རྩོམ་པ་པོ།   པད་མ་དབང་ཆེན།   ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།   
དང་པོ། བསླབ་བྱའི་མཚན་ཉིད་དང་ནང་དོན་གྱི་སྐོར།
སྤྱིར་བསླབ་བྱ་ཞེས་པའི་ངོ་གདོང་གི་དོན་ནམ་སྒྲ་བཤད་ཙམ་ནི“བསླབ་པར་བྱ་བ་དེ་ཤེས་པར་བྱ་བའི་གཞི་ལ་གོ་བ་ལེན”①མོད། དོན་དམ་དུ་བསླབ་བྱ་ཞེས་པ་འདིར་རང་གི་དམིགས་སའི་ཡུལ་ལ་ཁ་ཏ་སློབ་གསོ་དང་བྱ་བའི་འཇུག་ལྡོག་གི་གདམས་པ་སྟོན་པའི་དོན་ཞིག་ཡོད། བསླབ་བྱའི་རྩོམ་ལུས་ལ་ཡང་གོང་གི་གོ་དོན་དེ་ལས་གཞན“དམ་པའི་ལྷ་ཆོས་སྐོར་གྱི་བླང་དོར་བྱེད་ཚུལ་གཙོ་བོར་བརྗོད་ཅིང་། རྗོད་བྱེད་ཚིགས་བཅད་ཀྱི་ལམ་ནས་དྲངས་པའི་རྩོམ་ལུས་ཤིག་ཡིན”②ཞེས་པ་བཞིན་དམ་པའི་ཆོས་ལ་ཕྱོགས་ པར་གདམས་པ་དང་། བསླབ་བྱ་ལ་རྩ་བའི་ཁྱད་ཆོས་བཞི་ཡོད་དེ། “ལྷ་ཆོས་སྒྲུབ་ཚུལ་ལ་སྦྱར་བའི་བརྗོད་བྱ་དང་། དམ་ལྷོད་རན་པའི་རྩོམ་རྒྱ། ཉམས་འགྱུར་མང་པའི་ཚིག་སྦྱོར། ཆེས་རང་ག་བའི་ཚིག་རྒྱན”③བཅས་ལས་དང་པོ་ནི་ལྷ་ཆོས་སྒྲུབ་ཚུལ་ལ་སྦྱར་བའི་བརྗོད་བྱ④ཡིན་པས་བསླབ་བྱ་ལ་བརྗོད་བྱ་ནང་བའི་ཆོས་དང་འབྲེལ་ཆེ་ཞིང་།བླང་དོར་དང་དགེ་སྡིག་གི་ལེགས་ཉེས་རྣམ་པར་འབྱེད་ཅིང་དམ་པའི་ལྷ་ཆོས་ལ་འཇུག་པར་སྐུལ་བ་ཤུགས་ཆེ། གཞན་ཡང་རྩོམ་པ་པོ་སོ་སོའི་ཡིད་ཀྱི་དམིགས་ས་དང་ཁ་གཏད་ཡུལ་མི་འདྲ་བར་གཞིགས་ནས་འཇིག་རྟེན་མི་ཆོས་ཀྱི་བགྲོད་རིམ་མང་པོ་ཞིག་སྐབས་བབ་ཀྱི་དགོས་མཁོ་ལྟར་གདམས་པའང་ཡོད། བོད་བཙན་པོའི་དུས་ཀྱི་བསླབ་བྱའི་རྩོམ་རིག་སྐོར་ཅུང་ཟད་བརྗོད་པ་རུ“སྐབས་འདིར་བཤད་པའི་བསླབ་བྱ་ཞེས་པ་ནི་སློབ་གསོའམ་ཁ་ཏའི་དོན་ཡིན་ལ། དེ་ཡང་དམ་པའི་ལྷ་ཆོས་སྐོར་གྱི་བླང་དོར་བྱེད་ཚུལ་གཙོ་བོར་བརྗོད་ཅིང་། ཞར་དུ་འཇིག་རྟེན་མི་ཆོས་ལ་ཕན་པའི་བསླབ་བྱ་གཙོ་བོ་སྲིད་དང་ཁྱིམ་སྐྱོང་གི་གནས་ལུགས་གདམས་པ་བཅས་གཉིས་སུ་སྣང”⑤ཞེས་པ་འདི་ལས་ཀྱང་བསླབ་བྱ་རྩོམ་རིག་གི་བརྗོད་བྱའི་དོན་ནི་ནང་པའི་ལྷ་ཆོས་རྐྱང་བ་མིན་པ་ཤེས་ཐུབ། གཞན་རྩོམ་པ་པོས་བསླབ་བྱའི་གོ་དོན་གླེང་དུས“རྒྱལ་པོ་དང་སློབ་དཔོན།དགེ་བཤེས་རྣམས་ཀྱིས་བོད་འབངས་རྣམས་སངས་རྒྱས་ཆོས་ལ་སྐུལ་བའི་བསླབ་བྱ་དང་ཞལ་གདམས།གཞེན་སྐུལ།འདོམས་པ།དྲན་སྐུལ་སོགས་གསུངས་གནང་མཛད་འདུག་པ་རྩོམ་རིག་གི་ལུས་ཀྱི་ཆ་ནས་བསླབ་བྱའི་རྩོམ་ལུས་སུ་གཏོགས་ཤིང”⑥ཞེས་ཞལ་གདམས་ཀྱི་རྩོམ་ རིག་ཀྱང་བསླབ་བྱའི་ཁོངས་སུ་བསྡུས་ཡོད་པ་ལྟར་ན་བསླབ་བྱ་ཞེས་པ་འདི་རྩོམ་ལུས་དང་བརྗོད་བྱ་ཆིག་རྐྱང་བ་ཞིག་མིན་པ་རྟོགས་སླའོ། །
གཉིས་པ། བསླབ་བྱ་རྩོམ་ལུས་ཀྱི་འབྱུང་ཁུངས་དང་བསླབ་བྱ་འདི་བརྩམས་པའི་ལོ་རྒྱུས་རྒྱབ་ལྗོངས།
སྤྱིར་བསླབ་བྱ་ནི“རྒྱ་གར་རྩོམ་རིག་གི་ཤུགས་རྐྱེན་དང་བོད་ཀྱི་སྤྱི་ཚོགས་འཚོ་བའི་དགོས་མཁོའི་དབང་གིས་བོད་ལ་དེ་ལྟ་བུའི་རྩོམ་ལུས་ཤིག་བྱུང་བ་ཡིན”⑦ཞེས་པ་བཞིན་བོད་བཙན་པའི་དུས་སུ་ནང་པའི་བསྟན་པ་རིམ་བཞིན་བོད་ལ་དར་བ་དང་བོད་ཀྱི་ལོ་ཙཱ་བ་མང་པོས་རྒྱ་གར་གྱི་ནང་པའི་གཞུང་ལུགས་མང་པོ་རིམ་བཞིན་བོད་ཡིག་ཏུ་བསྒྱུར་བ་ཞིག་ཡིན་ཏེ། བན་དེ་དཔལ་བརྩེགས་ཀྱིས་སློབ་དཔོན་ཀླུ་སྒྲུབ་ཀྱིས་བརྩམས་པའི《བཤེས་སྦྲིངས》དང་ཙནྡྲ་གོ་མིས་བརྩམས་པའི《སློབ་སྤྲིངསགཉིས་བོད་དུ་བསྒྱུར་ཅིང་དེས་བོད་ཀྱི་བསླབ་བྱ་རྩོམ་རིག་སྔར་བའི་བདེ་ལེགས་ངང་དར་ཐུབ་པ་བྱུང་།དེའི་རྗེས་སུ་འབྲོམ་སྟོན་པ་རྒྱལ་པོའི་འབྱུང་གནས་ཀྱིས་བརྩམས་པའི《མི་ཆོས་གནད་ཀྱི་ཕྲེང་བ》དང་རྒྱལ་དབང་ལྔ་པ་བློ་བཟང་རྒྱ་མཚོའི《བསླབ་བྱ་མུ་ཐུ་ལིའི་འཁྲི་ཤིང》 