ཐོག་འབྱུང་བ་ལྔའི་ལྷ་དང༌། ཡུལ་ལྷ། ཁྱིམ་ལྷ། དགྲ་ལྷ། ཞང་ལྷ་སོགས་ལྷ་རིགས་མི་འདྲ་བ་མང་པོ་ཡོད་པ་དེ་ཚོར་སེམས་ཅན་བ་ཕྱུགས་དང་ར་ལུག་ཤ་བ་སོགས་བསད་ནས་མཆོད་པ་འབུལ་བ་དང༌། མི་ཤི་ནས་འདྲེ་རུ་འགྱུར་བ་དང༌། ལྷ་རུ་སྐྱེ་བ་ཡོད་པར་མ་ཟད། ལྷ་འདྲེ་ཤི་ནས་མི་ལ་སྐྱེས་པའང་ཡོད་པས་སྐྱེ་བ་སྔ་ཕྱི་ཡོད་པར་ཁས་ལེན་གྱི་ཡོད། ”ཅེས་གསུངས་པ་ལྟར། སྐབས་དེའི་མི་རྣམས་ལ་རང་བྱུང་ཁམས་ཀྱི་ཤྭ་འོད་དང༌། ས་ཡོམ། ཐོག་སེར། གངས་ཐན་སོགས་ཀྱི་གནོད་པ་བྱུང་ཚེ། དེ་དག་བཟློག་པའི་ཐབས་སུ་ཡུལ་ལྷ་གཞི་བདག་རྣམས་ལ་གསོལ་མཆོད་དང་འཕྲིན་བཅོལ་བྱེད་དེ། རྩི་ཤིང་སྣ་ཚོགས་མེ་ལ་སྲེག་སྟེ་བསང་དུད་གཏོང་བ་དང༌། འབྲུ་རིགས་སྣ་ཚོགས་དང༌། སེམས་ཅན་སྣ་ཚོགས་བསད་པའི་ཤ་ཁྲག་བཅས་ཀྱིས་མཆོད་པ་བྱེད། མི་ལ་ན་ཚ་བྱུང་ན། གདོན་འདྲེ་ལས་བསླུ་བའི་ཐབས་སུ་སེམས་ཅན་མང་པོ་བསད་པའི་ཤ་ཁྲག་གཏོར་ནས་གདོན་འདྲེ་ཚིམས་ཤིང་ནད་ལས་ཐར་བའི་རེ་བ་བྱེད། མི་འཆི་བའི་ཚེ། རང་གི་རྒྱན་གོས་དང་ནོར་རྫས་སོགས་ཕུང་པོ་དང་ལྷན་ཅིག་དུར་དུ་རྫོང་ཞིང༌། གཤིན་པོའི་དགེ་རྩ་རུ་སེམས་ཅན་མང་པོ་བསད་དེ་ལྷ་མཆོད་ཀྱིན་ཡོད་པའི་ཚུལ་ནི་དེང་དུས་ཀྱི་《གླུད་མདོས་ཀྱི་ཆོ་ག་》རྣམས་དང༌། 《དུར་ཆོག་》རྣམས་ལ་ཞིབ་ཏུ་དཔྱད་ནའང་གདོད་མའི་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་རྣམ་པ་དེ་རགས་ཙམ་མངོན་ཐུབ།
2. ཤེས་རིག་ལག་རྩལ་སྐོར་ལ། དེ་ལྟར་དུས་ཡུན་རིང་པོར་དཀའ་ངལ་གྱི་འཚོ་བ་བརྒྱུད་མར་བྱུང་བའི་གོ་རིམ་ནང་དུ། དུས་རྒྱུན་གྱི་ལས་ཀའི་ཉམས་མྱོང་མང་པོ་ཞིག་བསགས་ནས་ལག་ཆ་མི་འདྲ་བ་སྣ་ཚོགས་པ་ཞིག་བཟོ་རྒྱུའི་བསམ་བློ་འཁོར་ནས། དང་པོ་རྡོ་དང་དབྱུག་པའི་ལག་ཆ་ཐབས་ཆག་ཙམ་བཟོ་ཤེས་པ་བྱུང་བ་ནས་རིམ་བཞིན་འཕེལ་རྒྱས་ཕྱིན་ཏེ། སྟ་རེ། འཇོར། གྲི། མདའ་གཞུ། མདུང༌། ཁབ་བཅས་ཀྱི་ལག་ཆ་བཟོ་ཤེས་པ་བྱུང༌། དེ་དག་ཀྱང་ཐོག་མར་རྡོ་དང༌། དེ་ནས་སེམས་ཅན་གྱི་རུས་པས་བཟོས། མཐར་ཟངས་རྡོ་བཞུས་ནས་ཟངས་ལེན་ཤེས་པ་བྱུང་བ་ནས་བཟུང་ཟངས་ཀྱིས་བཟོས་པའི་ལག་ཆ་དང༌། རྒྱན་ཆ་མང་པོ་ཞིག་བྱུང༌། སྣོད་ཆས་ཀྱི་སྐོར་ལ། ས་འདག་གི་རྫ་མ་བཅའ་ཤེས་པར་བྱུང་བ་ནས། རྒྱུན་སྤྱོད་ཀྱི་སྣོད་ཆས་སྣ་ཚོགས་པ་ཞིག་བཟོས་ཡོད་དེ། ཆུ་སྣོད་ཀྱི་རྫ་མ་ཆེན་པོ་དང༌། ཆུང་བ་ལ་ཡོས་རྔོད་བྱེད་དང༌། ཤ་འཚོད་བྱེད་སོགས་ཀྱི་གཡོས་རྫ་ཆེ་ཆུང་སྣ་ཚོགས། ཆུ་སྐོལ་བྱེད་ལ་རྫ་བུམ་ཆེ་ཆུང་སྣ་ཚོགས། གཞན་ཡང་རྫ་ཡི་ཕོར་པ་དང༌། སྡེར་མ་སོགས་མང་པོ་ཞིག་བཟོས་ཡོད། སྒོ་ཕྱུགས་དང་རི་དྭགས་རིགས་ཀྱི་ལྤགས་རིགས་དང་སྤུ་རིགས་བེད་སྤྱོད་བྱེད་སྟངས་སྐོར་ལ། འབྲི་གཡག་སོགས་ཀྱི་ཀོ་བས་ལྷམ་དང༌། ལྷམ་མཐིལ། འོག་སྟན། སྒྲོ་བ་སོགས་ཁུག་སྣོད་ཆེ་ཆུང་སྣ་ཚོགས། འོ་མ་དཀྲོགས་བྱེད་ཀྱི་རྐྱལ་པ་སོགས་སུ་བྱས་ཡོད། པགས་པ་ཡིས་སློག་པ་སོགས་གྱོན་ཆས་ཀྱི་རིགས་མི་འདྲ་བ་སྣ་ཚོགས་བཟོས་པ་དང་། སྤུ་རིགས་འཇམ་ཤོས་རིགས་དག་གིས་སྐུད་པ་བཀལ་ཏེ་འཚེམ་བུ་བྱེད་སྤྱད་དང༌། སྣམ་བུ་འཐག་སྟེ་གྱོན་ཆས་བཟོ་བ། རྩིད་པས་ཐག་པ་བསྒྲིམས་ཏེ་ཞགས་ཐེག་དང་ཁུར་ཐིག་བྱས་ཤིང་། ད་རུང་རེ་བ་འཐག་སྟེ་སྦྲ་ཡང་བཟོ་ཤེས་པ་བྱུང༌ཡོད་པ་རེད། རྒྱན་ཆས་ཀྱི་རིགས་ལ་སྐྲ་གཟེར། རྣ་རྒྱན། ལག་གདུབ་སོགས་བཟོ་བའི་ལག་ཤེས་བྱུང་ལ། གཞན་ཡང་ཞིང་འབྲོག་བར་གྱི་འཚོ་བའི་ཉེར་མཁོ་རྣམས་བརྗེ་རེས་དང༌། གོང་གསལ་ཐོན་རྫས་ཀྱི་དངོས་པོ་དེ་དག་གི་ཉོ་ཚོང་ཕྲན་བུ་སོགས་ཚོང་ལས་ཀྱི་བྱེད་སྒོ་ཡང་མི་ཉུང་བ་ཞིག་བྱུང་ཡོད། ལྷག་པར་དུ་མ་སངས་སྤུན་དགུའི་དུས་སུ་དངོས་པོ་ཉོ་ཚོང་བྱེད་པའི་ཚོང་འབྲེལ་གྱི་ལས་ཀ་དང༌། དངོས་པོ་བགོ་བྱེད་ཀྱི་ལག་ཆ་ལ་ཤྭོ་བེད་སྤྱོད་བྱེད་སྲོལ་བྱུང་ཡོད། རྒྱལ་ཕྲན་སིལ་མ་བཞི་བཅུའི་སྐབས་སུ་བོན་ལ་སྐྱབས་སུ་འགྲོ་ཞིང་ཐར་པའི་ལམ་སྒྲུབ་པ་དང༌། ལྷ་ཁང་བརྩེགས་ཤིང་སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས་ཆོས་ལུགས་ཀྱི་ལས་ཀ་མང་པོ་བྱེད་པའི་སྲོལ་བྱུང༌། གཞན་ཡང་མ་སངས་སྤུན་དགུ་དང༌། ཟ་རམས་སྐྱེས་དྲུག་དང༌། སིལ་མ་བཅུ་གཉིས་དང༌། སིལ་མ་བཞི་བཅུ་བཅས་ཀྱི་དུས་སྐབས་བཞི་པོ་འདིའི་དུས་སུ་ལྕགས་གཏེར་རྙེད་ནས་ལྕགས་རིགས་ཀྱི་ལག་ཆ་བེད་སྤྱོད་བྱེད་ཐུབ་པ་བྱུང་ཞིང༌། ཤིང་བཟོ་དང་རྡོ་བཟོའི་ལག་རྩལ་ལ་མཛེས་ཆ་ལྡན་ཞིང་སྤུས་ཚད་དག་པོ་བྱེད་ཤེས་པ་བྱུང་ཡོད་པ་དང༌། ཕྱུགས་རིགས་དཀར་ནག་མང་པོའི་སྤུ་བྲེག་ནས་ཐགས་ལས་བྱེད་པ་སོགས་ཕྱུགས་ལས་ཐོན་སྐྱེད་ལ་ཡར་ཐོན་བྱུང་བ་དང༌། ཡུལ་གྱི་ས་བབ་དང་དུས་བཞིའི་གནམ་གཤིས་བཅས་ལ་བརྟགས་ནས་ས་ཞིང་རྨོན་འདེབས་ཀྱི་ལས་ཀ་བྱེད་ཤེས་པ་བྱུང་བ་བཅས་ཆོས་ལུགས་དང་རིག་གནས་གཉིས་ཀའི་ཕྱོགས་ལ་རིམ་བཞིན་ཡར་རྒྱས་ཆེན་པོ་བྱུང་ཡོད་པའི་ཚུལ་ནི།
《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་》ལས། །
བོད་ཡུལ་མ་སངས་སྤུན་དགུས་དབང་བྱས་ཏེ། །
ཡུལ་མིང་བོད་ཁམས་གཞུང་དྲུག་ཅེས་སུ་གྲགས། །
སྔ་རྟགས་མདའ་མདུང་མཚོན་ཆ་རྩེ་བ་དང༌། །
བཞོན་པ་ཞོན་དང་དངོས་པོ་ཉོ་ཚོང་བྱུང༌། །
དེ་རྗེས་ཟ་རམས་སྐྱེས་དྲུག་གིས་དབང་བྱས། །
ཡུལ་མིང་བོད་ཡུལ་སྟོང་སྡེ་བཅོ་བརྒྱད་ཅེས། །
སྔ་རྟགས་མགོ་རྒྱན་རྣ་ཆ་བཏགས་པ་དང༌། །
གླུ་གར་རོལ་རྩེད་དགའ་སྟོན་བྱེད་པ་བྱུང༌། །
