གསོ་རིག་གི་མེས་པོ་གཡུ་ཐོག་ཡོན་ཏན་མགོན་པོ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།    ཀྲུང་གོའི་བོད་རིག་པའི་དྲ་ཚིགས།

        བོད་བཙན་པོའི་སྐབས་སུ་གཡུ་ཐོག་ཡོན་ཏན་མགོན་པོ་ཞེས་སུ་གྲགས་པའི་སྨན་པ་གྲགས་ཅན་ཞིག་བྱུང་ཞིང་། ཕྱིས་མི་ཚོས་ཁོང་ལ་བོད་ཀྱི་གསོ་རིག་མེས་པོ་དང་།   སྨན་བླ་གཉིས་པ་ཞེས་ཆེད་བསྟོད་ཀྱི་མཚན་གསོལ།   གཡུ་ཐོག་ཆེན་པོའི་ཕ་མེས་མི་རབས་རིམ་བརྒྱུད་ཚང་མ་བཙན་པོའི་བླ་སྨན་ཡིན་ཞིང་། ཁོང་དགུང་ལོ་བདུན་ནས་ཁྱིམ་དུ་ཡོད་པའི་གསོ་བ་རིག་པའི་གཞུང་ཡོད་ཚད་སྦྱངས་ཟིན་པ་མ་ཟད། ཡབ་རྗེའི་དྲུང་ནས་གསོ་རིག་ཤེས་བ་མང་པོ་སློབ་སྦྱོང་གནང་།   དགུང་ལོ་བཅུ་ནས་ནད་སྐོར་དུ་ཕེབས་ཏེ་ནད་པ་མང་པོར་སྨན་བཅོས་སྲོག་སྐྱོབ་གནང་བའི་ཁར་ཁོང་རང་གི་མཁྱེན་སྤྱོད་དང་རྩལ་ཡོན་ཁྱད་དུ་འཕགས་པ་མ་ཟད་བམས་དང་སྙིང་རྗེས་དབུལ་པོ་དང་།   ནད་པ་ཉམ་ཐག་མང་པོ་སྐྱོང་བ་དང་། ལྷག་པར་དམུ་རྫིང་ནད་ཀྱིས་མནར་བའི་ནད་པ་ཞིག་བསྐྱབས་པས་དེའི་སྲས་མོས་ཁོང་ལ་གཡུ་རྡོག་བདུན་ཕུལ་བ་དེ་དག་གཟིམ་ཁང་དུ་འབྱོར་སྐབས་ཞོར་ལ་ཁྱིམ་གྱི་ཐོག་སྟེང་དུ་གཡུག་པས། ཉིན་གཉིས་པའི་ཞོགས་པ་མི་ཚོས་ཁོང་གི་གཟིམ་ཁང་གི་ཐོག་སྟེང་ནས་གཡུ་ཡི་འོད་ལྷམ་ལྷམ་དུ་འཕྲོ་བ་མཐོང་བས། དེ་ནས་བཟུང་ཁོང་གི་མཚན་ལའང་གཡུ་ཐོག་ཡོན་ཏན་མགོན་པོ་ཞེས་གསོལ། གོ་དོན་ནི་གཡུ་ཡི་ཐོག་འོག་ཏུ་བཞུགས་པའི་སྨན་པ་ཡོན་ཏན་མགོན་པོ་ཞེས་པར་བའོ།   ། གཡུ་ཐོག་ཆེན་པོའི་རྩལ་ཡོན་དང་སྙན་གྲགས་ཇེ་ཆེར་སོང་ནས་རིམ་བཞིན་བཙན་པོ་མེས་ཨག་ཚོམ་གྱི་སྙན་དུ་འཁྱོལ་སྟབས་བཙན་པོ་ཉིད་ནས་བློན་པོ་ཆེད་དུ་མངགས་ནས་གཡུ་ཐོག་ཆེན་པོ་ཕོ་བྲང་དུ་གདན་ཞུ་མཛད་ནས་ཡབ་རྗེ་དང་ལྷན་དུ་བཙན་པོའི་བླ་སྨན་དུ་བསྐོ་བཞག་མཛད།    ཐོག་མར་ཉམས་སད་པའི་ཕྱིར་བཙན་པོས་ཆེད་མངགས་རྒྱ་དཀར་ནག་དང་།  བལ་པོ། ཏ་ཟིག ཁ་ཆེ་ལ་སོགས་ས་གནས་དགུ་ནས་སྨན་པ་མཁས་པ་མི་དགུ་གདན་དྲངས་ནས་གཡུ་ཐོག་ཆེན་པོར་གསོ་རིག་སྐོར་གྱི་དཀའ་གནད་ཀྱི་དྲི་བ་མང་པོ་འདོན་ཏུ་བཅུག་པར་ཁོང་གིས་དེ་དག་ལ་གནད་དུ་འཁེལ་བའི་ལན་འདེབས་གནང་མཛད་པས་གཡུ་ཐོག་པའི་མཁྱེན་ཡོན་ལ་དེ་དག་ཧ་ལས་ཏེ་ཀུན་གྱི་གཙུག་ཏུ་བཀུར་བས་བཙན་པོས་ཀྱང་དེ་བས་མཐོང་ཆེན་གནང་། བཙན་པོ་ཁྲི་སྲོང་ལྡེ་བཙན་ཁྲི་ལ་བཀོད་རྗེས་གཡུ་ཐོག་ཆེན་པོར་གསེར་ཕྱེ་མང་པོ་བསྐུར་ནས་རྒྱ་དཀར་ནག་དང་། ཏ་ཟིག  