རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-28   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་སློབ་འབྲིང་དྲ་བ།
མི་ཚེའི་ཁ་ཕྱོགས་དང་དགོས་པ། བསམ་གཞིག་དང་ལག་ལེན། མི་གཞི་དང་ཀུན་སྤྱོད། ཡོད་ཚད་དཔེ་དེབ་ཁྲོད་ན་ལུས་འདུག དེའི་ཕྱིར། དཔེ་ཀློག་རེ་གྱིས་དང་། ང་ཡི་སྙིང་ཉེ་ཚོ། ཞེས་ལྗང་མྱུག་སློབ་གསོའི་ཚོད་ལྟ་ཁང་ནས།
༈ དེང་སྐབས་བོད་ཀྱི་སྤྱི་ཚོགས་འགན་འཁྲིའི་ན་སེམས་ཅུང་ཟད་ཡོད་པ་རྣམས་ཀྱིས་མ་གྲོས་གཅིག་མཐུན་དུ། ང་ཚོ་ལ་ངེས་པར་དུ་དགོས་པ་ནི་ཀུན་སྤྱོད་སློབ་གསོའམ་མི་གཞིའི་སློབ་གསོའི་རྨང་གཞི་ལེགས་པོ་ཞིག་འདིང་རྒྱུ་དེ་རེད་ཅེས་ཟེར་མོད། མི་གཞིའམ་ཀུན་སྤྱོད་ལེགས་པོ་ཆགས་པའི་སློབ་སྟོན་དང་ལག་ལེན་གང་ཡང་མེད་ཚེ་རེ་སྨོན་དེར་གྲུབ་འབྲས་ཤིག་འབྱུང་མི་སྲིད་པའང་བློ་ལྡན་ཀུན་གྱིས་མཁྱེན་གསལ་ལྟར་ལགས་པའི་ཚུལ་ལ་དམིགས་ཏེ་ང་ཚོའི་བརྗོད་གཞི་འདིར་འབྲེལ་ཆེ་བའི་དཔེ་དེབ་ཁ་ཤས་ཤིག་ངོ་སྤྲོད་བགྱི་འདོད་དོ།།
༡ རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན།༼བསྡུས་མིང་། རྒྱལ་པོ་ལུགས་ཀྱི་བསྟན་བཅོས།༽
རྩོམ་པ་པོ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།
༢ ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་རྩིས་ལུགས་ཀྱི་བསླབ་བྱ།༼བསྡུས་མིང་། ཁ་ཆེ་ཕ་ལུ།༽
རྩོམ་པ་པོ། པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ།
༣ བཤེས་པའི་སྤྲིངས་ཡིག༼བསྡུས་མིང་། བཤེས་སྤྲིངས།༽
རྩོམ་པ་པོ། སློབ་དཔོན་ཀླུ་སྒྲུབ།
སྒྱུར་བ་པོ། ལོ་ཙཱ་པ་བནྡེ་དཔལ་བརྩེགས།
༤ ལེགས་པར་བཤད་པ་རིན་པོ་ཆེའི་གཏེར།༼བསྡུས་མིང་། ས་སྐྱ་ལེགས་བཤད།༽
རྩོམ་པ་པོ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན།
༥ མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་སོགས་བསླབ་བྱ་སྣ་ཚོགས་ཀྱི་སྐོར།༼བསྡུས་མིང་། གུང་ཐང་སློབ་གཉེར་བསླབ་བྱ།༽