གཞན《གུང་ཐང་སློབ་གཉེར་བསླབ་བྱ》དང《བསླབ་བྱ་ཨ་རུ་རྣམ་པར་རྒྱལ་བའི་དགའ་ཚལསོགས་བསླབ་བྱའི་གསུང་རྩོམ་མང་པོ་ཞིག་རིམ་བཞིན་བྱུང་བ་དང་།གསུང་རྩོམ་འདི་དག་བརྗོད་བྱའི་ཐད་ནས་མདོ་སྔགས་ཀྱི་གཞུང་ལུགས་ཇི་ལྟར་སྦྱོང་ཚུལ་དང་།རབ་བྱུང་བས་ཚུལ་ཁྲིམས་གདམས་ངག་ཡང་དག་བསྲུངས་པར་བྱེད་ཚུལ།དུས་རྒྱུན་དུ་ལས་རྒྱུ་འབྲས་བརྩི་དགོས་པ་དང་མི་ཚེ་སྟོང་ཟད་མི་བྱེད་པར་ལས་ལ་འབད་དགོས་ཚུལ་སོགས་ལྷ་ཆོས་དང་མི་ཆོས་ཀུན་ལ་བསླབ་བྱ་ཡང་ཡང་བཏང་ནས་སྐྱེས་བུ་ཀུན་ལ་རང་གི་འཕྲིན་ལས་ཐད་ནས་ཡ་རབས་ལས་ལ་བརྩོན་པར་སྐུལ་བ་ཤ་སྟག་ཡིན་ནོ།།
བསླབ་བྱ་འདི་ནི་གུང་ཐང་འཇམ་པའི་དབྱངས་སྐུ་ཕྲེང་གསུམ་པ་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་མཛད་པའི་སློབ་གཉེར་བསླབ་བྱ་གྲགས་ཅན་ཞིག་ཡིན་ལ། བསླབ་བྱ་འདིའི་མཇུག་ཏུ“དེང་སང་བསྟན་པ་སྙིགས་མའི་མཐར་སོན་པའི་དབང་གིས་ཉམས་ལེན་དགོས་པའི་གཏམ་ཡང་ནུབ། ཐོས་བསམ་དགོས་པའི་གཏམ་ཙམ་ཡོད་ཀྱང་། གང་ཐོས་པ་བྱ་བའི་ཡུལ་དང་། ཐོས་པ་ཇི་ལྟར་བྱ་བའི་ཚུལ་སོགས་ལེགས་པར་ཤེས་པ་ཤིན་ཏུ་དཀོན་པར་སྣང”⑧ཞེས་རྩོམ་པ་པོས་སྐབས་དེར་འདི་ལྟ་བུའི་བསླབ་བྱ་ཞིག་རྩོམ་པའི་ཀུན་སློང་དང་དམིགས་ཡུལ།དགོས་པ་སོགས་གསལ་བོར་གསུངས་ཡོད་པ་བཞིན། སྐབས་དེའི་སྤྱི་ཚོགས་སུ་སྐྱེ་འགྲོ་རྣམས་ཀྱི་ལས་སྐལ་བསོད་ནམས་དམན་པས་ཆོས་བྱེད་མཁན་ཉུང་བ་དང་།ཆོས་བྱེད་འདོད་ཀྱང་ཡང་དག་གི་ལམ་སྟོན་མཛད་མཁན་དེ་བས་ཀྱང་དཀོན་པ། མི་རྣམས་མ་རིག་པའི་དབང་དུ་གྱུར་ནས་ལེ་ལོ་དང་རྣམ་གཡེང་གིས་ཁྱེར་བའི་མིག་མདུན་གྱི་གནས་བབ་ཡིད་སྐྱོ་ཞིང་ཞེ་སྡུག་པ་ཁོ་ནར་འདུག་པའི་སྣང་ཚུལ་རྒྱུད་ལ་ཡུན་རིང་དུ་ཤར་བའི་ཐོག་དགེ་སློང་དཀོན་མཆོག་རྡོ་རྗེས་བསྐུལ་བའི་ངོར་རིགས་སྨྲ་དོན་གཉེར་རྣམས་ལ་ངེས་པར་མཁོ་བར་དགོངས་ནས་བརྩམས་པ་ཡིན་ནོ། །དེང་གི་དུས་འདི་ལ་མཚོན་ན་ཡང་སྤྱི་ཚོགས་འཚོ་བའི་འགྱུར་ལྡོག་དང་ཁམས་མོས་འདོད་འདུན་སོགས་ཕྱི་ནང་གི་རྒྱུ་རྐྱེན་དུ་མ་ཞིག་གི་དབང་གིས་གཞོན་རབས་རྣམས་ཁ་ཕོ་ཆེར་སྒྲོག་ལ་དགའ་བ་དང་།རང་སྣང་མགོ་འཕང་མཐོ་བ།བག་ཡངས་རྒྱས་སྤྲོས་ལ་ཞེན་པ།སློབ་སྦྱོང་གི་སྤྲོ་སེམས་དང་བརྩོན་སེམས་ཞན་པ།ཡ་རབས་ཀུན་སྤྱོད་དང་རྒན་བཀུར་ཆུང་བྱམས་སོགས་ཀྱི་མི་ཆོས་འགྲོ་ལུགས་བཟང་པོ་ཡང་དགུན་གྱི་ཆུ་བོ་བཞིན་འགྲིབ་མུས་སུ་མཆིས་པས་ན།འདི་ལྟ་བུའི་རྨད་དུ་བྱུང་བའི་བསླབ་བྱ་དག་ནི་དུས་ཐོག་ཆར་བའི་ཚུལ་ལས་མི་འདས་པས་ན་བསམ་བློ་སློབ་གསོའི་རིན་ཐང་བསམ་གྱིས་མི་ཁྱབ་པར་གདའ་འོ། །
གསུམ་པ། བསླབ་བྱ་འདིའི་བརྗོད་བྱའི་དོན་གྱི་སྐོར་བཤད་པ།
རྗེ་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་མཛད་པའི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་འདི་ནི་བསླབ་བྱའི་བརྩམས་ཆོས་མཚན་ཉིད་པ་ཞིག་ཡིན་པ་སྨོས་མི་དགོས་ལ། གསུང་རྩོམ་འདིའི་ཁ་བྱང་ཧྲིལ་བོར《མདོ་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་ཚུལ་གྱི་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག》ཅེས་བྱ། བསླབ་བྱ་འདིར་རྩོམ་པ་པོས“སྐྱེ་བར་བཏགས་པས་མངོན་རློམ་ཚངས་པ་དང་། །ཁེངས་དྲེགས་འབྱོར་བས་གཡེང་བས་འདོད་ལྷའི་རིགས། །མ་ཡིན་བློ་གསལ་ཚུལ་མཐུན་དོན་གཉེར་ཅན། །སློབ་གཉེར་ཚུལ་བཞིན་བྱེད་པར་འདོད་རྣམས་ལ། ། གདམས་ངག་ཅུང་ཟད་སྦྱིན་ནོ་ཉོན་ཅིག་ཨང་། །”ཞེས་རང་རློམ་ཁེངས་དྲེགས་ཀྱིས་གཟིར་བའི་རིགས་མ་ཡིན་པའི་ཚུལ་མཐུན་དོན་གཉེར་ཅན་རྣམས་བཅོས་མིན་ཀུན་སློང་གིས་ཡོངས་སུ་བཟུང་བའི་གསུང་ཚིག་གིས་གླེང་བསླངས་ནས་སངས་རྒྱས་བསྟན་པའི་རྗེས་འཇུག་པའི་དགེ་འདུན་པ་རྣམས་ལ་བསླབ་གདམས་གལ་ཆེན་གནང་རྒྱུ་ཡིན་པས་ལེགས་པར་གསན་དགོས་ཚུལ་བསྟན་པ་དང་། དལ་བརྒྱད་འབྱོར་བཅུའི་མི་ལུས་རྙེད་དཀའ་བས་མི་ཚེ་འཕྲོ་བརླག་ཏུ་མི་གཏོང་བར་མ་འོངས་པའི་ལས་དོན་གྱི་ཆེད་དུ་རྒྱལ་བའི་དམ་ཆོས་དང་མཇལ་བ་ལ་སོགས་པའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ།དགེ་བའི་བཤེས་གཉེན་ལེགས་པར་བསྟེན་ནས་ཤེས་བྱ་ཡོན་ཏན་སྦྱང་དགོས་པ་སོགས་ཕྱི་བཤོལ་རྣམ་གཡེང་སྤངས་ཏེ་མི་ཚེ་དོན་དང་ལྡན་པར་བྱ་བར་སྐུལ་ཡོད་པ་དཔེར་ན།དལ་བའི་རྟེན་ཐོབ་རྒྱལ་བའི་བསྟན་དང་མཇལ། །མཚན་ལྡན་བཤེས་དང་ཆོས་མཐུན་གྲོགས་ཀྱིས་བསྐྱངས། །མཐུན་རྐྱེན་རྟེན་འབྲེལ་འཛོམས་པ་འདི་འདྲ་བ། །ཡང་ཡང་རྙེད་པར་དཀའ་ལ་དོན་ཆེ་བས། །ཕྱི་བཤོལ་སྤངས་ཏེ་སྙིང་བོ་ལོངས་ཤིག་ཨང་། །ཞེས་དང་། །རང་ཡུལ་དང་གཉེན་ཉེ་སོགས་རྒྱབ་ཏུ་བསྐྱུར་ནས་རྒྱང་རིང་དུ་སློབ་གཉེར་ལ་ཡོང་ནའང་རྒྱུས་མེད་ཀྱི་ཡུལ་ནས་དོན་མེད་ཀྱི་གྲོགས་ངན་སོགས་བསྡུས་ནས་རྣམ་གཡེང་ལ་འཁོར་མི་རུང་བར་གདམས་པ་དཔེར་ན། “ལས་ཀྱིས་བསྡུས་པའི་ཕ་ཡུལ་ཉེ་དུ་ཀུན། །བཞག་སྟེ་རྒྱང་རིང་ཡུལ་དུ་སོང་ན་ཡང་། །རྒྱུས་མེད་ཡུལ་ནས་དོན་མེད་མཛའ་བཤེས་སོགས། །བསྡུས་ཏེ་རྣམ་གཡང་བྱེད་པ་སྨྱོན་པ་ཡིན། །འོངས་དོན་ཐོས་བསམ་ལས་ལ་སྒྲིམས་ཤིག་ཨང་།།”ཞེས་དང་། ཀུན་སྤྱོད་ལེགས་ཤིང་སྨྲ་བ་ཉུང་བ།བརྩོན་སེམས་ཆེན་པོའི་སྒོ་ནས་དོན་གཉེར་བྱ་དགོས་པར་གདམས་པ་དཔེར་ན། “ཀུན་སྤྱོད་གཙང་བས་གཞན་གྱི་ཡིད་དུ་འཐད། །སྨྲ་བ་ཉུང་བས་ཕོག་ཐུག་གཡེང་བ་མེད། །དད་བརྩོན་དྲན་ཤེས་བརྟན་པོས་ཉིན་རེ་བཞིན། །ཡོན་ཏན་ཡར་ཚེས་ཟླ་ལྟར་འཕེལ་འགྱུར་བས། །སྒོ་གསུམ་བག་དང་ལྡན་པར་གྱིས་ཤིག་ཨང་།།”ཞེས་པ་ལྟ་བུ། འབྱོར་བ་ལྡན་མིན་གང་ཡིན་ཡང་མཐར་ཐུག་གི་བདེ་བ་འདྲ་མཉམ་ཡིན་པས