མངའ་མཛད་བྱུང་བའི་དུས་རབས།

རྩོམ་པ་པོ།   མེད  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།    ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།

        མངའ་མཛད་ཐོག་མར་བྱུང་བ་ཞེས་པ་ནི་མི་ཡིས་མི་ལ་དབང་སྒྱུར་བྱེད་པའི་དུས་རབས་ཀྱི་འགོ་ཚུགས་པ་ལ་ཟེར།         དེ་ནི་བསྐལ་པ་ཡ་ཐོག་གམ་གདོད་མའི་སྤྱི་ཚོགས་ཀྱི་མཇུག་རྫོགས་ནས་བྲན་གཡོག་ལམ་ལུགས་ཀྱི་འགོ་ཚུགས་པའི་དུས་རབས་སུ་བྱུང་ལ།   རང་རེ་བོད་ཀྱི་ཡུལ་འདིར་སྤྱི་ལོའི་སྔོན་གྱི་ལོ་ངོ་ཁྲི་སྟོང་མང་པོའི་གོང་ན།    བོད་ཀྱི་ལོ་རྒྱུས་ཐོག་ཏུ་མངའ་མཛད་ཀྱི་ཐོག་མ་ནི་གནོད་སྦྱིན་ནག་པོའི་དུས་རབས་ནས་འགོ་ཚུགས་ཏེ།   གནའ་བོའི་དཔེ་རྙིང་རྣམས་ཀྱི་ནང་དུ་སྤུ་རྒྱལ་གོང་དུ་མངའ་མཛད་དྲུག་གམ་བཅུ་བྱུང་ཚུལ་《བཀའ་ཐང་སྡེ་ལྔ་》ལས།   
དེ་དུས་བོད་ཁམས་མི་ལ་རྗེ་མེད་པས།   '
རི་བྲན་བྲག་མཁར་ཀུན་ལ་རྫོང་ཡང་བཅས།   ། 
གོས་དང་ཁ་ཟས་བཙན་མཁར་ནོར་བུ་བཅུག། 
རྒོལ་དུ་མི་ཐུབ་དམག་གྲངས་ཉུང་བའི་དུས།   ། 
རང་ལ་དབང་མེད་ཚོགས་རྒྱབ་སྲབ་པའི་དུས།   ། 
བོད་ཡུལ་གངས་རི་རྩེ་དགུའི་ལྗོངས་འདི་རུ།   ། 
སྤུར་རྒྱལ་གོང་དུ་མངའ་མཛད་དྲུག་ཏུ་བྱུང༌།   ། 
ཞེས་དང༌།  《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས།   
བོད་ཁམས་ཡུལ་དུ་རུང་བར་གྱུར་ནས་ཀྱང༌།   ། 
དང་པོ་མི་མ་ཡིན་གྱི་ཡུལ་དུ་གྱུར།   ། 
གནོད་སྦྱིན་ལ་སོགས་བཅུ་ཡིས་དབང་བྱས་སྐད།   ། 
        ཅེས་སོགས་གསུངས་ཡོད་པ་དང༌།    གཞན་ཡང་ཆབ་མདོ་ཁ་རུབ་དང༌།    ལྷ་སའི་ཆུ་གོང་སོགས་ནས་ལོ་ངོ་བརྒྱད་སྟོང་ནས་ལྔ་སྟོང་བར་གྱི་རྡོ་ཆས་གསར་པའི་དུས་རབས་ཀྱི་གནའ་རྫས་མང་པོ་ཞིག་རྙེད་ཡོད་པ་དང༌།     དེར་བརྟེན་གནོད་སྦྱིན་ནག་པོ་ལ་སོགས་པའི་དུས་རབས་དེ་དག་མི་ཡི་འགྲོ་བ་བྱུང་བའི་དུས་རབས་ཡིན་པ་ལ་ཐེ་ཚོམ་གཏན་ནས་མེད་པ་ཞིག་རེད།     དེ་ལྟར་དབང་སྒྱུར་གྲལ་རིམ་གྱི་ཚོ་པ་དག་ཆགས་པ་ནས་བཟུང་རྟག་པར་ཕན་ཚུན་གཡུལ་བཀྱེས་ཏེ།     ཚོ་པ་གཅིག་གིས་གཅིག་ལ་དབང་སྒྱུར་བྱེད་ཅིང་འོག་སྡེ་མངའ་འབངས་ཇེ་མང་དང༌།     སྟོབས་རྩལ་ནུས་ཤུགས་ཇེ་ཆེར་ཆགས་པའི་མཐར་བྲན་གཡོག་བདག་པོའི་རྒྱལ་ཁབ་ཞིག་ཏུ་ཆགས་པ་ནི་ཆོས་ཉིད་ཅིག་རེད།     གདོད་མའི་དུས་མཇུག་ཏུ་བྱུང་བའི་དབང་སྒྱུར་བྱེད་མཁན་ལྷ་དང་གཉན་དང་གནོད་སྦྱིན་ལ་སོགས་པ་བཅུ་པོ་དེ་དག་ནི་རིགས་སྤྱིའི་མིང་ཡིན་པ་ལས།     གང་ཟག་གཅིག་མཚོན་པར་བྱེད་པའི་མིང་མིན་ཏེ།    དཔེར་ན་བོད་ཀྱི་དུས་རབས་དང༌།   རྒྱ་ཡི་དུས་རབས།   སོག་པོའི་དུས་རབས་ཟེར་བ་ལྟ་བུ་དང་གཅིག་པ་ཡིན་པའི་ཕྱིར།    དེས་ན་འདིའི་ནང་གསལ་བའི་དུས་རབས་རེ་ལ་མ་མཐར་ཡང་དཔོན་རབས་བཅུ་ཕྲག་ཁ་ཤས་དང༌།    ལོ་གྲངས་བརྒྱ་ཕྲག་ཁ་ཤས་ཀྱི་དུས་ཡུན་ཡིན་པར་ཤེས་དགོས། 

        གཞན་ཡང་གནའ་བོའི་དཔེ་རྙིང་ཁག་ཏུ་འཁོད་པའི་མངའ་མཛད་འདི་དག་གི་སྐོར་གྱི་སྡོམ་ཚིག་ལ་དཔྱད་ན།    སྐབས་དེར་མངའ་མཛད་སོ་སོས་ཡུལ་གང་ལ་བདག་དབང་བྱས་པ་དང༌།    ཐོན་སྐྱེད་ཀྱི་ལག་ཆ་གང་དང་གང་གསར་སྐྲུན་བྱས་པ་གསལ་པོར་བསྟན་འདུག་པས།    དེ་དག་ལ་བརྟགས་ན་སྐབས་དེའི་ལོ་རྒྱུས་ཀྱི་རྣམ་པ་རགས་ཙམ་ཤེས་ཐུབ།  《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས།   
དང་པོར་གནོད་སྦྱིན་ནག་པོས་དབང་བྱས་ཏེ།   །   
ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་ཟེར།   ། 
མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང༌།   ། 
དེ་ནས་རེ་ཏེ་མགོ་གཡག་བདུད་ཀྱིས་བྱས།   ། 
མིང་ཡང་བདུད་ཡུལ་ཁ་རག་རོང་དགུར་བཏགས།   ། 
སྟ་རེ་དགྲ་སྟ་དེ་ཡི་དུས་སུ་བྱུང༌།   ། 
དེ་ནས་སྲིན་པོ་གཉའ་རེངས་ཁྲག་མིག་བྱས།   ། 
ཡུལ་མིང་སྲིན་པོ་ནག་པོ་དགུ་ཡུལ་ཟེར།  ། 
སྲིན་མོའི་རྐང་དང་སྒྱོགས་གཉིས་ལག་ཆ་བྱུང༌།   ། 
བཞི་པ་དམར་འཇམ་ལྷ་ཡིས་དབང་བྱས་ཏེ།   ། 
ལྷ་ཡུལ་གུང་ཐང་ལག་ཆ་ཆུ་གྲི་བྱུང༌།   ། 
ལྔ་པར་རྨུ་རྒྱལ་ཁོ་རྗེ་ཞེས་བྱས་བཟུང༌།   ། 
ད་ཕྲང་ཅང་ཕྲང་ལག་ཆ་ཞགས་པ་འཕེན།   ། 
