རྩོམ་པ་པོ།   མཁར་རྨེའུ་བསམ་གཏན།  ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།
བོད་ཀྱི “བླ” ཡི་སྐོར་གྱི་ཆོ་ག་དང་དེ་དང་འབྲེལ་བའི་ཐ་སྙད་དག་ལ་ཞིབ་འཇུག་མཛད་མཁན་ཁ་ཤས་བྱུང་ཡོད། འོན་ཀྱང་། གནས་དེར་ཐོག་མར་ཞིབ་འཇུག་བྱེད་མཁན་ནི་ལེ་སེང་ཡིན་ལ། ཁོང་གིས 《བླ་བསླུ་ནི་བླ་མའི་ཆོས་ལུགས་ཀྱི་ཆོ་ག་ཞིག་ཡིན》 ཞེས་པའི་དཔྱད་རྩོམ་སྤེལ་གནང་ཡོད། ཁོང་གིས་དཔྱད་རྩོམ་དེ་རྩོམ་སྐབས་དཔྱད་གཞི་གནང་སའི་དཔེ་ཆའི་ཁ་བྱང་ནི་རྒྱ་ཡིག་ཐོག་བསྒྱུར་བའི 《བླ་འགུགས་ཚེ་འགུགས་ཀྱི་ཆོ་ག་རིན་ཆེན་སྲོག་གི་ཆང་མཐུང》 ཞེས་བྲིས་ཡོད་པ་དེ་ཡིན། ལེ་སེང་གིས་དཔེ་ཆ་དེའི་མིང་དབྱིན་ཇིའི་སྐད་ཡིག་ཐོག 《བླ་འབོད་ཚེ་འབོད་ཀྱི་ཆོ་ག》 ཞེས་བསྒྱུར་གནང་ཡོད། གོང་གི་དཔེ་ཆའི་ཁ་བྱང་ཁྲོད་ཀྱི་ཆང་མཐུང་ཞེས་པ་ནི་ཆད་མཐུད་ཅེས་པ་ཡིན། གོང་གསལ་བོད་ཡིག་དཔེ་ཆ་དེ་རྒྱ་ཡིག་ཐོག་ཕབ་སྒྱུར་བྱེད་མཁན་ལེའུ་ལེ་ཆའན་གྱི་འདོད་ཚུལ་ལྟར་ན། 《བླ་འགུགས་ཚེ་འགུགས་ཀྱི་ཆོ་ག་རིན་ཆེན་སྲོག་གི་ཆད་མཐུད》 ཀྱི་རྩོམ་པ་པོ་ནི་ཐུའུ་བཀྭན་ཆོས་ཀྱི་ཉི་མ (སྤྱི་ལོ 1732 ནས་སྤྱི་ལོ 1802) ཡིན། དེ་ནི་འཕྱུགས་མེད་ཀྱི་ལྟ་ཚུལ་ཞིག་ཡིན་པ་ནི་ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གསུང་རྩོམ་ཕྱོགས་བསྡུས་ནང་གོང་གསལ་ཆོ་གའི་སྐོར་གྱི་རྩོམ་ཡིག་དེ་ཚུད་ཡོད་པ་ལས་ར་འཕྲོད་ཐུབ། ལར་ཐུའུ་བཀྭན་རིན་པོ་ཆེས་ཁོང་རང་ཉིད་ཀྱི་རྩོམ་ཡིག་ནང་འཁོད་པའི་དཔྱད་གཞིའི་ཡིག་རིགས་རྣམས་ཀྱི་འབྱུང་ཁུངས་གང་ཡིན་གསུངས་མེད་ནའང་། དོན་དངོས་ཐོག་མིག་སྔར་རང་རེས་མཐོང་བའི་ཆོ་གའི་སྐོར་གྱི་དཔེ་ཆ་དེ་ནི་རྙིང་མ་བའི་སྒེག་པའི་རྡོ་རྗེས་བརྩམས་གནང་མཛད་པ་རེད་ཅེས་ཟེར་བའི་གཏམ་ལ་ཡིད་རྟོན་བྱས་ཡོད། ཕྱིས་སུ་དཔེ་ཆ་དེ་ཉིད་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས(སྤྱི་ལོ1818ནས་སྤྱི་ལོ1899)ལེགས་སྒྲིག་མཛད་ཡོད། །
ལེ་སེང་གི་དོགས་པར་གོང་གསལ་གྱི་དཔེ་ཆའི་ཁ་བྱང་ནང་ཐུའུ་བཀྭན་ཆོས་ཀྱི་ཉི་མས་ཚིག་བླ་བསླུ་ཞེས་པ་བེད་སྤྱོད་བྱས་མི་འདུག གང་ཡིན་ཟེར་ན་སཾ་སྐྲྀ་ཏའི་ཚིག mrtyu -vāńcana ཞེས་པའི་ཚིག་དོན་དང་བླ་བསླུ་བར་འབྲེལ་བ་མེད་པས་ཡིན་སྙམ་འདུག དེ་ཡང་སཾ་སྐྲྀ་ཏའི་ཚིག་དེའི་དོན་ནི་འཆི་བ་བསླུ་བ་ཞེས་པའི་དོན་ལས་བླ་བསླུ་བ་ཞེས་པ་ལ་མི་འཇུག་པར་ཤེས་དགོས་ལ། ལར་འཆི་བསླུ་དང་བླ་བསླུའི་ཆོ་ག་གཉིས་ནི་ཐ་དད་ཡིན་ནའང་། ཆོ་ག་དེ་གཉིས་པོའི་གཙོ་བོའི་དམིགས་ཡུལ་ནི་གཅིག་མཚུངས་ཡིན་ཏེ། དེ་ཡང་རང་བཞིན་མ་ཡིན་པའི་འཆི་བ་ལྡོག་པར་བྱེད་པ་དེའོ། །
ལེ་སེང་གིས་བླ་བསླུ་ཞེས་པའི་ཆོ་གའི་འབྱུང་ཁུངས་ནི་རྒྱ་གར་ཡིན་པར་བཞེད་མོད་ཀྱང་ལྟ་བ་དེ་ནི་ནོར་འཁྲུལ་ཅན་ཞིག་ཡིན་ཏེ། བོད་ཡིག་བསྟན་འགྱུར་གྱི་དཔེ་ཆ་འགའ་ཞིག་ཐོག་འཁོད་པའི “འཆི་བླུ” ཞེས་པའི་ཐ་སྙད་དེ་ནི་དུས་རབས་བཅུ་གཅིག་པའི་ནང་བོད་སྐད་དུ་ཕབ་སྒྱུར་བྱས་པའི་ཐ་སྙད་ཅིག་ལས་མ་འདས་ཤིང་། དེའི་ནང་བླ་བསླུའི་སྐོར་གྱི་ནང་དོན་ཚུད་མེད།
བོད་ཀྱི་ཐ་སྙད་བླ་ཞེས་པ་དེ་ནི་དབྱིན་ཇིའི་སྐད་ཡིག་ཐོག (Soul) ཞེས་པར (བོད་ཀྱི་ལུགས་སྲོལ་ལྟར་ན་མི་རེ་ལ་བླ་རེ་ལས་མེད་པར་འདོད། འོན་ཀྱང་རྟ་མང་ལྟ་བུའི་མི་ལྟ་བུར་བརྗོད་ན་བླ་ལྔ་ཙམ་ཡོད་པར་སྨྲ་བ་ཡིན།) ཕབ་སྒྱུར་བྱས་ཡོད་ཀྱང་། དེ་ལ་ད་དུང་གོ་དོན་གཞན་མང་པོ་ཡོད་པ་ནི་དཔེར་ན་སྤྱི་ལོ 815 ལོར་རྩོམ་སྒྲིག་བྱས་པའི་སཾ་སྐྲྀ་ཏའི་སྐད་དང་བོད་སྐད་ཤན་སྦྱར་བྱེ་བྲག་ཏུ་རྟོགས་པར་བྱེད་པ་ཞེས་པར་གྲགས་པའི་ཚིག་མཛོད་ནང་དུ། ལེགས་སྦྱར་གྱི་ཐ་སྙད་པ་ཏི་ཞེས་པས་རྒྱལ་པོ་དང་། བདག་པོ། དབང་པོའམ་བླའི་དོན་བསྟན་ཚུལ་འཁོད་ཡོད། འདིའི་སྐབས་བླ་ནི་ཁྱད་དུ་འཕགས་པའི་དོན་ཡིན་པ་ལས། སྲོག་གི་དོན་ནི་མིན་ནོ།།
བོད་དུ་དུས་རབས་བརྒྱད་པའི་སྐབས་སངས་རྒྱས་ཆོས་ལུགས་དངོས་སུ་མ་དར་གོང་ནས་བླ་ཞེས་པའི་ཐ་སྙད་དེ་ནི་ཡོད་པ་ཞིག་ཡིན་པར་མ་ཟད། གནའ་བོའི་ཡིག་ཆའི་ཁྲོད་ཐ་ཐོར་ངང་མཐོང་རྒྱུ་ཡོད། སངས་རྒྱས་ཆོས་ལུགས་ཀྱིས་གཞུང་ལུགས་ཐོག་བླ་ཞེས་པའི་སེམས་དངོས་གང་རུང་ཞིག་ཡོད་ཚུལ་ཁས་མི་ལེན། སངས་རྒྱས་ཆོས་ལུགས་ལྟར་ན། འཇིག་རྟེན་འཁོར་བ་ནི་མི་རྟག་པ་དང་སེམས་ཅན་ཀུན་གྱི་རྣམ་ཤེས་ནི་འཁོར་བ་དང་འབྲེལ་ནས་གནས་པར་འདོད་པ་ཡིན། དེར་བརྟེན། ལེགས་སྦྱར་སྐད་ནང་གི “རྣམ་ཤེས” ཞེས་པའི་ཐ་སྙད་དེ་བོད་སྐད་དུ་བླ་ཞེས་པར་ཕབ་སྒྱུར་བྱས་མེད་ལ། ལེགས་སྦྱར་སྐད་ནང་གི་ཐ་སྙད་ཨཱཏ་མན་ཞེས་པ་དེའི་དོན་གྱི་སྙིང་པོ་ནི་སྲོག་ཅེས་པར་གོ་ཡང་བོད་སྐད་དུ་དེ་ཉིད་བདག་ཅེས་པར་ཕབ་སྒྱུར་བྱས་ཡོད། འོན་ཀྱང་། ཆོས་ལུགས་གསར་པ (སངས་རྒྱས་ཆོས་ལུགས་ལ་གོ་བ་ཡིན) དེས་བླ་ཞེས་པའི་ཐ་སྙད་དེ་ཉིད་རྦད་དེ་རྩ་མེད་དུ་གཏོང་ཐུབ་མེད་པར། དེ་ལས་ལྡོག་སྟེ་འདས་པའི་དུས་རབས་དུ་མའི་ནང་ཐ་སྙད་དེ་ཉིད་སངས་རྒྱས་ཆོས་ལུགས་ཀྱིས་རང་གི་རིག་གནས་ཁོངས་སུ་བསྡུ་སྒྲིག་བྱས་པ་མ་ཟད། དེང་དུས་ཀྱི་རྒྱུན་སྤེལ་ཆོ་གའི་ནང་དུའང་སྤྱོད་བཞིན་ཡོད་དོ།།