དེ་རྗེས་རྒྱལ་ཕྲན་བཅུ་གཉིས་དབང་བྱས་ཏེ། །
ཡུལ་མིང་བོད་ཡུལ་སྤ་ཁ་ཆེ་བརྒྱད་ཅེས། །
སྔ་རྟགས་ཕྱག་དང་ཞེ་ས་བྱེད་པ་དང༌། །
སྔར་གྱི་སྒྲུང་གཏམ་ཕྱིས་མིས་བཤད་པ་བྱུང༌། །
དེ་རྗེས་དེ་གྱེས་རྒྱལ་ཕྲན་སིལ་མ་ནི།
བཞི་བཅུའི་བར་འཕེལ་བོད་ཁམས་གླིང་དགུ་ཞེས། །
སྔ་རྟགས་བོན་ལ་སྐྱབས་གསོལ་ཐར་པ་སྒྲུབ། །
ལྷ་རྟེན་བརྩེགས་ཤིང་རྟེན་གསུམ་བཞེངས་པ་བྱུང༌། །
དུས་རབས་དེ་བཞིའི་རིང་ལ་རིམ་བཞིན་དུ། །
ལྕགས་རིགས་རྙེད་ཅིང་རྡོ་བཟོ་ཤིང་གཅོད་ཤེས། །
སྤུ་བྲེག་ཐག་འཚེམ་ཞིང་འདེབས་སོགས་ཤེས་དུས།
འབྲོག་དང་ཡུལ་པ་ཞེས་པའི་སྲིད་པ་བྱུང༌། །
ཞེས་གསུངས། །
གསུམ། གཡུང་དྲུང་བོན་དང་རིག་གནས།
1. གཡུང་དྲུང་བོན་ནི། གདོད་མའི་བོན་གྱི་རྨང་གཞིའི་སྟེང་དུ་ཡུལ་སྣང་གི་གནས་ལུགས་རྣམས་ལ་ཞིབ་འཇུག་བྱས་ཏེ་ཡར་རྒྱས་ཕྱིན་པའི་ཆོས་ལུགས་ཤིག་སྟེ། དེ་ནི་སྟོན་པ་གཤེན་རབ་མི་བོ་ཆེས་བསྒྲགས་པ་གསུམ་གྱི་དཔེའུ་རྩེ་དང༌། སྒོ་བཞི་མཛོད་ལྔ་ལ་སོགས་པའི་གཞུང་ལུགས་བརྩམས་ཏེ་གསར་གཏོད་གནང་བ་ཞིག་རེད། སྟོན་པ་དེ་ནི་གཡུང་དྲུང་བོན་གྱི་ཆོས་ལུགས་ཀྱི་སྲོལ་གཏོད་པ་པོ་ཙམ་དུ་མ་ཟད། བོད་གངས་ཅན་གྱི་ཡུལ་དུ་གནས་པའི་མི་རིགས་འདིའི་རིག་གནས་མང་པོ་ཞིག་གསར་གཏོད་གནང་བ་དང་ཡར་རྒྱས་གཏོང་བ་ལ་མཛད་རྗེས་ཆེ་ཤོས་ཤིག་ཡིན་པ་ནི། ཡི་གེ་བཟོས་ཤིང་གླེགས་བམ་འབྲི་བའི་སྲོལ་བཏོད་པ་དང༌། རྒྱུན་འཛིན་སྐྱོང་ཞིང་གཞུང་ལུགས་འཆད་པའི་སྲོལ་བཏོད། ལྡེའུའུ་སོགས་ཀྱི་རིག་པས་བློ་གྲོས་ཀྱི་རྩལ་སྦྱོང་བའི་སྲོལ་བཏོད་པ་སོགས་དང༌། ལྷག་པར་དུ་ཆེས་ངོ་མཚར་ཆེ་བ་ཞིག་ནི། རྡུལ་ཕྲན་གྱི་རིག་པ་གསར་གཏོད་གནང་ལ། སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་སྐྱེད་བྱེད་ཀྱི་རྒྱུ་ནི་རྡུལ་ཕྲན་ཆུང་ངུ་ལ་ཕྲ་རབ་ཀྱི་རྡུལ་ཡོད་པར་ངོས་འཛིན་གནང་ཞིང༌། རྡུལ་དེ་ལའང་རིགས་མི་འདྲ་བ་བཞིར་ཡོད་ལ་ས་རྡུལ་དང༌། ཆུ་རྡུལ། མེ་རྡུལ། རླུང་རྡུལ་བཅས་ངོས་འཛིན་གནང་སྟེ་དེ་དག་གིས་དངོས་པོ་ཐམས་ཅད་འབྱུང་བར་བྱེད་པའི་ཆ་ནས་འབྱུང་བ་བཞི་ཞེས་མིང་དུ་འདོགས་གནང་མཛད་པ་ནི་དེང་དུས་ཀྱི་ཚན་རིག་པ་རྣམས་ཀྱི་མདུན་ནའང་ངོ་གནོང་མི་དགོས་པ་ཞིག་རེད།
དེ་ལྟར་སྟོན་པ་གཤེན་རབ་མི་བོ་ཆེ་ཞེས་པ་དེ་དུས་རབས་གང་ལ་ཡུལ་གང་དུ་འཁྲུངས་པ་ཡིན་ཞེ་ན། བོན་གྱི་དཔེ་རྙིང་དག་ལས་གསལ་བ་ལྟར་ན། སྤྱི་སྔོན་16008ལོར་འཁྲུངས་པར་བཞེད་པ་དེ་ལ་བཤད་རིན་ཡོད་པ་ཞིག་སྟེ། ལོ་རྒྱུས་ཐོག་བོན་གྱི་སྟོན་པ་མང་པོ་ཞིག་བྱུང་ཡོད་པ་དེ་དག་ལས་ཐོག་མ་ལོ་ངོ་ཆིག་ཁྲིའི་གོང་རོལ་དུ་བྱུང་བ་དང་ཐ་མ་སྤྱི་ལོའི་སྔོན་གྱི་དུས་རབས་ཉི་