་མིག་རྒྱང་ཐུང་ཞིང་གནས་སྐབས་ཀྱི་བདེ་བ་བསྙེག་པ་ནི་བླུན་པོའི་སྤྱོད་པ་ཡིན་པས་འདོད་ཆུང་ཆོག་ཤེས་བསྟེན་ནས་དོན་གཉིས་བྱ་བ་ལེགས་པར་བསྒྲུབ་དགོས་པར་སྐུལ་བ་དཔེར་ན“མིང་ལ་མཐུན་རྐྱེན་ཟེར་ཡང་ཆོས་ཕྱོགས་ལས། །ཉམས་བྱེད་འདོད་ཡོན་བདུད་ཀྱི་གཡབ་མོ་སྟེ། །འདོད་ཆུང་ཆོག་ཤེས་སྔོན་བྱོན་དམ་པ་རྣམས། །དབུལ་བས་མ་མནར་དོན་གཉིས་རྩེར་སོན་པས། ། འཕྲལ་ཕུགས་ཁེ་ཉེན་གང་ཆེ་དཔྱོད་ཅིག་ཨང་།།” ལྟ་བུ།། རབ་བྱུང་བཙུན་པའམ་ནང་བའི་རྗེས་འཇུག་པ་རྣམས་ལ་ཆོས་ཀྱི་གཞུང་ཟབ་མོ་དེ་ཉིད་ཉིན་གཅིག་གཉིས་ཙམ་དུ་མི་འགྲུབ་པས་ཆུ་བོའི་རྒྱུན་བཞིན་ཡུན་རིང་ལ་འབད་པས་སྦྱང་དགོས་པ་དཔེར་ན།ཞུགས་མ་ཐག་ནས་མཁས་པའི་གོ་འཕང་འདོད། །ཉིན་རེར་ཟས་ཀྱང་མི་དྲན་རྩོམ་འགྲུས་རྩོམ། །ཞག་གསུམ་ལོན་ཚེ་རྗེས་མེད་གཡེང་བས་འཁྱེར། ། དེ་འདྲ་དེ་ལ་ཅི་ཡང་མི་ཡོང་བས། ། བརྩོན་པ་ཆུ་བོའི་རྒྱུ་བཞིན་བསྟེན་ཅིག་ཨང་། །ཞེས་དང་།གཞུང་དོན་མ་འཆོལ་མ་ནོར་བར་རིམ་བཞིན་ཆ་ཚང་བར་སྦྱང་དགོས་པར་གདམས་ཚུལ་དཔེར་ན“དབུ་ཚད་ཟུང་དུ་འཇུག་པའི་ལྟ་བ་དང་། ། ཆོས་མངོན་མཛོད་དང་ཕ་རོལ་ཕྱིན་པའི་སྒོམ། །བསྟན་པའི་ནང་མཛོད་འདུལ་བའི་སྤྱོད་པ་རྣམས། །མ་ཚང་བསླབ་གསུམ་ཡ་བྲལ་འགྱུར་བའི་ཕྱིར། ། བཀའ་པོད་ལྔ་ལ་ཚང་བར་སྦྱོངས་ཤིག་ཨང་། །” ཞེས་དང་། “ཐུན་མོང་ལམ་སྦྱངས་སྔོན་དུ་མ་སོང་ཞིང་། ། གཞུང་དོན་ལྟ་བའི་བློ་མིག་མ་ཕྱེ་བར། །ཆོ་གའི་ངག་འདོན་བྱང་བ་ཙམ་ཞིག་གིས། །གསང་སྔགས་འཆང་བའི་གྲལ་དུ་མི་ཚུད་པས། །བསྟན་པ་རིམ་པ་བཞིན་དུ་སློབས་ཤིག་ཨང་། །”ཞེས་པ་ལྟ་བུའོ། ། མདོར་ན་བསླབ་བྱ་འདིར་ལུས་རྟེན་ལ་སྙིང་བོ་ལེན་དགོས་ཚུལ་དང་ཐོས་པ་དོན་གཉེར་བྱ་དགོས་པར་གདམས་པ།དགེ་བའི་བཤེས་གཉེན་བསྟེན་ཚུལ། སློབ་གཉེར་སྐབས་ཀྱི་གེགས་དང་གཉེན་པོ།བསླབ་པར་བྱ་བའི་གཞི་དང་ཚུལ་ཇི་ལྟར་སློབ་པའི་སྐོར་བཅས་གོ་བདེ་རྟོགས་སླའི་ངང་གནད་བསྡུས་སུ་གསུངས་ཡོད་པས་བརྗོད་དོན་ཕུན་སུམ་ཚོགས་པའོ། །