རྩོམ་པ་པོ། གུང་ཐང་བསྟན་པའི་སྒྲོན་མེ།
༈ འདི་དག་གི་བརྗོད་དོན་གང་ཡིན་སོགས་ངག་སྦྱོར་རེ་ཟུང་གིས་བརྗོད་པར་དཀའ་བས་རང་རང་གི་བློ་མིག་བཀོལ་ནས་དངོས་ཀློག་བྱེད་པའི་རེ་སྐུལ་ཞུ་བ་དང་ལྷན་ཅིག ༡ ཕྱིའི་ཀུན་སྤྱོད་ཀྱི་མཛེས་ཆ་སྟོང་ཞིང་ནང་མི་གཞིའི་དྭངས་གཙང་བྲལ་བའི་གཟུགས་བརྙན་གྱི་མི་དང་།
༢ མི་གཞིའི་དྭངས་གཙང་གིས་སེམས་རྒྱུད་ཅུང་ཟད་བརླན་ནའང་ཀུན་སྤྱོད་ཀྱི་རྣམ་འགྱུར་ཁོར་ཡུག་ལ་མི་བསྟུན་པའི་སྲ་མཁྲེགས་ཀྱི་མིའམ། ཡང་ན་དེའི་ལྡོག་ཕྱོགས་ཏེ། ༣ དྭངས་གཙང་གི་མི་གཞི་སྣང་མེད་དུ་དོར་ནས་ཀུན་སྤྱོད་ཀྱི་མཛེས་པས་གཞན་སེམས་རྐུ་བའི་བསླུ་བྲིད་དམ་ཚུལ་འཆོས་ཀྱི་མི་ལྟ་བུའི་སློབ་གསོའི་གོལ་ལམ་རེ་རེ་དོར་ཞིང་། ༤ ནང་གི་མི་གཞིའི་དྭངས་གཙང་གི་བདེ་ཚོར་རྙེད་པ་ལས་ཤུགས་ཀྱིས་བརྡོལ་བའི་ཕྱིའི་ཀུན་སྤྱོད་རྣམ་དག་གི་མཛེས་ཆོས་རྒྱན་དུ་བྱུང་བའི་དངོས་དོན་གྱི་སྤུས་ཚད་མངའ་བའི་མི་ཞིག་ཏུ་འགྱུར་བར་དེ་འབྲེལ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་ལེགས་བཤད་འདི་རིགས་ལ་བལྟ་འོས་ཤིང་། བལྟས་ཟིན་པ་དེ་དག་ཀྱང་དཔེ་ཐོག་ཏུ་མ་བསྐྱུར་བར་ལག་ལེན་དངོས་སུ་བསྟར་ན། ཇི་སྐད་དུ། མི་ལ་བཟང་ངན་སྣ་ཚོགས་ཀྱི།། སྐྱོན་ཡོན་ཁོང་ན་གནས་གྱུར་པ།། ཁ་ནས་བཤད་པ་ཅི་འདྲ་ཡང་། ། ལག་གི་བྱ་བས་ངེས་པར་རྟོགས། ། ཞེས་པ་ལྟ་བུའི་རང་གཞན་གྱི་ཚད་གཞི་འཇལ་བྱེད་ཉག་གཅིག་ཏུ་གྱུར་འདུག་པའང་དོན་གྱིས་རྟོགས་པར་རིགས་སོ།།
ཞེས་བོད་རབ་གནས་ཆུ་འབྲུག་ལོའི་ཟླ་༣ཚེས་༡ཕྱི་རྩིས་༢༠༡༢ལོའི་ཟླ་༤ཚེ་༢༢ཉིན་རང་རིགས་ལ་ཞེན་པ་རབ་ཏུ་དཀར་ཞིང་སློབ་གསོ་ལ་དུངས་པ་གཅིག་ཏུ་ཆེ་བའི་བོད་ཕྲུག་དག་མ་ཞིག་གིས་ལྗང་མྱུག་སློབ་གསོའི་ཚོད་ལྟ་ཁང་ནས་རིགས་མཐུན་མིང་སྲིང་ཡོངས་ལ་ཐུན་མོང་དཔེ་ཀློག་གི་བགོ་སྐལ་དུ་མཚམས་སྦྱོར་ཞིག་ཞུས་པ་འདིས་ཀྱང་ཀུན་ལ་ཕན་ཐོགས་པར་གྱུར་ཅིག།