ཤུ་པའི་ནང་དུ་བྱུང་བའི་སྟོན་པ་དེ་དག་ཐམས་ཅད་ལ་སྟོན་པ་གཤེན་རབ་ཅེས་འབོད་སྲོལ་བྱུང་ཡོད་པའང་སྲིད། ལོ་རྒྱུས་ཀྱི་དོན་དངོས་དང་སྦྱར་ནས་དཔྱད་པ་ཅུང་ཟད་དང་བཅས་ཏེ་ཞུ་བ་ལ། སྤྱིར་བོན་གྱི་ལོ་རྒྱུས་ཁག་ལས་སྟོན་པ་གཤེན་རབ་མི་བོ་ཆེ་སྐུ་འཁྲུངས་པའི་དུས་དེ་ཤིང་བྱི་ཡིན་པ་གཅིག་མཐུན་དུ་བཞེད་དེ། གཤེན་རབ་ཀྱི་རྣམ་ཐར་རྒྱས་པ་《མདོ་གཟེར་མིག་》ལས། “རི་རབ་ཀྱི་རྩེ་མོ་ནས་གཟིགས་ཚད་རྣམ་པ་ལྔ་ལ་དགོངས་ནས་གཡུ་བྱ་ཁུ་བྱུག་སྔོན་མོའི་ཚུལ་དུ། གཡུང་དྲུང་དགུ་བརྩེགས་རིའི་ནགས་ཚལ་ན། ཡུམ་རྒྱལ་བཞད་མའི་སྤྱི་བོར་བབ་སྟེ་ལྷུམས་སུ་ཞུགས་པའི་ཚུལ་བསྟན། ཤིང་ཕོ་བྱི་བ་ལོའི་སྟག་ཟླའི་ཚེས་བཅོ་ལྔ་ལ་སྐུ་བལྟམས་”ཞེས་དང༌། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》ལས། “ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བའི་ལོ། ཟླ་བའི་དང་པོ་དཔྱིད་ར་བ་མེ་སྟག་གི་ཟླ་བ། ཞག་གི་སྙིང་པོ་ཚེས་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས་པ། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ལ་སྐུ་བལྟམས། ”ཞེས་དང༌། གཞན་ཡང་བོན་གྱི་ལོ་ཐོ་རྙིང་པའི་བསྟན་རྩིས་ཤིག་ལས། “ཤིང་བྱི་གཅིག་དཀར་སྟག་ཟླ་བའི། ། ཡར་ཚེས་བཅོ་ལྔའི་དུས་བཟང་ཉིན། ། གཟུགས་སྐུའི་མཚན་དཔེ་བཞད་ནས་ལོ། ”ཞེས་སོགས་གསུངས་ཡོད་པ་དང༌། མཁས་དབང་ནམ་མཁའ་ནོར་བུའི་《ཞང་བོད་ལོ་རྒྱུས་ཏི་སེའི་འོད་སྣང་》ལས། “སྤྱི་སྔོན་1917ལོའི་ཤིང་བྱིའི་གཅིག་དཀར་ལ་འཁྲུངས་པར་བཞེད། ” འཁྲུངས་པའི་ཡུལ་ནི་ཆུ་བོ་ཆེན་པོ་བཞི་ཡི་མགོ གངས་ཏི་སེའི་མདུན། མཚོ་མ་ཕམ་གྱི་འགྲམ། ཞང་ཞུང་འོལ་མོ་ལུང་རིང་ཞེས་པ། དེང་དུས་སྟོད་མངའ་རིས་སྐོར་གསུམ་གྱི་ནང་ཚན་པུ་རངས་ཀྱི་ཡུལ་འདིར་ཡབ་རྒྱལ་པོ་ཐོད་དཀར་དང༌། ཡུམ་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཡོད་པར་གསལ། གཞོན་ནུའི་དུས་ནས་བློ་དང་རིག་པ་གསལ་བ། བྱམས་པ་དང་སྙིང་རྗེ་ཆེ་བ། ཀུན་ལ་ཕན་སེམས་དང་ལྡན་པའི་དམ་པའི་རིགས་ཅན་གྱི་སྐྱེས་བུ་ཆེན་པོ་ཞིག་ཏུ་བྱུང་སྟེ། རྩོད་ལྡན་སྙིགས་མའི་དུས་ཀྱི་ཟིང་འཁྲུག་གི་ཡོ་ལང་སྤྲིན་ནག་ལྟར་འཁྲིགས་པའི་ཀློང་དུ། དུག་ལྔའི་རང་སྟོབས་རྒྱས་པའི་བྲན་གཡོག་གི་བདག་པོའི་རྒྱལ་ཕྲན་རྣམས་ཀྱིས་དུས་རྟག་ཏུ་ཕན་ཚུན་རྐུན་ཇག་དང་གཡུལ་འཁྲུག་གི་རྩོད་པས་སེམས་ཅན་རྣམས་སྡུག་བསྔལ་གྱི་གནས་ལ་སྦྱར་པའི་ཚེ་ན། གཤེན་རབ་མི་བོ་ཆེ་ཡིས་སྐྱེ་འགྲོ་རྣམས་ཞི་བདེའི་དཔལ་ལ་འགོད་པའི་སྙིང་སྟོབས་ཀྱི་གོ་ཆ་བཙན་པོ་ནམ་ཡང་ཞུམ་པ་མེད་པར་བགོས་ཏེ། འགྲོ་བ་སྤྱི་དང་