རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་སློབ་འབྲིང་དྲ་བ།
“ཚིག་མཛོད་དེ་བེད་སྤྱོད་བཏང་ན་སྐད་ཡིག་སློབ་སྦྱོང་བྱེད་སྐབས་སྟབས་སྔར་བས་བདེ་པོ་འདུག”ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཙོད་བོད་རིགས་སློབ་འབྲིང་གི་མཐོ་རིམ་ལོ་རིམ་གཉིས་པའི་སློབ་མ་བཀྲ་ཤིས་ཚེ་རིང་གིས“སྤྱིར་བཏང་གི་ཚིག་མཛོད་ཐོག་མེད་པའི་དྲ་རྒྱའི་ཐ་སྙད་ཁག་གཅིག་ཚིག་མཛོད་དེའི་ནང་འདུག”ཅེས་བཤད།
བཀྲ་ཤིས་ཚེ་རིང་གིས་བརྗོད་པའི་ཚིག་མཛོད་ནི་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་གཉིས་ཀྱིས་མཉམ་འབྲེལ་ཐོག་རྩོམ་སྒྲིག་བྱས་པའི《སློབ་གྲྭ་འབྲིང་ཆུང་གི་བོད་ཡིག་ཚིག་མཛོད》དེ་རེད།ཤོག་གྲངས་1097ཡོད་པའི་ཚིག་མཛོད་དེ་ལོ་བཞིའི་རིང་བཟོ་བཅོས་ཐེངས་མང་བརྒྱབ་པ་བརྒྱུད་2012ལོའི་ལོ་མཇུག་ཏུ་དངོས་སུ་པར་འགྲེམས་བྱས་ཡོད་པ་རེད།“དེ་ནི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཁ་ཕྱོགས་པའི་ཚིག་མཛོད་ཅིག་རེད”གཙོད་བོད་རིགས་སློབ་འབྲིང་གི་ཞའོ་ཀྲང་ཕུའུ་ཧའེ་ཧྲེང་གིས་ཚིག་མཛོད་ནང་གི་ཐ་སྙད་ནི་སློབ་དེབ་ནང་ནས་བསྡུས་པ་ཤ་སྟག་ཡིན་པ་དང་ཚིག་མཛོད་ནང་གི་འགྲེལ་པ་རྣམས་སྤྱིར་བཏང་ཚིག་མཛོད་ལས་གོ་བདེ་ལ་ཤེས་སླ་བས་སློབ་གྲྭ་འབྲིང་ཆུང་གི་སློབ་མས་ལྟ་ཀློག་དང་གོ་བ་ལེན་རྒྱུར་འཚམ་པོ་ཡོད།དེའི་ནང་ད་དུང“ཁ་སྐད་ཅུང་མང་བ་ལས་ཡིག་སྐད་དེ་ཙམ་ཟབ་མོ་མེད”ཅེས་བཤད།
“ད་དུང་དམིགས་བསལ་གྱི་ཁྱད་ཆོས་ཤིག་ལྡན་པ་ནི་དེའི་ནང་ཐ་སྙད་ལ་འགྲེལ་བཤད་བརྒྱབ་ཡོད་ལ་ཐ་སྙད་རེར་བརྗོད་པ་རེའང་བཟོས་ཡོད།དེ་སློབ་མས་ཐ་སྙད་ཀྱི་གོ་དོན་སྔར་བས་ཤེས་རྟོགས་བྱ་རྒྱུར་ཕན་པ་ཡོད་ལ་ཐ་སྙད་དེ་དག་བེད་སྤྱོད་ཡང་དག་གཏོང་རྒྱུར་ཡང་ཕན་པ་ཡོད་པ་ཞིག་རེད”ཅེས་ཕུའུ་ཧའེ་ཧྲེང་གིས་བཤད།
དེ་དག་ནི་ཚིག་མཛོད་རྩོམ་སྒྲིག་གཙོ་བོ་བྱེད་མཁན་གྱི་གྲས་ཤིག་ཡིན་པའི་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་བོད་ཡིག་ཚན་ཁག་གི་ཀྲུའུ་རེན་དགེ་རྒན་ཆེ་མོ་བ་ལུང་བུགས་རྒྱལ་གྱིས་བརྩོན་ལེན་བྱེད་ཕྱོགས་ཤིག་རེད།ཁོང་གིས་ཚོག་མཛོད་དེ་རྩོམ་སྒྲིག་བྱས་པའི་དམིགས་ཡུལ་ནི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་དེ་བཞིན་རིག་གནས་ཆུ་ཚད་དེ་མཚུངས་ཀྱི་ཀློག་པ་པོས་བོད་ཡིག་སློབ་སྦྱོང་བྱ་རྒྱུ་དང་ཐ་སྙད་ཁོང་དུ་ཆུད་པ་བྱ་རྒྱུར་རོགས་རམ་བྱ་རྒྱུ་དང་།བརྗོད་པ་བདེ་པོ་བཟོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ།བོད་ཡིག་ཐ་སྙད་ཚད་ལྡན་སྒོ་ནས་སྤྱོད་རྒྱུར་སྐུལ་མ་གཏོང་རྒྱུ་བཅས་ཀྱི་ཆེད་དུ་ཡིན་ཞེས་བཤད།