སློབ་དཔོན་པདྨ་འབྱུང་གནས་མཆོག་གིས《གེ་སར》ཁྲོད་ཐོན་པའི་གལ་ཆེའི་ནུས་པ།

རྩོམ་པ་པོ།    ཝང་ཧང་ལི།  ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།    ཀྲུང་གོའི་གེ་སར་ཞིབ་འཇུག་དྲ་བ།

         སློབ་དཔོན་པདྨ་འབྱུང་གནས་ཏེ་མཚན་གཞན་ལ་གུ་རུ་རིན་པོ་ཆེ་ཡང་ཞུ། པུར་རྒྱལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་གདན་ཞུ་ལྟར་བོད་དུ་ནང་ཆོས་ཁྱབ་གདལ་གཏོང་བར་ཕེབས། ཁོང་གིས་རྒྱ་གར་གྱི་ནང་ཆོས་འདི་བོད་འགྱུར་གྱི་གོམས་སྟབས་ཇེ་མགྱོགས་སུ་བཏང་བ་དང་བོད་མི་རྣམས་ཀྱིས་འཇམ་དཔལ་དབྱངས་དང་སངས་རྒྱས་ཀུན་དུ་བཟང་པོ་ལྟར་གཙོས་པའི་དད་པ་བྱེད་ཡུལ་དུ་འགྱུར། དེར་བརྟེན་ཁོ་བོས་དེ་ལྟ་བུའི་རིགས་གནས་ཀྱི་ཁོར་ཡུག་གིས་སློབ་དཔོན་པདྨ་འབྱུང་གནས་འདི་ལོ་རྒྱུས་སྙན་རྩོམ《གེ་སར》ནང་གི་མི་སྣ་ཞིག་ཏུ་འགྱུར་སོང་བ་རེད་བསམ།

        དང་པོ། སློབ་དཔོན་པདྨ་འབྱུང་གནས་ཀྱི《གེ་སར་སྒྲུང》ཁྲོད་རིག་གནས་ཀྱི་སྙིང་དོན།

         སློབ་དཔོན་པདྨ་འབྱུང་གནས་མཆོག《གེ་སར་སྒྲུང》ཁྲོད་ཐོན་པ་དེས་བོད་དུ་ནང་ཆོས་ཀྱི་མྱུ་གུ་འབུད་པ་དེ་མཚོན།  ང་ཚོར་དོགས་པ་མང་པོ་ཞིག་གཅིག་མཇུག་གཉིས་མཐུད་ཀྱིས་འཆར་ཡོང་གི་ཡོད་དེ། གལ་ཏེ་སློབ་དཔོན་པདྨ་འབྱུང་གནས་འདི《གེ་སར》 ཁྲོད་ཐོན་པ་དང་དེའི་གནས་བབ་ཁོ་ནར་བལྟས་ན། ལོ་རྒྱུས་སྙན་རྩོམ་འདི་སྔ་ཤོས་སུ་ཡང་སློབ་དཔོན་པདྨར་དད་གུས་ཀྱི་བོད་ཀྱི་ལོ་རྒྱུས་དེབ་ཐེར་གཞིར་བཟུང་ན་ནང་ཆོས་དངོས་སུ་བོད་ལ་དར་བའི་དུས་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སྐབས་སུ་ཡིན་པ་དང་ནང་ཆོས་དེ་ཡང་རྒྱ་དཀར་ནག་ཕྱོགས་གཉིས་ནས་བོད་དུ་དར་ཡོད་པ་དང་ནང་ཆོས་དེ་རྒྱུ་རྐྱེན་ཅི་འདྲ་ཞིག་གིས་མཐུ་བོད་རྒྱལ་རིགས་ཁྱིམ་རྒྱུད་ཀྱིས་མཐོང་ཆེན་དང་དད་མོས་བྱེད་པ་ཡིན་ཟེར་ན་རྒྱུ་མཚན་ཆེ་བ་གཉིས་ཡོད་དེ། གཅིག་ནས་དེ་བེད་སྤྱད་ནས་སྐུ་དྲགས་ཀྱི་སྟོབས་