ཁྱད་པར་གདུག་ཅིང་རྩུབ་པའི་ཚོ་དཔོན་ཞེ་སྡང་ཅན་གཏོ་བུ་དང༌། འདོད་ཆགས་ཅན་གྱི་བཙུན་མོ་འགུག་ལིང་མ། ང་རྒྱལ་ཅན་ཁྲི་ཤི་དབང་རྒྱལ། ཕྲག་དོག་ཅན་གྱི་ཧ་ལ་ར་ཙ་དང་གུ་ཝེར་ར་ཙ་སོགས་ལ་མི་རྟག་པ་དང༌། ལས་རྒྱུ་འབྲས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོགས་ཀྱི་བོན་གསུངས་ཏེ་རྐུན་ཇག་གི་རྒྱུན་དང༌། དམར་མཆོད་ཀྱི་སྲོལ་ཕལ་ཆེར་དུས་དེར་བསྣུབས་ཐུབ་པ་བྱུང་ཡོད། ཡིན་ནའང་ལོ་གྲངས་སྟོང་ཕྲག་མང་པོའི་རིང་ལ་དར་བའི་ཡུལ་སྲོལ་གོམས་གཤིས་དེ་དག་མཐའ་གཅིག་ཏུ་གཏན་ནས་མི་སྲིད་པ་ཞིག་བྱས་ཏེ་བསྣུབས་ག་ལ་ཐུབ་སྟེ། དེའི་རྗེས་སུའང་དམར་མཆོད་ཀྱི་ཤུལ་རྗེས་ཙམ་ཡུན་རིང་པོ་ཞིག་གི་བར་དུ་ལྷག་ཡོད་ལ། རྐུན་ཇག་གི་སྲོལ་ནི་དེང་དུས་ཀྱང་ས་གནས་ཁ་ཤས་ལ་གནས་ཡོད་པ་འདི་རེད། དེ་ནས་བོན་དང་རིག་ནས་ཀྱི་སྲོལ་རྒྱུན་འཛིན་པའི་གདུང་རྒྱུད་སྤེལ་བ་དང༌། ཕྱོགས་ཀྱི་རྒྱལ་ཕྲན་རྣམས་དང་མཐུན་ལམ་གྱི་འབྲེལ་བ་བྱེད་པའི་ཆེད་དུ་ཁྱིམ་ཐབ་ཀྱི་ཁབ་བཞེས་པ་ལ་ཧོས་བཟའ་དང༌། དབོ་བཟའ། ལྷ་བཟའ། ཀླུ་བཟའ། ཀོང་བཟའ། རྒྱ་བཟའ། ཕྱ་བཟའ། གསས་བཟའ། བྲམ་ཟེ་བཟའ་བཅས་ཁབ་ཏུ་བཞེས་དེ་གདུང་རྒྱུད་སྐྱོང་བའི་ཚུལ་ནི། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》ལས། “ཐབས་དང་ཤེས་རབ་རོལ་པའི་ཚུལ་ལས་དབྱིངས་ཀྱི་བདེ་གཤེགས་ཀྱི་སྤྲུལ་པ་ཉེ་སྲས་བརྒྱད་དུ་འཁྲུངས་ཏེ། གང་ཞེ་ན། ཧོས་བཟའ་རྒྱལ་མེད་ལ་སྲས་གཏོ་བུ་འབུམ་སངས་དང༌། དཔྱད་བུ་ཁྲི་ཤེས་གཉིས་འཁྲུངས། དབོ་བཟའ་ཐང་མོ་ལ་སྲས་ལུང་འདྲེན་གསལ་དང༌། རྒྱུད་འདྲེན་སྒྲོན་མ་གཉིས་འཁྲུངས། གསས་བཟའ་ངང་རིང་ལ་སྲས་འོལ་དྲུག་ཐང་པོ་འཁྲུངས། ཕྱ་བཟའ་གུང་དྲུག་ལ་རྒྱལ་བའི་གདུང་སོབ་མུ་ཆོ་ལྡེའུམ་དྲུག་འཁྲུངས། ཀོང་བཟའ་ཁྲི་ལྕམ་ལ་དམུ་རྒྱལ་གྱི་གདུང་རྒྱུད་འཛིན་པའི་རྒྱལ་སྲས་གཡུང་དྲུང་དབང་ལྡན་འཁྲུངས། རྒྱ་བཟའ་འཕྲུལ་བསྒྱུར་ལ་རྒྱལ་སྲས་འཕྲུལ་བུ་ཆུང་འཁྲུངས་སོ། ། དེ་དག་སངས་རྒྱས་ཉིད་ལ་དང་པོ་བཀའི་གླེང་སློང་གི་ཞུ་བ་པོ་དང༌། བར་དུ་བསྟན་པའི་གཉེར་འཛིན་ཞིང༌། ཐ་མར་བཀའི་བསྡུ་བ་པོར་མཛད་པ་དང༌། སྟོན་པའི་བསྟན་པ་མ་རྫོགས་ཀྱི་བར་དུ་ཐུགས་རྗེས་སྤྲུལ་པ་མ་འགགས་པར་སྟོན་ཅིང་སེམས་ཅན་གྱི་དོན་མཛད་པའོ། ”ཞེས་གསུངས་པ་ལྟར་རོ། ། གཞན་ཡང་གཤེན་རབ་མི་བོ་ཆེ་ཡིས་དུས་རྟག་ཏུ་འབད་བརྩོན་ལྷོད་མེད་ཀྱི་སྒོ་ནས་སྤྱི་ཚོགས་ཞི་བདེའི་ཐབས་སུ་ལས་འབྲས་དང༌། སྙིང་རྗེ་བཤད་པའི་རང་གི་ལྟ་བའི་གཞུང་དེ་དག་ག་ས་ག་ལ་དྲིལ་བསྒྲགས་གནང་སྟེ་བྱོན་ཅིང་ཡོད་པ་དང༌། རང་ལ་རྐུན་ཇག་གིས་འཚེ་བ་བྱུང་ནའང༌། དེ་ལ་བཟོད་པ་