གཙང་ཕྱོགས་ལོ་གསར་གཏོང་ཚུལ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་སློབ་འབྲིང་དྲ་བ།



      རང་བྱུང་གི་གནམ་གཤིས་དང་ས་བབ།   ཡང་ན་རིག་གནས་སྒྱུ་རྩལ། དམངས་སྲོལ་གོམས་གཤིས་དང་ཆོས་ལུགས་སྲིད་ཇུས་བཅས་ཀྱི་དབང་གིས་དུས་ཆེན་རོལ་སྟངས་ཀྱང་མི་འདྲ་བ་འབྱུང་བ་ཆོས་ཉིད་དུ་གྱུར་འདུག་པ་ལྟར་རེད།དེ་སྔོན་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བོད་ཀྱིལོ་གསར་དེ་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་གཏོང་སྲོལ་ཡོད།རྗེས་སུ་ཧོར་ཟླ་བཅུ་གཉིས་པར་བོད་ལོ་ཞེས་པའི་ཐ་སྙད་བྱུང་འདུག་པས། ད་ལྟའང་ཨ་མདོའི་ཕྱོགས་ཀྱིས་ཟླ་འདིར་བོད་ལོ་ཞེས་འབོད་ཀྱིན་ཡོད།ཧོར་ཟླ་བཅུ་གཉིས་པ་ནས་བཟུང་ཁྱིམ་ཕྱི་ནང་གི་ལས་ལ་གྲ་སྒྲིག་གང་ལེགས་བྱས་ཏེ་ལོ་གསར་དུས་སྟོན་སྟ་གོན་བྱེད་པ་ཡིན། དཔེར་ན་ཚེས་བཅུ་་དགུ་ཉིན་ནི་དུད་ཕྱགས་ཀྱི་ཉིན་མོ་ཡིན་པས།ཉིན་དེར་ཁྱིམ་གྱི་དུད་རྡུལ་དང་སྣོད་ཅ་ལག་་སོགས་ཀད་བདར་གཙང་དག་བརྒྱབ་སྟེ་ཁྱིམ་གྱི་གད་སྙིགས་ཕྱིར་འཕོ་ནས་གཙང་ཡོགྲ་དག་ཅིག་བྱེད་པ་ཡིན། ཚེས་ཉེར་བཞིའི་ཉིན་ཁྱིམ་གྱི་ཐབ་ལྷ་མཆོད་ཅིང་ཐབ་ཀ་གྲ་དག་པ་ཞིག་བྱུགས་སྲོལ་ཡོད།  དེ་ནས་ཚེས་ཉེར་དགུའི་དགོང་མོར་དགུ་ཐུག་འཐུང་བ་ཡིན་ལ། དགོང་མོ་དེར་བེཟའ་མི་ཡོངས་ཀྱིས་ནུབ་ཟས་རྒྱགས་ཐག་ཆོད་པ་ཞིག་འཐུང་དགོས་ཏེ།   དེ་ནི་དགོང་མོ་དེར་གཤིན་རྗེ་རྒྱལ་བོ་རྒྱ་མར་འཇལ་དུ་འོང་ཞེས་ཟེར་སྲོལ་ཡོད།
     གནམ་གང་དགོང་མོའི་ཆུ་ཚོད་བཅུ་གཉིས་ནས་ལོ་གསར་བ་ཚེས་པས།  ཁྱིམ་མི་ཡོངས་ཀྱིས་ལྭ་བ་གསར་བ་དག་གྱོན་ཞིང་རྒྱན་ཆ་སྣ་ཚོགས་སྤྲས་ཏེ་ལྷ་བསང་ཆེན་པོ་ཞིག་གཏོང་བར་བྱས་ཏེ་ཟས་གསར་བ་ཁ་ལ་རེག་པ་ཡིན།
     ཁ་དཔེ་ལའང“ཟས་བཟའ་ན་རྒྱ་ལོ་ཚེས་གཅིག་ལ་ཟོ”ཞེས་པ་བཞིན། ཤ་མར་གྱི་སྡེར་ཁ་དང་ཤིང་འབྲས་ཀྱི་སྡེར་ཁ་མཐོན་པོར་བརྩིགས་ཏེ།ཟས་ཞིམ་པོ་དང་ཇ་མངར་མོས་ཚིམ་པར་བྱས་རྗེས།གོས་ཡག་པོ་དང་རྒྱན་ཆ་རྩ་ཆེན་རྣམས་ཀྱིས་ལུས་པོ་སྤྲས་ཏེ་ལོ་གསར་གྱི་ལེགས་འབུལ་ཇ་ཆཱང་ངམ་ཁ་བཏགས་སོགས་ཁྱེར་ཏེ་སྡེ་བའི་ཁྱིམ་ཚང་མ་ལུས་པར་རེ་རེ་བཞིན“ལོ་གསར་བཟང་ངམ”བརྗོད་དེ་འགྲོ་སྲོལ་ཡོད། ད་དུང་ལོ་ལོན་རྒན་པར་ཕྱག་འཚལ་ཏེ་རང་གི་ལོ་འདིའི་ལན་ཆགས་སེལ་བར་བྱེད་པ་དང་ཚོགས་བསགས་ཀྱི་ལས་སྒྲུབ་དགོས། རྒན་པོས་བཀྲ་ཤིས་ཁ་གཡང་བོས་ནས་ཅི་བསམ་ཡིད་བཞིན་འགྲུབ་པའི་སྨོརྣ་ཚིག་བརྗོད་པ་ཡིན། ལོ་གསར་དུས་ཆེན་ནི་བོད་ཀྱི་དུས་ཆེན་གྱི་ཐོག་མ་ཡིན་ལ། ཆེས་གཟབ་རྒྱས་ཆེ་ཤོས་ཤིག་ཀྱང་ཡིན་པས།ཚེས་བཅོ་ལྔའི་བར་དུ་མཇུག་མི་རྫོགས།ཚེས་གསུམ་ཉིན་ནས་བཟུང་།བྱིས་པ་ལོ་གསུམ་ལ་བུད་པ་དག་གིས་སྐྲ་ཕབ་པའི་སྟོན་མོ་དང་བག་མ་གང་ལེན་གྱི་ཆོ་ག་སྣ་ཚོགས་དང་ད་དུང་ཁྱིམ་ཚང་བར་ལ“ལོ་ཇ”ཞེས་པའི་ལོ་གསར་ལ་འབོད་པ་ཡིན།སྡེ་བའི་གཞོན་ནུ་རྣམས་ཀྱིས་གླུ་ལེན་གར་རྩེད་བྱེད་པ། སྡེ་བའི་བར་ལ་མདའ་རྩལ་འགྲན་པ་དང་ཐག་འཐེན་བྱེད་པ་སོགས་ཀྱི་འགྲན་བསྡུར་གྱིམཛད་སྒོའང་མང་པོ་འདུག་པས། ཚེས་བཅོ་ལྔའི་བར་དུ་སྡེ་བའི་ནང་ཤོག་སྦག་གི་སྒྲ་དང་གླུ་གར་གྱི་སྐད།ཟས་ཀྱི་རི་རབ།  ཇ་ཆང་གི་མཚོམོ་བསྐྱིལ་ཏེ་སྐྱིད་པའི་དགོད་སྒྲས་ཁེངས་ནས་དུས་བཟང་གི་ཉིན་མོ་དག་གིས་དུས་འདའ་བར་བྱེད་པ་ཡིན་ནོ།།