ས་ག་ཟླ་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་སློབ་འབྲིང་དྲ་བ།


        རྒྱུ་སྐར་ས་ག་འཆར་བའི་ཧོར་ཟླ་བཞི་པ་འདིའི་ཚེས་པ་བཅོ་ལྔ་ལ་སངས་རྒྱས་ཤཀྱ་ཐུབ་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པའི་དུས་ཆེན་གསུམ་དུས་གཅིག་ལ་འཛོམས་པར་གསུངས་རུང་། བཞེད་པ་གཞན་གྲགས་སུ་ས་ག་ཟླ་བའི་ཚེས་བདུན་ཉིན་ཤ་ཀྱ་མུ་ནེ་ལུམ་བིའི་ཚལ་དུ་སྐུ་བལྟམས་པ་དང་། ཚེས་བཅོ་ལྔ་ཉིན་ཤཀྱ་མུ་ནེ་ཡུམ་གྱི་ལྷུམས་སུ་ཞུགས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཆེན་གསུམ་འཛོམས་པ་ཡིན་ཟེར། གང་ལྟར་ས་ག་ཟླ་བའི་དུས་སྟོན་དེར་བོད་མི་ཚོས་ཧ་ཅང་མཐོང་ཆེན་བྱེད་ཀྱི་ཡོད། ཆོས་ལུགས་ཀྱི་ཤོད་རྒྱུན་དུ་ས་ཟླའི་རིང་དགེ་སྡིག་ཇི་བྱས་འབུམ་འགྱུར་རེད་ཅེས་ཟེར་བར་དམིགས་ནས་དད་ལྡན་བོད་མི་ཚོས་ཤ་སོགས་དམར་ཟས་སྤོང་བ་དང་། ངན་སློང་ལ་སྦྱིན་པ་གཏོང་བ། སྲོག་གཅོད་མི་བྱེད་པ། དགོན་སྡེ་ཁག་ལ་མཆོད་འབུལ་དང་། སྨྱུང་གནས་སྲུང་བ་སོགས་རང་རང་འཁོས་དཔག་ལ་གཞིགས་ཏེ་རྣམ་དཀར་གྱི་ལས་ལ་བརྩོན་པ་དང་། སྤྱི་ཚོགས་རྙིང་པའི་སྐབས་བཙོན་པ་གློད་གྲོལ་དུ་གཏོང་སྲོལ་ཡོད། ལྷག་པར་དུ་ཚེས་པ་བཅོ་ལྔ་ཉིན་བོད་མི་མང་ཆེ་བས་ཤ་མི་ཟ་བ་ནི་ངག་རྒྱུན་དུ་དེ་ཉིན་སྲིན་པོས་ཀྱང་ཤ་སྤོང་གི་ཡོད་ཟེར། ས་ག་ཟླ་བའི་རིང་བོད་མི་སྟོང་ཕྲག་མང་པོས་རྒན་སྐྱོར་བྱིས་ཁྲིད་ཀྱིས་གླིང་སྐོར་དང་རྩེ་སྐོར་དུ་འགྲོ་བའི་སྐབས་དང་བསྟུན་ནས་རྫོང་རྒྱབ་ཀླུ་ཁང་སོགས་གླིང་ཁ་ཁག་ལ་སྤྲོ་སྐྱིད་གཏོང་སྲོལ་ཡང་ཡོད།