དྲུག་པར་ཀྲོག་ཀྲོག་འདྲེ་ཡིས་དབང་བྱས་ཏེ།   ། 
ལང་ཏང་ལིང་ཏང་བར་ཁ་འུར་རྡོ་འཕེན།   ། 
བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ།   ། 
ཡུལ་གྱི་མིང་ལ་བོད་ཁ་ཉ་དྲུག་ཟེར།   ། 
ལག་ཆར་དོང་རལ་གོ་ཆ་ཕུབ་ཆུང་བྱུང༌།   ། 
བརྒྱད་པ་ཀླུས་བཟུང་བོད་ཁམས་གླིང་དགུ་བཏགས།   ། 
དགུ་པ་རྒྱལ་པོས་དབང་བྱས་ངམ་པོ་ཅེ།   ། 
བཅུ་པ་འགོང་པོ་སྤུན་དགུས་དབང་བྱས་ཏེ།   ། 
ཡུལ་གྱི་མིང་ཡང་སྟོང་སྡེ་བཅོ་བརྒྱད་ཟེར།   ། 
ཞེས་དང༌།   《ལྡེའུ་ཆོས་འབྱུང་》ལས།   
དང་པོ་གནོད་སྦྱིན་ནག་པོ་ཞེས་བྱ་བ་བྱུང་སྟེ།   ། 
ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་བྱ་བར་བཏགས།   ། 
ལག་ཆ་མདའ་གཞུ་འཕེན་པ་དེ་ནས་བྱུང༌།   ། 
གཉིས་པ་རེ་ཏེ་མགོ་གཡག་བདུད་ཀྱིས་བྱས།   ། 
ཡུལ་གྱི་མིང་ཡང་བདུད་ཡུལ་གླིང་དགུ་ཟེར།   ། 
སྟ་རེ་དགྲ་སྟ་དུས་དེར་ལག་ཆར་བྱུང༌།   ། 
གསུམ་པ་གཉའ་རེང་ཁྲག་མེད་སྲིན་གྱིས་བྱས།   ། 
ཡུལ་གྱི་མིང་ལ་ནག་པོ་དགུ་དུས་ཟེར།   ། 
ལག་ཆ་སྲིན་པོ་རྐང་དང་སྒྱོགས་གཉིས་བྱུང༌།   ། 
བཞི་པ་དམར་འཇམ་ཞེས་བྱ་ལྷ་ཡིས་བྱས།   ། 
ཡུལ་གྱི་མིང་ནི་ལྷ་ཡུལ་གུང་ཐང་ཟེར།   ། 
ལག་ཆ་ཁ་ཊཾ་རྩེ་གསུམ་དེ་ནས་བྱུང༌།   ། 
ལྔ་པ་ཀླུར་དབང་ངམ་བྲང་ཅང་བྲང་ཟེར།   ། 
ལག་ཆ་མདུང་ལ་བྱེད་པ་དེ་ནས་བྱུང༌།   ། 
དྲུག་པ་འདྲེས་དབང་བྱས་ལང་ཏང་ལིང་ཏང་ཟེར།   ། 
ལག་ཆ་སྒྱུག་པ་སྐྱོག་ཅན་དེ་ནས་བྱུང༌།   ། 
བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ།   ། 
ཡུལ་གྱི་མིང་ནི་བོད་ཁམས་གཡང་དྲུག་ཟེར།   ། 
ལག་ཆར་དོང་རལ་ཕུབ་ཆུང་དེ་ནས་བྱུང༌།   ། 
བརྒྱད་པ་ཀླུ་ཡིས་དབང་བྱས་བོད་ཁམས་གླིང་དགུར་བཏགས།   ། 
དགུ་པ་མི་མ་ཡིན་གྱིས་དབང་བྱས་ཏེ།   ། 
ཡུལ་གྱི་མིང་ནི་ངམ་ཡུལ་ནག་པོར་བཏགས།   ། 
བཅུ་པ་ཟ་རིད་སྤུན་དྲུག་དག་གིས་དབང་བྱས་ཏེ།   ། 
ཡུལ་གྱི་མིང་ལ་སྟོང་སྡེ་བཅོ་བརྒྱད་ཟེར།   ། 
བཅུ་གཅིག་རྒྱལ་ཕྲན་བཅུ་གཉིས་དབང་བྱས་སྐད།   ། 