ཤུགས་ལ་འགོག་རྒོལ་ནུས་པ་དང་། གཉིས་ནས་ནང་ཆོས་འདིར་ཕུན་སུམ་ཚོགས་པ་དང་ཆ་ཚང་བའི་ཆོས་ཁྲིམས་དང་སྒྲིག་གཞི་ཡོད་ཅིང་བོན་ཆོས་དང་བསྡུར་ན་བསམ་བློའི་ཐད་ནས་ཆེས་འཐུས་སྒོ་ཚང་བའི་མ་ལག་དང་སྒྲིག་གཞི་ཡང་ཚག་དམ་པ་དང་ཆོས་དད་ངོ་བོའི་ཐོག་ནས་བོད་ཁམས་གཅིག་འགྱུར་བཟོ་བར་ཕན་པ་ཡིན།  དེར་བརྟེན་བོད་ཁམས་ཀྱི་གཅིག་འགྱུར་དང་འཕེལ་རྒྱས་ལ་ཤིན་ཏུ་ཕན་པ་ཡིན།  ནང་ཆོས་འདི་མཐུ་བོད་རྒྱལ་རིགས་ཁྱིམ་རྒྱུད་ཀྱིས་བེད་སྤྱད་ནས་སྐུ་དྲག་དང་འཐབ་རྩོད་བྱས་པར་བརྟེན་སྐུ་དྲག་སྟོབས་ཤུགས་འཐབ་རྩོད་ཀྱི་ལག་ཆར་འགྱུར་བའི་བོན་ཆོས་དང་འགལ་ཟླར་འགྱུར་རྒྱུ་ནི་སྨོས་ཅི་དགོས། 
         ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བོན་ཆོས་ཀྱི་སྟོབས་ཤུགས་དེ་སྔར་བཞིན་ཆེན་པོ་ཡོད་སྟབས་བཙན་པོ་ཁོང་ལ་ནང་ཆོས་ཀྱི་མཁན་ཆེན་ཞིག་གིས་རྒྱབ་སྐྱོར་ཐོབ་འདོད་ཀྱི་རེ་བ་ནི་སྐོམ་པའི་ཆུ་འདོད་ལྟར་ཡིན། གནས་ཚུལ་དེ་འདྲའི་འོག་སློབ་དཔོན་པདྨ་འབྱུང་གནས་མཆོག་གདན་ཞུས་ལྟར་བོད་དུ་ནང་ཆོས་ཁྱབ་གདལ་གཏོང་དུ་ཕེབས། ཁོང་དང་ལྷན་དུ་ཕེབས་མཁན་གྱི་གྲས་སུ་ད་དུང་རྒྱ་གར་ནང་ཆོས་ཀྱི་མཁན་ཆེན་བོ་ངྷི་སཏྭ་མམ་ཞི་བ་འཚོ་ཡང་ཡོད། དོན་དངོས་ཐོག་མཁན་ཆེན་ཁོང་ནི་དེ་ཡི་སྔོན་ནས་མཐུ་བོད་དུ་ཕེབས་མྱོང་བ་རེད། མཁན་ཆེན་ཁོང་མཐུ་བོད་དུ་བཞུགས་རིང་མཐུ་བོད་དུ་ས་འགུལ་ཐེངས་མང་དང་ཕོ་བྲང་དམར་པོར་ཐོག་རྒྱབ་པ་སོགས་ཀྱི་གནད་དོན་མང་པོ་བྱུང་རྐྱེན་བོན་ཆོས་པ་མང་པོས་འདི་ལྟར་ཡོང་དོན་ནི་མཁན་ཆེན་བོད་ལ་ཕེབས་པའི་རྐྱེན་ཡིན་པར་དོགས་ནས་འཁང་ར་བྱས་སྟབས་མཁན་ཆེན་བལ་ཡུལ་དུ་མི་ཕེབས་ཀ་མེད་བྱུང་། སློབ་དཔོན་པདྨ་འབྱུང་གནས་ཁོང་མཐུ་བོད་ལ་ཕེབས་པའི་རྒྱུ་མཚན་སྐོར་ལ་གོང་དུ་གསལ་བ་ཕུད་སྐུ་ཞབས་ཝང་ཧྥུ་རེན་གྱིས《བོད་ཀྱི་ནང་ཆོས་ལོ་རྒྱུས》ཞེས་པའི་ནང་དུ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱ་གར་ནང་ཆོས་ལ་ཐོན