བལ་པོ་སོགས་ཀྱི་ཡུལ་དུ་མི་རིགས་གཞན་པའི་གསོ་རིག་གི་ཉིང་བཅུད་སློབ་ཏུ་བཏང་བས་གཡུ་ཐོག་ཆེན་པོས་ལོ་དགུ་དང་ཟླ་བ་བརྒྱད་ལྷག་ཙམ་རིང་སློབ་དཔོན་མཁས་པ་བརྒྱ་དང་རྩ་གཅིག་ཙམ་བསྟེན་ཏེ་གསོ་རིག་གིས་མཚོན་དེ་སྔོན་བོད་ནས་གོ་ཐོས་མ་མྱོང་བའི་གདམས་ངག་མང་པོ་གསན་བསམ་མཛད་པ་མ་ཟད་སྨན་གཞུང་མང་པོ་གདན་འདྲེན་ཞུས། ཁྲི་སྲོང་ལྡེ་བཙན་གྱིས་བོད་ཀྱི་མཁས་བའི་དབང་བོ་དང་།     ལོ་ཙཱ་བ་ཁག་ཅིག་གཡུ་ཐོག་ཆེན་པོའི་ཕག་རོགས་སུ་བསྡུས་ནས་གཡུ་ཐོག་ཆེན་པོས་ལོ་པཎ་རྣམས་ཀྱིས་བོད་དུ་སྔ་ཕྱིར་བསྒྱར་པའི་གསོ་དཔྱད་ཀྱི་གཞུང་རྣམས་ལ་དཔྱད་ཞིབ་ཀྱིས་སྙིང་པོ་ཕྱུང་སྟེ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཆེན་པོ 《བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུད 》ཅེས་བ་བ་འདི་ཉིད་བརྩམས་གནང་མཛད། གཞུང་འདི་ཉིད་ལོ་ངོ་ཆིག་སྟོང་ཕྱིས་ཀྱི་ད་ལྟའང་བོད་ཀྱི་གསོ་རིག་སྦྱོང་མཁན་ཚོའི་ཀློག་དེབ་དང་། རྒྱལ་ཕྱི་རྒྱལ་ནང་དུའང་གཞུང་ལུགས་ཆེན་པོ་དེར་སློབ་སྦྱོང་དང་ཞིབ་འཇུག་གནང་མཁན་མང་པོ་ཡོད། གཡུ་ཐོག་ཆེན་པོ་དགུང་ལོ་ལྔ་བཅུ་ང་ལྔ་ཙམ་བཞེས་པའི་སྐབས་སུ་དཔོན་འཁོར་བུ་སློབ་དང་བཅས་པ་ཕག་ཕྱིར་ཁྲིད་དེ་ཀོང་པོ་སྨན་ལུང་བ་བར་བྱོན་ནས་དེར་སྨན་སློབ་ཀྱི་དགོན་པ་ལྟ་ན་སྡུག་ཅེས་བ་བ་ཕག་བཏབ་ཐོག་སློབ་མ་མི་གྲངས་སུམ་བརྒྱ་ལྷག་བསྡུ་སྐོང་གནང་ནས་གསོ་རིག་གི་གཞུང་ལུགས་བཤད་ཁྲིད་མཛད། སློབ་ཐོན་སྐབས་སློབ་མ་སོ་སོའི་སྦྱངས་འབྲས་དང་ཡོན་ཚད་ལ་གཞིགས་ཏེ་སྨན་པ་འབུམ་རམས་པའི་མཚན་གནས་ཐོབ་མཁན་གྱི་མི་གྲངས ༥༠དང་། སྨན་པ་རབ་འབམས་པའི་མཚན་གནས་ཐོབ་མཁན་མི་གྲངས ༥༠སྨན་པ་བཀའ་བཅུ་བའི་མཚན་གནས་ཐོབ་མཁན་མི་གྲངས ༡༠༠ཙམ་བྱུང་བར་གྲགས། དེ་ནས་གཡུ་ཐོག་ཆེན་པོ་དགུང་གྲངས་བརྒྱད་བཅུར་ཉེ་བར་ཕེབས་པའི་སྐབས་དཔོན་གཡོག་བུ་སློབ་དང་བཅས་པ་ཕག་ཕྱིར་ཁྲིད་ནས་སྔ་ཕྱིར་ཙ་རི་དང་མདོ་ཁམས་དར་མདོ། སྟོད་གངས་དཀར་ཏི་སེ། བལ་ཡུལ་བཅས་སུ་ཕེབས་ནས་འགྲོ་བའི་ནད་བཅོས་སོགས་ཉིན་མཚན་དབྱེར་མེད་དུ་གསོ་རིག་གི་བསྟན་པ་དང་འགྲོ་བ་ནད་པའི་དོན་ཁོ་ནས་དུས་འདའ་བར་མཛད། མཐར་དགུང་གྲངས་བརྒྱ་དང་ཉེར་ལྔའི་ཐོག་སྐུ་གཤེགས། །