ཀུན་གྱི་ཐ་མར་སིལ་མ་བཞི་བཅུ་བྱས།   ། 
ཡུལ་གྱི་མིང་ནི་བཟང་ཡུལ་གྱད་དུ་བཏགས།   ། 
ཞེས་སོགས་བྱུང་བ་དང༌།   《བཀའ་ཐང་སྡེ་ལྔ་》ལས།   
དང་པོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ།  ། 
ཡུལ་མིང་བདུད་ཡུལ་ཁ་རག་མགོ་དགུར་བཏགས།   ། 
སྔ་རྟགས་གཉེན་པོ་བཙན་པ་དེ་ནས་བྱུང༌།   ། 
དེ་ནས་བདུད་དང་སྲིན་པོས་དབང་བྱས་ཏེ།   ། 
མིང་ཡང་ལྷ་སྲིན་གཉིས་ཀྱི་ཡུལ་དུ་བཏགས།   ། 
སྔ་རྟགས་ཤ་ཟ་གདོང་པ་དམར་བ་བྱུང༌།   ། 
དེ་ནས་ཀླུ་དང་བཙན་གྱིས་དབང་བྱས་ཏེ།   ། 
ཡུལ་གྱི་མིང་ལ་བོད་ཁམས་གླིང་དགུར་བཏགས། 
སྔ་རྟགས་དཀར་བུ་ཆུ་ལ་སྤྱོད་པ་བྱུང༌།   ། 
དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ།   ། 
ཡུལ་མིང་བོད་ཁམས་གཡའ་དྲུག་བྱ་བར་བཏགས།   ། 
སྔ་རྟགས་མདའ་མདུང་མཚོན་ཆ་དེ་ནས་བྱུང༌།   ། 
དེ་ནས་ཟ་རམས་སྐྱེས་དྲུག་དབང་བྱས་ཏེ།   ། 
ཡུལ་མིང་སྟོང་སྡེ་བཅོ་བརྒྱད་བྱ་བར་བཏགས།   ། 
སྔ་རྟགས་རྟ་བཞོན་རྣ་ཆ་འདོགས་པ་བྱུང༌།   ། 
དེ་ནས་རྒྱལ་ཕྲན་བཅུ་གཉིས་དབང་བྱས་ཏེ།   ། 
ཡུལ་གྱི་མིང་ནི་སྭ་ཁ་བརྒྱད་དུ་བཏགས།   ། 
སྔ་རྟགས་ཕྱག་དང་ཞེ་ས་དེ་ནས་བྱུང༌།   ། 
ཞེས་སོགས་དང༌།   《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་》ལས།   
དེ་ལྟར་ཁ་བ་ཅན་གྱི་བོད་ཁམས་འདི། 
སྲིད་པ་དང་པོ་ནམ་མཁའི་ལྷས་བཟུངས་ཏེ།   ། 
ཐུགས་དཀར་གེ་ཁོད་གཙང་མའི་ལྷ་རིགས་རྣམས། 
གཡའ་རི་གངས་དཀར་རྩེ་ལ་གནས་བཅས་ཤིང༌། 
སྨྲ་དང་མི་ཡི་མགོན་བྱེད་བོན་བསྟན་སྲུང༌།   ། 
དེ་དུས་སྨྲ་དང་མི་གཉིས་གཅིག་ཏུ་གནས།   ། 
ཡུལ་མིང་སྨྲ་འམ་ལྷ་ཡུལ་གུང་ཐང་ཞེས།   ། 
མི་ཡིས་དུད་འགྲོར་མི་འཚེ་གཏམ་བརྡ་འཕྲོད།   ། 
མི་ལོ་ཁྲི་འབུམ་མང་པོར་དེ་ལྟར་གནས།   ། 
དེ་རྗེས་བསྐལ་པར་མ་སངས་གཉན་གྱིས་དབང་མཛད་དེ།   ། 
རྫ་རི་སྤང་ལྗོངས་ཤིང་ལ་གནས་བཅས་ནས།   ། 
འགྲོ་བ་མི་དང་གཉེན་བསྡེབས་དེ་ཕན་བྱེད།   ། 
མི་དང་གཉན་དག་མཛའ་བཤེས་ཚུལ་དུ་གནས།   ། 