་ལམ་བཙལ་བ་རེད། རྒྱུ་མཚན་ནི་སྐབས་དེ་དུས་ཀྱི་ནང་ཆོས་འདི་རྒྱ་གར་དུ་ཉམས་རྒུད་དུ་འགྲོ་བའི་སྒང་ཡིན་པ་རེད། ནང་ཆོས་འདི་སྔར་བཞིན་འཕེལ་རྒྱས་ཡོང་དགོས་ན་འདིར་ཕན་པའི་ས་ཁོངས་འཚོལ་བ་དང་ཡུལ་གཞན་དུ་རྒྱ་བསྐྱེད་གཏོང་དགོས་པ་ཡིན། གང་ལྟར་ཡང་སློབ་དཔོན་པདྨ་འབྱུང་གནས་ཁོང་བོད་ཡུལ་དུ་ཕེབས་པ་དང་འདིའི་རྗེས་སུ་བོན་གྱི་ལྷ་སྲིན་དམ་ལ་བཏགས་པ་སོགས་དོན་དངོས་ཐོག་རྒྱ་གར་ནང་ཆོས་འདི་བོད་འགྱུར་གྱི་གོམ་སྟབས་མྱུར་དུ་བཏང་བ་གང་ཞིག་མཐའ་མར་བོད་ཀྱི་ཁྱད་ཆོས་ལྡན་པའི་བོད་བརྒྱུད་ནང་བསྟན་དུ་འགྱུར་བ་རེད། དོན་སྙིང་དེ་ཡི་ཐོག་བཤད་ན་སློབ་དཔོན་པདྨ་འབྱུང་གནས་མཆོག་ནི་བོད་བརྒྱུད་ནང་བསྟན་གྱི་དབུ་བཙུགས་གནང་མཁན་ཞིག་ཡིན་ལ་ཁོང་གི་ལོ་རྒྱུས་གནས་བབ་དང་འདིར་ལེགས་སྐྱེས་ཕུལ་བ་ནི་སུས་ཀྱང་འགྲན་ཟླ་མི་ནུས་པ་དང་རྗེས་སྙེགས་ཐུབ་པའང་མེད། 
          འོ་ན་ང་ཚོས《གེ་སར་སྒྲུང》ལ་དབྱེ་ཞིབ་རགས་ཙམ་ཞིག་བྱས་ན《གེ་སར་སྒྲུང》འདི་བྱུང་བའི་ལོ་རབས་སྐོར་ལ་མཁས་པ་མང་པོའི་བཞེད་པ་མི་མཐུན་པ་མང་། འཇམ་དཔལ་རྒྱ་མཚོ་མཆོག་གིས《གེ་སར་བྱུང་བའི་དུས་རབས》ནང“《གེ་སར་སྒྲུང》ནི་བོད་ཀྱི་རིགས་རུས་སྤྱི་ཚོགས་རིམ་བཞིན་ཁ་འཐོར་དུ་སོང་བ་དང་བྲན་གཡོག་ལམ་ལུགས་ཀྱི་རྒྱལ་ཁབ་ཆགས་མགོ་ཚུགས་པའི་ལོ་རྒྱུས་དུས་མཚམས་འདིར་བྱུང་བ་ཡིན”ཞེས་དང་།  ཞུས་གོ་ཆུང་གིས《བོད་ཀྱི་ལོ་རྒྱུས་སྙན་རྩོམ་གེ་སར་རྒྱལ་པོ》ཞེས་པའི་ནང“གེ་སར་རྒྱལ་པོའི་འཁྲུངས་ལོ་ནི1060ཡིན་སྟབས་གེ་སར་གྱི་སྒྲུང་འདི་དུས་རབས་བཅུ་གཅིག་པའི་དུས་མཇུག་ཏུ་བྱུང་བའི་ངེས་པ་ཧ་ཅང་ཆེ་བ་ཡིན”། ལིའི་ཅའ་ཅུན་གྱི་དགོངས་པ་ལྟར་ན“པུར་རྒྱལ་བཙན་པོའི་རྒྱལ་རབས་བསིལ་བུར་འཐོར་རྗེས་ནས་དུས་རབས13པའི་བར་གྱི་དུས་དེའི་ནང་བྱུང་བ་ཡིན”། ཧོའང་ཝན་ཧོན་གྱིས《གེ་སར་སྐོར་གྱི་ལོ་རྒྱུས་དོན་སྙིང་ཁག་ཅིག་ལ་དཔྱད་པ》《བོད་ལྗོངས་ཞིབ་འཇུག》1981ནང“《གེ་སར་སྒྲུང》ནི་གཙོ་བོ་བོད་ཀྱི་ནང་ཆོས་ལ་ཆེས་ཐོག་མའི་དད་མོས་པ་ཚོས་དུས་རབས་དེའི་ལོ་རྒྱུས་དངོས་དང་བསྟུན་ནས་གསར་དུ་རྩོམ་པའི་སྙན་རྩོམ་རིང་པོ་ཞིག”ཅེས་དང་། དོན་གྲུབ་དབང་འབུམ་གྱི་བཞེད་པ་ལྟར་ན“དུས་རབས7ནས13གྱི་ནང་བྱུང་བ་དང”།  