ཆེན་པོའི་གོ་ཆ་བགོས་ནས་ཞི་བའི་གཏམ་དང་ཐབས་ཀྱིས་དབང་དུ་བྱེད་པ་ལས། ཞེ་སྡང་དང་མཚོན་ཆའི་དཔུང་གིས་དགྲ་ལན་ཨེ་ལྡོན་ལ་མི་གཟིགས་པ་ནི། གཤེན་རབ་མི་བོ་ཆེའི་རྣམ་ཐར་ཁག་ལ་ཞིབ་ཏུ་དཔྱད་ན་ཤེས་ཐུབ་སྟེ། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》ལས། “བདུད་ཕྲུག་ཤོར་བ་རྐྱ་བདུན་བྱ་བ་གཤེན་ཡུལ་དུ་རྟ་རྐུར་བཏང་པས་ཆིབས་པ་འབྲུག་རྟ་སོགས་རྟ་བདུན་བརྐུས་ཏེ་ཀོང་པོར་དེད་ནས་ཀོང་མཁར་འོག་ཁང་ནང་དུ་བཅུག་སྟེ་རྗེས་སུ་ཁ་བ་འདོམ་དགུ་ཕབ། དེར་གཤེན་རབ་ཀྱིས་མཁྱེན་ནས་རྟ་ལ་ཆགས་པས་མ་ཡིན་ཀྱང་བོད་སྲིན་པོའི་རིགས་དབང་དུ་བསྡུ་བ་དང༌། བདུད་རིགས་འཁོར་དུ་བཙུད་པར་དགོངས་ནས་རྟའི་རྗེས་སུ་སྟོན་པ་མཚན་ལྡན་ཁྱེའུ་བཞིས་བསྐོར་ནས་བྱོན། ཐུགས་རྗེ་ཉི་མའི་སྙིང་པོ་དགུ་ཕྲུགས་བཟླས་ཏེ་བདུད་ཀྱི་ཁ་བ་བཞུས་པའི་རྗེས་ཉི་མའི་ཟེར་བརྐྱངས་པར་ཞུགས་ནས་བྱོན་པས་བདུད་ཀྱི་ཆུའི་འཇིགས་པས་དོ་བསྡོ་བའི་ཚེ་སྟོན་པ་གཙོ་འཁོར་ལྔས་རྒྱ་མཚོའི་དཀྱིལ་དུ་པད་མའི་སྡོང་པོར་སྤྲུལ་ནས་བྱོན་པས་མ་ཚུགས་སོ། ” ཞེས་དང༌། ཡང་དེ་ཉིད་ལས། “དེར་སྟོན་པས་ཟ་ཧོར་སྤུ་གུར། ཁ་ཆེ་བྲུ་ཤའི་བོན་པོ་རྣམས་ལ་གསང་སྔགས་ཀྱི་ལུང་ཕོག” ཅེས་དང༌། ཡང་དེ་ཉིད་ལས། “དེ་ནས་སྟོན་པ་བོད་ཀྱི་ཆུ་བོ་བཞི་འདུས་མགོར་བྱོན་ཏེ་བོད་ཀྱི་ལྷ་འདྲེ་རྣམས་དབང་དུ་བསྡུས་ཏེ་བཀའ་ལ་ཉན་པའི་ཆད་མདོ་ཕུལ། དེའི་ཚེ་བོད་ཀྱི་རི་ཀུན་གྱི་རྩེ་མོ་ཡང་ཡར་ལ་འདུད་པར་གྱུར་ཏོ། ། བོད་ཀྱི་བོན་པོ་རྣམས་ལ་ལྷ་གསོལ་བ་དང་འདྲེ་བཀར་བ། ཡུགས་ཕུད་པའི་ལུང་ཕོག་གོ” ཞེས་དང༌། ཡང་དེ་ཉིད་ལས། “སྟོན་པ་ཀོང་པོ་རོང་ནག་ཏུ་གཤེགས་པ་ལ་བདུད་ཀྱིས་བདུད་རི་ནག་པོ་ལམ་བཅད་པར་སྟོན་པས་མཐེ་ཆུང་གཡོན་པས་བླངས་ཏེ་སྒང་གསུམ་མདོར་བཞག མདུང་རྩེ་འདྲ་བའི་སྤྲུལ་པའི་རི་ཞིག་སྤྲུལ་ནས་ལྷ་རི་གྱང་ཐོའི་ཟུར་ལ་བཞག་པའི་མཚན་ཡང་བོན་རི་ཆེན་པོར་བཏགས་ཏེ་ད་ལྟ་ཀོང་བོན་རི་གྲགས་པ་དེའོ། ། ཡང་མར་བྱོན་པ་དང་བདུད་མོའི་རིགས་བུད་མེད་གཞོན་མཛེས་མང་པོས་གསོལ་ཆས་ལ་དུག་སྦྱར་ནས་དྲངས་པ་གསོལ་བས་སྟོན་པའི་སྐུ་ལ་མེ་ཏོག་མང་པོ་བཀྲ་ལམ་ལམ་བཞད། ཐལ་མོ་བརྡབས་པས་བདུད་མོ་རྣམས་ནི་མི་སྡུག་པའི་རྒན་མོ་སེ་མོ་བརྒྱ་རུ་སོང༌། དེའི་ཚེ་ཁྱབ་པའི་མ་སོགས་བདུད་མོའི་རིགས་རྣམས་དད་པ་སྐྱེས་ཏེ་བསྐྱབས་པས་ལྷ་ཡི་བུ་མོ་བརྒྱར་ཚེ་འཕོས་ནས་གཤེན་རབ་ཀྱི་འཁོར་དུ་སྐྱེས་སོ། ། ད་ལྟ་ཡང་ཡུལ་དེར་སེ་མོ་བོན་ཐང་དུ་གྲགས་སོ། ། དེ་ནས་ཡང་རྟའི་རྗེས་སུ་བྱོན་པ་ལ། བདུད་དམག་དབུས་དང་དྭགས་པོ་གེ་སར་ཀོང་པོའི་དམག་རྣམས་གཡས་གཡོན་ནས་བསྐོར་ཏེ་མཚོན་ཆ་སྣ་ཚོགས་ཆར་དུ་ཕབས་ནས་འཕངས་པས་སྟོན་པའི་སྐུ་ལ་ཕོག་པ་ལྟ་ཅི་དྲུང་དུ་ཉེ་བ་ཡང་མ་ནུས་སོ། ། དེར་བདུད་དམག་རྣམས་ཐང་ཆད་དེ་གཡུང་ཏིང་གིས་སོང་བའི་ཚེ་སྟོན་པའི་ཞལ་ནས་ངས་འཐབ་ཟླ་བྱས་ན་ཁྱོད་རྣམས་ཡུད་ལ་བསད་པར་ངེས། ངེས་སམ་མ་ངེས་ང་ལ་འབེན་ཞིག་ཚུགས་གསུངས་པས། བདུད་ཀྱིས་ལྕགས་ཕུབ་དགུ་བརྩེགས་ནས་བཙུགས་པ་ལ་སྟོན་པས་ལྕགས་ཀྱི་མདའ་གཞུ་བཀང་སྟེ་ཞབས་གཡས་གྱད་ཀྱི་ཕ་བོང་ལ་གཏད་ནས་ཕྱག་གཡས་ཀྱིས་མདའ་མ་འཕངས་པར་་གཡོན་གྱིས་འཕངས་པས་ལྕགས་ཕུབ་དགུ་ག་ཐལ་བྱུང་དུ་ཕུག་ནས་ཕ་རིའི་བྲག་ལ་ཟུག་པ་ཀོང་རྗེའི་སྲས་མོ་ཀོང་བཟའ་ཁྲི་ལྕམ་གྱིས་དར་དཀར་ལྕིབས་ཀྱིས་ཕྱུང་ནས་སྟོན་པ་ལ་ཕུལ་ལོ། ། མདའ་ཕྱུང་ཤུལ་དུ་ཆུ་མིག་བརྡོལ་ཏེ་ལ་དོར་བྲག་འཕྲང་ལ་མདའ་དྲངས་ཆུ་མིག་ཅེས་གྲགས་པ་དང༌། གྱད་ཀྱི་ཕ་བོང་ལ་སྟོན་པའི་ཞབས་རྗེས་ལམ་མེ་བ་ངོ་མཚར་བའི་རྟགས་སུ་ཡོད་དོ། ། དེའི་ཚེ་ཁྱབ་པའི་ཕ་རྒྱ་ལག་ཐོད་རྗེ་ལ་སོགས་བདུད་དམག་སྟོང་ཕྲག་དད་པ་སྐྱེས་ནས་བསྐྱབས་པས་ལྷའི་ཁྱེའུ་སྟོང་དུ་ཚེ་འཕོས་ནས་གཤེན་རབ་ཀྱི་འཁོར་དུ་གྱུར་ཏོ། ། ཁྱབ་པས་ཕ་མ་སོགས་བདུད་དམག་མང་པོ་སླར་སྟོན་པའི་འཁོར་དུ་ཤོར་བས་མྱ་ངན་གྱིས་གདུངས་ཏེ་ངུ་སྒྲ་དྲག་པོར་ཕྱུང་བ་ལ། སྟོན་པས་ཚེམས་མཆེ་བ་གཡས་གཡོན་ལ་དུང་འཕར་ཆེན་གཞན་ལ་འཕར་ཆུང་དུ་སྤྲུལ་ནས་སྒྲ་ཕྱུང་བས་བདུད་ཀྱི་མྱ་ངན་གྱི་ངུ་སྒྲ་ཆད་དོ། ། དེར་ཀོང་རྗེ་ལ་ཡང་དད་པ་སྐྱེས་ཏེ་ཀོང་བཟའ་ཁྲི་ལྕམ་ཁབ་ཏུ་ཕུལ་ཏེ་ཀུན་བཀའ་འབངས་སུ་ཕུལ་ལོ། ། ཡུལ་དེ་རྒྱལ་གྱི་གོང་ན་གཤེན་གཉེན་པར་བཏེགས་པས་རྒྱལ་ཁྲི་གཉེན་སྟེང་དུ་བཏགས་སོ། ”། ཞེས་དང༌། ཡང་དེ་ཉིད་ལས། “དེར་ཁྱབ་པའི་ཕ་མ་གཉིས་དང་ཀོང་རྗེ་སོགས་སེམས་ཅན་མང་པོ་སངས་རྒྱས་པར་གྱུར་ཏོ། ། ཁྱབ་པ་ཉིད་དད་པ་མ་སྐྱེས་ཀྱང་ཉིན་མོར་གཤེན་འཁོར་རྣམས་དང་མཐུན་པར་དགེ་སྤྱོད་ཀྱི་ཚུལ་བཟང༌། རང་གི་བུ་གཉིས་དང་ཆུང་མ་བཅས་ལ་བསླུ་ཚིག་མང་དུ་བསྙད་ཀྱང་ཉན་དུ་མ་འདོད་པར་དེར་སྟོན་པ་ལོངས་སྤྱོད་རྒྱན་ཟས་དང་ཕྲལ་བར་དྲན་ནས་རིན་པོ་ཆེའི་གཏེར་མཛོད་ལ་ཁ་བ་ཕབ་པས་ཀྱང་ཉེས་མ་ནུས། པད་མའི་སྡོང་པོ་བཅད་པས་མ་ཆོད། སྨན་དང་འབྲུའི་ནགས་ཚལ་དུག་སད་བཏབ་པས་མེ་ཏོག་གི་མདངས་ཀྱང་མ་ཉམས། དེར་སྟོན་པ་ཕྱྭའི་ཡུལ་དུ་གཤེགས་པའི་ཤུལ་དུ་བདུད་ཀྱིས་གཤེན་རབ་ཀྱི་བཙུན་མོ་དབོ་བཟའ་ཀོང་བཟའ་གཉིས་བསླུས་ཏེ་དཔེ་སྒྲོམ་ཡང་ཆུང་ཞུགས་ལ་བཞེས་པའི་དཔེ་བུམ་ཚིག་འཕྲོ་ལ་དཔའ་བོ་འབྲུ་ལྔ་མ་ཚིག་པར་སྣང་བ་ལ་བརྟེན་སྟོན་པའི་བྱིན་རླབས་ཀྱིས་འཕྲུལ་ཡིག་སུམ་ཅུ་རྩ་བརྒྱད་དུ་འཕེལ་ལོ། ” ། ཞེས་གསུངས་ཡོད་པ་འདི་དག་