མི་དག་གཉན་གྱི་གནས་སུ་འགྲོ་བ་དང༌།   ། 
གཉན་ཡང་མི་ཡི་ཁྱིམ་འོང་གཏམ་གླེང་བྱེད།   ། 
དེ་དུས་མི་ཡིས་དུད་འགྲོ་གསོད་པ་བྱུང༌།   ། 
ཡུལ་གྱི་མིང་ནི་གཉན་ཡུལ་གསེར་སྟེང་ཞེས།   ། 
དེ་རྗེས་འཕྱེ་བོ་ཀླུ་ཡི་དབང་བྱས་ཏེ།   ། 
མཚོ་རྫིང་ཆུ་ཀླུང་ནེ་གསེང་ལ་གནས་བཅས།   ། 
འགྲོ་བ་མི་དང་གྲོགས་བསྡེབས་དཔལ་ཁ་བསྐྱེད།   ། 
སྤྲིན་སྡུད་ཆར་འབེབས་རྩི་ཤིང་ལོ་འབྲས་བསྐྱེད།   ། 
མི་རྣམས་མནོལ་བཙོག་བྱས་ཚེ་ཀླུས་གནོད་བྱེད།   ། 
དེ་བཅོས་ཀླུ་འབུམ་ཀླུ་ཆོག་ལ་སོགས་དར།   ། 
ཡུལ་མིང་ཀླུ་ཡུལ་ན་ར་གསེང་སྔོན་ཞེས།   ། 
སྔ་རྟགས་རྟ་ཕྱུགས་ལོངས་སྤྱོད་བྱེད་པ་བྱུང༌།   ། 
དེ་རྗེས་གནོད་སྦྱིན་བཙན་གྱིས་མངའ་དབང་མཛད།   ། 
ཐུགས་དམར་བཙན་དང་གནོད་སྦྱིན་བོད་དུ་གྲོལ།   ། 
རྫ་བྲག་ནགས་ཁྲོད་ཤིང་ལ་གནས་བཅས་ཏེ།   ། 
འགྲོ་བ་མི་ལ་ཕན་དང་གནོད་པ་བྱེད།   ། 
བཙན་བཅོས་ལ་སོགས་མདོས་གླུད་གཏོང་བ་བྱུང༌།   ། 
ཡུལ་ལྷ་མཆོད་པས་མི་དང་གཏམ་ཡང་སྨྲ།   ། 
ཡུལ་མིང་གདོང་དམར་བཙན་གྱི་ཡུལ་ཞེས་བྱ།   ། 
སྔ་རྟགས་གཉན་པོ་བཙན་པ་དེ་ནས་བྱུང༌།   ། 
དེ་རྗེས་བདུད་དང་སྲིན་མོས་དབང་བྱས་ཤིང༌།   ། 
བྲག་རི་དམར་ནག་ནགས་ཁྲོད་ལ་གནས་བཅས།   ། 
འགྲོ་བ་མི་ལ་གནོད་བྱེད་དངོས་སུ་ཟ།   ། 
མི་རྣམས་སེམས་ཅན་ཤ་ཟ་གདོང་པ་དམར།   ། 
ཡུལ་མིང་བདུད་ཡུལ་ནག་པོ་དགུ་སུལ་ལམ།   ། 
ཁ་རག་སྒོ་དགུ་ལྷ་སྲིན་གཉིས་ཀྱི་ཡུལ།   ། 
མི་དང་སྲིན་འབྲེལ་སྲིན་གྱི་ཚ་བོའང་མང༌།   ། 
འགལ་རྐྱེན་བྱུང་ན་ཡུལ་ལྷ་དམར་གྱིས་གསོལ།   ། 
དེ་རྗེས་མི་ལས་གདོན་གྱུར་བདུད་ཀྱིས་བཟུང༌།   ། 
རྩི་ཤིང་རྡོ་ཁང་བྲག་ལ་གནས་བཅས་ནས།   ། 
བོད་ཀྱི་ཆུ་བོ་བཞི་འདུས་འགོ་མཇུག་བཟུང༌།   ། 
མི་དང་བསྡོངས་ཏེ་གཤེན་ལ་དོ་རུ་བསྡོ།   ། 
བདུད་སྲིན་མི་དང་སྲིད་བསྡེབས་དམག་དཔུང་འདྲེན།   ། 
སྟོན་པ་བྱོན་ནས་ཐམས་ཅད་དབང་དུ་བསྡུས།   ། 
ལྷ་སྲིན་སྡེ་བརྒྱད་བཀའ་བསྒོས་དམ་ལ་བཞག  ། 
མི་ལ་ལྷ་གསོལ་བྱུར་ཕུད་བཀའ་ལུང་ཕོག  ། 