བཞི་པ། བསླབ་བྱ་འདིའི་རྗོད་བྱེད་ཚིག་གི་ཁྱད་ཆོས་བཤད་པ།
སྤྱིར་དམ་པ་འདི་ཉིད་ཀྱི་གསུང་རྩོམ་ཀུན་ལ་སྙན་ངག་གི་ཉམས་ཀྱིས་ཕྱུག་ལ་ངོ་མཚར་ཞིང་དགའ་བ་སྐྱེད་ནུས་པ་དང་། ཚིག་གསལ་གོ་བདེ་ཤ་སྟག་ཡིན་པས་སྐྱེས་བུ་བློ་དམན་ཀུན་གྱིས་ཀྱང་གོ་སླ་བའི་ཁྱད་ཆོས་ལྡན། བསླབ་བྱའི་རྩོམ་ལུས་དེ་རིགས་ཚིགས་བཅད་ཀྱི་ལམ་ནས་བྲིས་པ་རྒྱུགས་ཆེ་ཞིང་བཅད་ལྷུག་སྤེལ་མ་དང་མགུར་གྱི་རྣམ་པ་ལྟར་བྲིས་པའང་ཡོད། བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་འདི་ནི་ཚིགས་བཅད་ཀྱི་ལུས་སུ་བརྩམས་ཡོད་མོད། སྙན་ངག་མེ་ལོང་གི་ལུགས་ལྟར་ཚིགས་བཅད་ཤོ་ལོ་ཀ་གཅིག་ལ་ཚིག་རྐང་བཞི་རེ་ཡོད་པའི་ལུགས་ལས་བརྒལ་ནས། བསླབ་བྱ་འདིར་ཤོ་ལོ་ཀ་གཅིག་ལ་ཚིག་རྐང་ལྔ་རེ་ཡོད་པ་དང་། ཚིག་རྐང་ལྔ་བ་རུ“སྒྲིམས་ཤིག་ཨང” “སྤོངས་ཤིག་ཨང” “གྱིས་ཤིག་ཨང”“མ་བྱེད་ཨང”ལ་སོགས་བཀོལ་ནས་སྐབས་བབས་ཀྱི་དོན་ལ་ནན་གྱིས་བསྐུལ་བ་མཚོན་པར་བྱས་པས་བསླབ་བྱའི་ནུས་པ་བླ་ལྷག་གིས་འབུར་དུ་ཐོན་པར་བྱས་ཡོད། ཚིག་སྦྱོར་གོ་བདེ་ལ་མངོན་བརྗོད་དང་བརྡ་རྙིང་སོགས་ཀྱིས་བཅིངས་མེད་པར་མ་ཟད་དཔེར་བཀོད་པ་ཡང“སྡིག་གྲོགས་ཡིན་ཞེས་རྭ་ཅན་མི་འབྱུང་གིས།”“ཆོས་མིན་སྤྱོད་པའི་ཐན་སྙེ་མགོ་འཕང་མཐོ”ལྟ་བུ་སོགས་གོ་བདེ་བའི་དཔེ་མང་པོ་བཀོད་ཡོད་པས་བློ་དམན་སྐྱེ་བོ་དག་གིས་ཀྱང་ཐེངས་གཅིག་ཀློག་པས་གོ་ཐུབ་པའི་ཁྱད་ཆོས་དང་ལྡན་ནོ།།
གསུང་རྩོམ་འདིའི་མཇུག་གི་ཤོ་ལོ་ཀ་གསུམ་ལ་སྒྲ་རྒྱན་བཀོད་ཡོད་པ་དཔེར་ན“འཁོར་ལོ་བཞི་ལྡན་སྐལ་བཟང་ཐོབ་སྐབས་འདི། ། འཁོར་བའི་འཆིང་བ་གཅོད་པའི་དུས་ཡིན་པས། །འཁོར་གསུམ་སྐོར་བའི་ཐབས་ཙམ་མ་ཡིན་པར། །འཁོར་ལོ་གསུམ་གྱི་དགོངས་དང་ངེས་རྙེད་ནས། །འཁོར་གསུམ་དང་པའི་དགེ་སྦྱོར་གྱིས་ཤིག་ཨང་། །ཆོས་ཀྱི་རྩ་བ་བསམ་པའི་བཟང་ངན་ཡིན། །ཆོས་ཀྱི་སྒོ་འབྱེད་རྣམ་དག་ཐོས་པ་ཡིན། །ཆོས་སུ་སོང་ཚད་འདི་སྣང་ཞེན་ལོག་ཡིན། །ཆོས་ཀྱི་སྙིང་པོ་ཐབས་ཤེས་ཟུང་འཇུག་ཡིན། །ཆོས་ལ་ཆོས་བཞིན་སྤྱོད་པར་གྱིས་ཤིག་ཨང་། །རྣམ་མང་གཞུང་ལུགས་ཟབ་ཡངས་ཆུ་གཏེར་ལས། །རྣམ་དག་ཐོས་པའི་ནོར་བུ་ལེན་པའི་ཚུལ། །རྣམ་པར་བཤད་པའི་མིག་སྨན་ཐར་མ་ཡིས། །རྣམ་གྲོལ་དོན་གཉེར་ཡོངས་ཀྱི་མིག་ཕྱེ་སྟེ། །རྣམ་ཀུན་མཁྱེན་པའི་དཔལ་ལ་སྤྱོད་གྱུར་ཅིག །” དེ་ལས་གཞན་བསླབ་བྱ་འདིར་ལེགས་བཤད་བརྩམས་ཆོས་མང་པོའི་ཁྲོད་རྒྱུན་དུ་བཀོལ་བཞིན་པའི་ཟླ་བོ་དངོས་པའི་དཔེ་ལྟ་བུ་བཀོལ་མེད་མོད།བོད་མིའི་རྒྱུན་ལྡན་གྱི་འཚོ་བའི་མཐོང་དང་ཐོས་བཞིན་པའི་དཔེ་གསོན་ཉམས་ལྡན་པ་དག་སྤྱད་ཡོད་པས་གོ་བདེ་ལ་ཚིག་གསལ་བ་སོགས་ཀྱི་དགེ་མཚན་དུ་མ་ལྡན་པ་ནི་གསུང་རྩོམ་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་པར་འདོད་དོ། །
དཔྱད་གཞིའི་ལུང་ཁུངས།
1.①ཁྲི་བསམ་གཏན། རྩོམ་འཇུག་ཡིད་གཞོན་དགའ་ཚལ། མི་རིགས་དཔེ་སྐྲུན་ཁང་། 2000ལོ། p136
2. ②③④⑤རྒྱ་ཡེ་བཀྲ་བྷོ། བོད་ཀྱི་གནའ་རབས་
རྩོམ་རིག་གི་རིགས་དང་རྣམ་གཞག་ཚངས་པའི་ཚད་ཡིག མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005ལོ། P149-150 P152
3. ⑥⑦བོད་བཙན་པོའི་དུས་ཀྱི་བསླབ་བྱའི་རྩོམ་་་་་
རིག་སྐོར་ཅུང་ཟད་བརྗོད་པ། 2009ལོའི་ཀྲུང་གོ་བོད་རིག་པ་ཞིབ་འཇུག
4. ⑧རིན་ཆེན་རྡོ་རྗེ། བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2001ལོ། P 335