གིས་གཤེན་རབ་མི་བོ་ཆེ་ཡིས་རང་ལ་དགྲར་འཛིན་པའི་རྒྱལ་ཕྲན་དེ་དག་ཞི་བའི་ཐབས་ཀྱིས་དབང་དུ་བསྡུས་ཡོད་པ་དང༌། རྒྱལ་ཕྲན་དེ་དག་གིས་ཀྱང་མི་འདོད་བཞིན་དུ་བརྩི་བཀུར་ཞུ་དགོས་པའི་གནས་ཚུལ་གསལ་བ་དེས་གཤེན་རབ་ཀྱི་སྟོབས་ཤུགས་དེས་ཞང་ཞུང་སོགས་སྟོད་ཀྱི་མངའ་རིས་སྐོར་གསུམ་ཙམ་དུ་མ་ཟད། བོད་ཁམས་ཡོངས་ལ་ཤུགས་རྐྱེན་ཐེབས་ཡོད་པ་གསལ། བརྡོལ་བོན་དམར་མཆོད་ཀྱི་སྲོལ་བསྣུབས་པའི་ཚུལ་ནི། མཁས་དབང་ནམ་མཁའི་ནོར་བུས་མཛད་པའི་ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་》 དུ་དྲངས་པའི་སྲིད་པ་སྤྱི་མདོས་ཀྱི་ལུང་དང་དེའི་འགྲེལ་བཤད་དང་བཅས་པ་ཅུང་ཟད་ཅིག་བཀོད་ན།
བོན་གྱི་དཔེ་རྒྱུན་རྙིང་པ་《སྲིད་པ་སྤྱི་མདོས་》ཞེས་སུ་གྲགས་པ་ལས།
བདུད་བོན་གྱི་དམར་ཐབས་ལ། །
གཤེན་རབ་ནི་ཅི་དགྱེས་ཏེ། །
ཁྱབ་པ་ནི་ཆོམ་ལ་ཕབ། །
འབྲུ་དཀར་གྱི་གཏོར་མས་མཆོད། །
དམར་ཐབས་ཀྱི་འདྲེས་བྱུང་ན། །
གཤེན་རབ་ལ་ནོངས་པ་མཐོལ། །
གདོན་བོན་གྱི་ཤེ་ཚུའི་སྐྱེམས། །
གཤེན་རབ་ནི་ཅི་དགྱེས་ཏེ། །
གདོན་འདྲེ་ནི་ཆོམ་ལ་ཕབ། །
འབྲུ་དཀར་གྱི་ཡུ་ཏིས་མཆོད། །
ཤེ་ཚུའི་ཡིས་འདྲེས་བྱུང་ན། །
གཤེན་ལྷ་ལ་ནོངས་པ་མཐོལ། །
ཞེས་པས་བདུད་བོན་དང༌། གདོན་བོན་རྣམས་གཤེན་རབ་ཀྱི་སྔོན་ནས་ཡོད་པ་དང༌། དེ་དག་གིས་དམར་མཆོད་བྱེད་སྲོལ་ཡོད་པ་ལ་གཤེན་རབ་མ་དགྱེས་ནས་བདུད་བོན་དང༌། གདོན་བོན་རྣམས་ཆམ་ལ་ཕབ། དེ་དག་གི་སྤྱོད་ཚུལ་དུ་སེམས་ཅན་གྱི་རིགས་འགའ་ཞིག་བསད་ནས་ཤ་རུས་ཀྱི་མཆོད་པ་བྱེད་སྲོལ་ཡོད་པ་དེ་དག་གི་ཚབ་ཏུ་འབྲུ་དཀར་གྱི་གཏོར་མས་འཐུས་པར་བྱས་པ་དང༌། ཤེ་ཚུ་སྟེ་ཁྲག་གི་སྐྱེམས་འབུལ་སྲོལ་ཡོད་པ་དེའི་ཚབ་ཏུ་ཡུ་ཏི་སྟེ་འབྲུ་ཆང་གིས་འཐུས་པར་བྱས་པའི་མདོས་ཆོག་གི་སྲོལ་གསར་དུ་བཏོད། །
ཅེས་གསུངས་པ་ལྟར་རོ། ། གཤེན་རབ་ཀྱི་སྐུ་ཡི་རྣམ་པ་དེའང་གདུལ་བྱ་ཐུན་མིན་རྣམས་ཀྱི་སྣང་ངོར་སོ་སོའི་ལས་སྣང་དང་མཐུན་པའི་རྣམ་པ་མི་འདྲ་བ་རེ་འཆར་ཆོག་པ་ནི་བོན་ལུགས་གྲུབ་མཐའ་སྨྲ་བ་རྣམས་ཀྱི་བཞེད་པ་ཇི་བཞིན་ཡིན་སྲིད་ཀྱང༌། དེང་དུས་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་བརྙན་དང་འདྲ་པོ་ཞིག་བཟོས་ཡོད་པ་འདི་ནི་ཕྱིས་ཀྱི་བོན་པོ་ཚོས་མཛེས་ཆ་བཀོད་ཡོད་པར་ངེས་ལ། དོན་དུ་《གཡུང་དྲུང་ནོར་བུའི་དོ་ཤལ་》དུ་དྲངས་པའི་སྲིད་མདོས་ཀྱི་ལུང་ལས།
གཤེན་རབ་མི་བོ་ཆེ། །
སྐུ་མདངས་དུང་ཟླ་འདྲ། །
འཛུམ་མདངས་མེ་རེ་རེ།
སྐུ་ལྟོས་རི་ལས་བརྗིད། །
མུ་ཐིང་རལ་པ་ནི། །
མུ་འོད་ཁྱུགས་སེ་ཁྱུགས། །
སྐུ་ལ་ཅི་གསོལ་ན། །
རྒོད་ཐུལ་ལྷམས་སེ་ལྷམ། །
ཞེས་གསུངས་པ་ལྟར་ན།