འདི་ཡན་ལྷ་སྲིན་མི་དང་མ་བྱེའི་དུས།   ། 
བསྐལ་པའི་དུས་རབས་ཆེན་པོ་དྲུག་ཙམ་བྱུང༌།   ། 
མི་ལོ་འབུམ་ཕྲག་མང་པོའི་ཡུན་དུ་གནས།   ། 
མི་ཡི་ཁྱིམ་ཡང་ས་ཁུལ་བྲག་ཕུག་དང༌།   ། 
བྱུང་བའི་རྡོ་ཁང་བརྩེགས་དབུབ་བྱེད་པ་ལས།   ། 
ཤིང་གཅོད་ཐག་ཚེམ་སོགས་ཀྱི་ལས་མི་ཤེས།   ། 
ཟས་ནི་སར་སྐྱེས་ལྡུམ་དང་ཤ་ཟ་ལས།   ། 
ཞིང་འདེབས་བཟའ་ཤིང་འཛུགས་པའི་རིག་པ་མེད།   ། 
དེ་འོག་བསྐལ་པར་ཞང་ཞུང་བོད་དང་ཁམས།   ། 
སོ་སོར་རིམ་བྱེ་མི་རྣམས་ལས་རིམ་ཤེས།   ། 
ལྷ་སྲིན་སྡེ་རྣམས་རི་བྲག་ཆུ་སོགས་ལ།   ། 
གནས་ཤིང་དངོས་སུ་མི་རྒྱུ་བརྫུས་ཏེ་སྐྱེ།   ། 
གདོས་བཅས་ལུས་མིན་མི་ལས་ལྐོག་གྱུར་ཏེ།   ། 
མི་དང་ལྷ་འདྲེ་འབྲེལ་བ་ཇེ་ཉུང་སོང༌།   ། 
ཕན་ཚུན་མི་མཐོང་གནས་དང་རང་བཞིན་བསྐལ།   ། 
བོད་ཡུལ་མ་སངས་སྤུན་དགུས་དབང་བྱས་ཏེ།   ། 
ཡུལ་མིང་བོད་ཁམས་གཞུང་དྲུག་ཅེས་སུ་གྲགས།   ། 
སྔ་རྟགས་མདའ་མདུང་མཚོན་ཆ་བརྩེ་བ་དང༌།   ། 
བཞོན་པ་ཞོན་དང་དངོས་པོ་ཉོ་ཚོང་བྱུང༌།   །   
དེ་རྗེས་ཟ་རམ་སྐྱེས་དྲུག་གིས་དབང་བྱས།   ། 
ཡུལ་མིང་བོད་ཡུལ་སྟོང་སྡེ་བཅོ་བརྒྱད་ཅེས། 
སྔ་རྟགས་མགོ་རྒྱན་རྣ་ཆ་འདོགས་པ་དང༌།   ། 
གླུ་གར་རོལ་རྩེད་དགའ་སྟོན་བྱེད་པ་བྱུང༌།   ། 
དེ་རྗེས་རྒྱལ་ཕྲན་བཅུ་གཉིས་དབང་བྱས་ཏེ།   ། 
ཡུལ་མིང་བོད་ཡུལ་སྦར་ཁ་ཆེ་བརྒྱད་ཅེས།    ། 
སྔ་རྟགས་ཕྱག་དང་ཞེ་ས་བྱེད་པ་དང༌།   ། 
སྔར་གྱི་སྒྲུང་གཏམ་ཕྱིས་མིས་བཤད་པ་བྱུང༌།   ། 
དེ་རྗེས་དེར་གྱེས་རྒྱལ་ཕྲན་སིལ་མ་ནི།   ། 
བཞི་བཅུའི་བར་འཕེལ་བོད་ཁམས་གླིང་དགུ་ཞེས།   ། 
སྔ་རྟགས་བོན་ལ་སྐྱབས་གསོལ་ཐར་པ་བསྒྲུབ།   །   
ལྷ་རྟེན་བརྩེགས་ཤིང་རྟེན་གསུམ་བཞེངས་པ་བྱུང༌།   ། 
དུས་རབས་དེ་བཞིའི་རིང་ལ་རིམ་བཞིན་དུ།   ། 
ལྕགས་རིགས་རྙེད་ཅིང་རྡོ་བཟོ་ཤིང་གཅོད་ཤེས།   ། 
སྤུ་བྲེག་ཐག་ཚེམ་ཞིང་འདེབས་སོགས་ཤེས་དུས།   ། 
འབྲོག་དང་ཡུལ་པ་ཞེས་པའི་སྲིད་པ་བྱུང༌།   ། 
དེ་ནས་སྤུ་རྒྱལ་བཙན་པོས་དབང་མཛད་དེ།   ། 
རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་དང༌།   ། 
ཡུལ་ལ་སྔ་བ་ཡར་ལུང་སོག་ཁ་ཞེས།   ། 
ཡུལ་གྱི་མིང་ནི་བོད་ཡུལ་རུ་བཞིར་གྲགས།   ། 
ཞེས་སོགས་སོ།   །
        གོང་གསལ་ཡིག་ཆ་ཁག་ལས་ཟེར་ཚུལ་མི་འདྲ་བ་ཅུང་ཟད་བྱུང་བ་དག་དཔྱད་གཞིར་བཟུང་སྟེ་མདོ་དོན་ཧྲིལ་གྱིས་དྲིལ་ན།    མངའ་མཛད་སོ་སོའི་མིང་འདི་དག་དེང་དུས་བོད་ལ་ཡོངས་སུ་གྲགས་པ་མི་མ་ཡིན་པ་རིགས་མི་འདྲ་བ་རྣམས་ཀྱི་མིང་དུ་ཆགས་པར་སེམས།    འདི་ནི་གནའ་བོའི་རྩོད་ལྡན་གྱི་དུས་སུ་བོད་འབངས་རྣམས་དུས་རྟག་ཏུ་མནར་གཅོད་ཀྱི་སྡུག་བསྔལ་དྲག་པོས་གཙེར་བའི་འཚོ་བ་མྱོང་དགོས་པའི་རྣམ་པ་དེ་དུས་རབས་ཀྱི་མིང་གིས་མཚོན་ཡོད་པ་འདྲ་སྟེ།    རྩོད་ལྡན་སྙིགས་མའི་དུས་སམ་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་ནང་དུ།    སྡེ་ཤོག་བར་ཕན་ཚུན་གཡུལ་འགྱེད་ཅིང༌།    ཕ་རོལ་གྱི་མི་རྣམས་བཟུང་སྟེ་རང་གི་བྲན་གཡོག་ཏུ་བཀོལ་ཅིང༌།    རང་དབང་ཏིལ་འབྲུ་ཙམ་ཡང་མེད་པའི་སྒོ་ནས་ས་ཞིང་རྨོ་རྐོ་དང༌།    ཕྱུགས་ཟོག་འཚོ་སྐྱོང་སོགས་ཀྱི་ལས་ཀ་ཁོ་ན་བྱས་ཏེ།    མི་ཚེ་ཧྲིལ་པོར་ནུས་ཤུགས་གང་ཡོད་དེ་དཔོན་ཚང་གི་ཆེད་དུ་གཏོང་གིན་ཡོད་ཀྱང༌།    སྐབས་འགར་རྐྱེན་ཕྲན་ཚེགས་ཙམ་ལ་བརྟེན་ནས་ཡ་ང་སྙིང་རྗེ་མེད་པའི་རྡུང་རྡེག་དང་དམར་གསོད་བྱེད་པ།    གཞན་ལ་བཙོང་བ་བཅས་དུད་འགྲོ་ཕལ་པ་ཞིག་དང་འདྲ་བའི་འཚོ་བ་མྱོང་གིན་ཡོད་པའི་སྣང་ཚུལ་དེ།     རྗེས་སུ་བྱུང་བའི་མི་རྣམས་ཀྱིས་སྐབས་དེའི་འགོ་པ་ཚོ་ལ་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་བདུད་དང༌།     སྲིན་པོ་སོགས་ཀྱི་མིང་བཏགས་པའམ།    ཡང་ན་འགོ་པ་དེ་དག་གི་དུས་རབས་ཀྱི་མིང་དེ་ཕྱིས་ལྷ་འདྲེའི་གནོད་པ་མཚོན་བྱེད་ཀྱི་མིང་ཆགས་པ་གང་ཡིན་གསལ་པོར་ཁ་ཚོན་གཅོད་དཀའ་ནའང༌།    དེང་དུས་བོད་མི་རིགས་ཀྱི་ཁྲོད་དུ་དར་བའི་ཡུལ་སྲོལ་གོམས་གཤིས་འདི་ཡིས་སྐབས་དེའི་སྤྱི་ཚོགས་ཀྱི་རྣམ་པ་ཅུང་ཟད་ཙམ་ཤེས་ཐུབ།