རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།
ཁུ་བྱུག་གིས་གཙོ་སྒྲིག་མཛད་པའི《བོད་ཀྱི་མཁས་པའི་ལེགས་རྩོམ་ཕྱོགས་བསྒྲིགས་བློ་གསལ་འཇུག་ངོགས》དཔེ་སྐྲུན་འགྲེམ་སྤེལ་བྱས་པ།
ཉེ་ལམ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཞོན་པ་སྟུག་རྒྱའི་བཀའ་སྲུང་མགོན་པོའམ་བརྡ་སྤྲོད་ཀུན་ཏུ་བཤད་པའི་བཏགས་མིང་དུ་མི་འཇིགས་དབྱངས་ཅན་དགའ་བའི་གོ་ཆའམ། རིག་པའི་ཁུ་བྱུག་ལགས་ཀྱིས་གཙོ་སྒྲིག་མཛད་པའི《བོད་ཀྱི་མཁས་པའི་ལེགས་རྩོམ་ཕྱོགས་བསྒྲིགས་བློ་གསལ་འཇུག་ངོགས》ཞེས་པ་དེ་ལེགས་རྩོམ་གྱི་མ་ཡིག་རྩད་གཅོད་དང་། འཚོལ་བསྡུ། རྩོམ་སྒྲིག ཞུ་དག་སོགས་ཀྱི་བྱ་བ་རབས་དང་རིམ་པ་བརྒྱུད་མཐར་ཡོངས་སུ་ལེགས་འགྲུབ་བྱུང་ནས་དཔེ་སྐྲུན་འགྲེས་སྤེལ་བྱས་པ་རེད།
དཔེ་དེབ་འདིའི་ནང་དུ་བོད་ཀྱི་སྔོན་བྱོན་མཁས་དབང་ཆེན་མོ་རྣམས་ཀྱི་སྐད་ཡིག་སྐོར་དང་། བརྡ་དག་སྐོར། རྩོམ་རིག་སྐོར། ཡིག་སྒྱུར་སྐོར། ཆོས་ལུགས་སྐོར། རིག་གནས་སྐོར། ལོ་རྒྱུས་སྐོར། དམངས་སྲོལ་སྐོར། སློབ་གསོ་སྐོར། ཆོས་ལུགས་ཞིབ་འཇུག་སྐོར། ཚོགས་གཏམ་སྐོར། དཔེ་སྙིང་པར་སྐྲུན་སྐོར། སྐར་རྩིས་སྐོར། གནས་མཇལ་སྐོར། གསོ་རིག་སྐོར། ལུས་སྦྱོང་སྐོར། བཟོ་རིག་པའི་སྐོར་བཅས་ཀྱི་ལེགས་རྩོམ་སྡེ་ཚན་བཅུ་བདུན་དུ་ཕྱེས་ནས་བཀོད་འདུག་ཅིང་། ཁོང་གིས་དཔེ་དེབ་འདི་བསྒྲིགས་པ་ནི་བོད་ཀྱི་སྐྱེས་ཆེན་དམ་པ་དེ་དག་གིས་བོད་ཀྱི་བསྟན་འགྲོའི་དོན་ཆེན་ལ་མཛད་རྗེས་རླབས་པོ་ཆེ་བསྐྲུན་པར་རྗེས་སུ་ཡི་རངས་བྱེད་པ་དང་ཆབས་ཅིག གངས་ཅན་ལྗོངས་ཀྱི་མི་རབས་གསར་པ་རྣམས་ཀྱིས་དེབ་འདི་བརྒྱུད་ནས་བོད་ཀྱི་རིག་གནས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་དགོས་པ་དང་། རང་མི་རིགས་ཀྱི་ཕུལ་དུ་བྱུང་བའི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པའི་འོས་འགན་ཡིད་ལ་ངེས་པར་བྱ་བའི་ཆེད་དུ་བསྒྲིགས་པ་ཡིན་ནོ།།