དགའ་ལྡན་ལྔ་མཆོད།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་སློབ་འབྲིང་དྲ་བ།


         བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་ནི། ཁམས་གསུམ་འགྲོ་བའི་བླ་མ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དགོངས་རྫོགས་ཀྱི་དུས་མཆོད་ཉིན་མོ་ཞིག་རེད། རྗེ་བདག་ཉིད་ཆེན་པོས་ཐུབ་དབང་ཚུལ་ཁྲིམས་མའི་སྐུ་མདུན་དུ་མཆོད་འབུལ་དང་།   བསྔོ་སྨོན་རྒྱ་ཆེར་མཛད་རྗེས་སྐུ་བེར་དང་།  དབུ་ཞྭ་སྲས་ཀྱི་ཐུ་བོ་དར་མ་རིན་ཆེན་ལ་གནང་སྟེ་རྒྱལ་ཚབ་ཏུ་བསྐོ་བཞག་མཛད་ནས་བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་གཟིམ་ཁང་འོད་གསལ་སྦུག་ཏུ་སྐུ་འདས་ཚུལ་བསྟན། དུས་དེ་ནས་བཟུང་དགའ་ལྡན་ལྔ་མཆོད་ཞེས་རྒྱ་བོད་སོག་གསུམ་སོགས་ཀྱི་དད་ལྡན་སེར་སྐྱ་ཚང་མས་དགོངས་རྫོགས་མཆོད་འབུལ་རྒྱ་ཆེ་གཟབ་རྒྱས་བཤམས་ཏེ་རྣམ་དཀར་དགེ་ལས་བརྩོན་ཞིང་། 
        མར་དང་། སྣུམ། དཀར་ཞུན་བཅས་ཀྱི་མར་མེའི་ཕྲེང་བ་སྐར་ཚོགས་ས་ལ་འཕོས་པ་ལྟར་དུ་རྩེ་ཕོ་བྲང་དང་། གཙུག་ལག་ཁང་།སེ་འབྲས་དགའ་གསུམ།རྒྱུད་གྲྭ་སྟོད་སྨད་སོགས་ལྷ་ཞོལ་དགོན་ཁག་དང་ཁྱིམ་མི་ཡོངས་རྫོགས་ནས་རང་ཉིད་ཀྱི་འཁོས་འབྱོར་ལ་གཞིགས་ཏེ་དང་བས་ཀུན་ནས་བསླངས་ཏེ་བསང་གི་དུད་པ་སྤྲིན་ལྟར་འཁྲིགས་པ་གཏོང་བ་དང་།  
        རྒན་བྱིས་ཚང་མས་དམིགས་བརྩེ་མ་འདོན་པ་དང་སྦྲགས་ཆར་ཆུ་དུས་བབས་དང་།ལོ་ཕྱུགས་རྟག་ལེགས་ཡོང་བའི་སྨོན་ལམ་རྒྱ་ཆེན་པོས་མཚམས་སྦྱར་ནས་གླིང་མེའི་མཆོད་པ་རྒྱ་ཆེ་གཟབ་རྒྱས་ཤིག་འབུལ་སྲོལ་ཆགས་པ་དེའི་ཐོག་ནས་སེར་སྐྱ་ཡོངས་ཀྱིས་རྗེ་བདག་ཉིད་ཆེན་པོར་སྙིང་དབུས་ནས་དད་གུས་ཀྱིས་རྗེས་དྲན་ཞུ་བཞིན་ཡོད་པ་རེད།དེ་ཉིན་དྲུང་རིགས་སེར་སྐྱ་ཡོངས་རྫོགས་རྩེ་ཕོ་བྲང་དུ་བཅར་ཐོག་དྲུང་ཇའི་སར་རྩེ་ཤོད་ཞབས་གསར་བཞིས་གསར་མཇལ་ཞུས།ན་བཟའ་དགུན་ཆས་བཞེས།གསེར་སྡོང་ངོ་རེའི་མདུན་དུ་མཆོད་འབུལ་གནང་། དགོང་དྲོ་ས་རུབ་མཚམས་སྐྱེ་དགུ་གཙུག་ལག་ཁང་དུ་ཕེབས་ནས་དཀར་མོའི་མཆོད་གཟིགས་མཛད།