ད་དུང་དེ་ལས་སྔ་བ་ཡོད་ཤས་ཆེ། ལོ་རྒྱུས་སྙན་རྩོམ་འདིའི་དུམ་བུ་དང་སྔར་ཡོད་ཀྱི་སྒྲུང་རྣམས་སྔ་མོ་ནས་དར་ཟིན་པ་ཡིན་ཞེས་དང[1]གོང་བཀོད་ཀྱི་བཞེད་པ་དག་ལས་ཤེས་ཐུབ་པ་ནི་ཞིབ་འཇུག་པ་མི་ཉུང་བས《གེ་སར》བྱུང་བའི་དུས་ཚོད་དེ་གདོད་མའི་སྤྱི་ཚོགས་ཀྱི་མཇུག་བར་བཏབ་ཡོད་ཅིང་མཐུ་བོད་སྤྱི་ཚོགས་ཀྱི་གོང་རོལ་དུ་ཡིན། གལ་ཏེ་དེ་ལྟར་ཡིན་པའི་དབང་དུ་བཏང་ན་ཆགས་པའི་རྗེས་སུ་ཡིན་ལ་དེ་བས་མཐུ་བོད་སྤྱི་ཚོགས་ཀྱི་མཇུག་ནས་དེའི་རྗེས་ཀྱི་དུས་རབས་འགའི་རྗེས་སུ་ཡིན་།  གལ་ཏེ《གེ་སར་སྒྲུང》ལས་འཕྲོས་པའི་ནང་དོན་དག་ལ་བལྟས་ན་ནང་དོན་གལ་ཆེ་ཤོས་ནི་གདོད་མའི་སྤྱི་ཚོགས་མཇུག་གི་ནང་ཚོ་པ་ཕན་ཚུན་དབར་འཐབ་རྩོད་བྱེད་པ་དེ་ཡིན། ད་དུང་ཡང་གལ་ཏེ་མཐུ་བོད་སྤྱི་ཚོགས་སྔོན་ནས《གེ་སར་སྒྲུང》དུམ་བུ་འགའ་དར་ཡོད་ན་དུམ་བུ་དེ་དག་ཁྲོད་ཀྱི་མི་སྣ་གཙོ་བོ་དེ་གེ་སར་རམ་ཡང་ན་མི་གཞན་ཡོད་པ་ནི་མ་བརྗོད་ཀྱང་ཤེས་ངེས། དེ་བས་གནའ་སྒྲུང་གི་ནང་དོན་དག་དང་སློབ་དཔོན་པདྨ་འབྱུང་གནས་དབར་འབྲེལ་བ་ཇི་ལྟར་བྱུང་བ་ཡིན་ཞེ་ན་ཁོ་བོའི་བསམ་པར་དེ་དང་ལོ་རྒྱུས་སྙན་རྩོམ་འདིའི་རྩོམ་ལུས་ནི་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པ་དང་དེ་རྩོམ་པར་བྱ་མཁན་གྱིས་སྒྱུ་རྩལ་ལས་བསྣོན་བྱས་པ་དང་འབྲེལ་བ་དམ་ཟབ་ཡོད། དེར་བརྟེན་ལོ་རྒྱུས་སྙན་རྩོམ་འདིས་གནའ་རབས་བོད་རིགས་ལོ་རྒྱུས་ཀྱི་གལ་ཆེའི་འཕེལ་རིམ་མཚོན་ཐུབ་ཅེས་རྒན་འཇམ་དཔལ་རྒྱ་མཚོས་གསུངས་འདུག
           སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་སླར་གནའ་རབས་བོད་རིགས་སྤྱི་ཚོགས་འདི་སིལ་བུ་ནས་གཅིག་འགྱུར་དུ་འགྱུར་བའི་གོམ་སྟབས་ཆ་ཚང་བར་མངོན་ཡོད། [2]དེས་རྐྱེན་པས་སློབ་དཔོན་པདྨ་འབྱུང་གནས་ཀྱི་ལོ་རྒྱུས་དང་དེ་བཞིན་ཁོང་མི་དངོས་དང《གེ་སར་སྒྲུང》བྱུང་བའི་དབར་ནོར་འཛོལ་བྱུང་ཡོད། ཡིན་ནའང་དེ་ལྟར་ཡིན་པའི་རྐྱེན་གྱིས་སློབ་དཔོན་པདྨ་འབྱུང་གནས་མཆོག《གེ་སར་སྒྲུང》ཁྲོད་ཐོན་པ་འདིས་མངོན་གསལ་དོད་པོས་བོད་ཀྱི་ནང་ཆོས་མྱུ་གུ་འབུས་མགོ་ཚུགས་པ་དང་དེར་རྒྱལ་ཁ་ཐོབ་པ་དེ་མཚོན།

        གཉིས་པ། 《གེ་སར་སྒྲུང》ནི་སློབ་དཔོན་པདྨར་དད་མོས་བྱེད་པ་དང་ཁ་བྲལ་ཐབས་མེད།

        ཁོ་བོའི་བསམ་པར་རིག་གནས་ཇི་ལྟ་བུ་ཞིག་ཡིན་ཡང་ཚང་མ་སྐབས་དེའི་སྤྱི་ཚོགས་ཀྱི་དངོས་པོའི་འཚོ་བ་ལས་བྱུང་བ་དང་དེར་ཞབས་འདེགས་ཞུ་བ་ཡིན། དོན་སྙིང་དང་རིན་ཐང་ཆེ་བའི་མིའི་རིགས་ཀྱི་མཉམ་སྡེབས་ཀྱི་བསམ་བློའི་འབྲས་བུ་སྟེ་དཔེར་ན་ཆོས་ལྟ་བུ་འདི་ལག་ལེན་བསྟར་དུས་ཚང་མ་སྤྱི་ཚོགས་དང་མི་སྒེར་གྱི་རྣམ་པའི་སྒོ་ནས་མཚོན་ཡོད་ལ་ཚང་མར་དངོས་བསྟན་དང་ཤུགས་བསྟན་གྱི་ཁྱད་ཆོས་གཉིས་ཡོད། ཚང་མས་དེར་སྲུང་སྐྱོབ་ཐུབ་ལ་གཏོར་བཤིག་ཀྱང་གཏོང་ནུས། འདི་ནི་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བ་དང་མཐུན་པ་ཡིན། གལ་ཏེ་བྲན་གཡོག་ལམ་ལུགས་དང་བཀས་བཀོད་རྒྱུན་འཛིན་ལམ་ལུགས་སོགས་ཀྱི་སྤྱི་ཚོགས་འོག་ཆོས་ལུགས་འདི་མིའི་རིགས་ཀྱི་མཉམ་སྡེབས་བསམ་བློའི་ཐོན་དངོས་ཤིག་ཡིན་སྟབས་འདི་དབང་འཛིན་གྲལ་རིམ་གྱིས་བེད་སྤྱད་ནས་མང་ཚོགས་ཀྱི་བློ་བཀུག་ཐུབ་ལ་མང་ཚོགས་ནས་ཀྱང་འདི་བེད་སྤྱད་དེ་དབང་འཛིན་གྲལ་རིམ་ལ་ཕར་རྒོལ་བྱེད་པའི་ལག་ཆ་བྱས་ཆོག  ཀྲུང་གོའི་ལོ་རྒྱུས་ཐོག་གི་ཞིང་པའི་འོས་ལངས་མང་ཆེ་བ་ཡང་འདི་ལྟར་ཡིན།  འཛམ་གླིང་གི་ལོ་རྒྱུས་ལ་ཕྱིར་བལྟ་ཞིག་བྱས་ན་ཆོས་ལུགས་བེད་སྤྱད་དེ་དམག་འཐབ་བྱེད་པའི་རྣམ་པ་ནི་མཐོང་དཀོན་པ་ཞིག་ཡེ་ནས་མིན་ལ་ཆོས་ལུགས་ནང་ཁུལ་གྱི་ཁ་འཐོར་དང་འགལ་ཟླ་ནི་དེ་བས་བརྗོད་མི་དགོས་པ་ཞིག་ཡིན། འདི་ལྟར་གསལ་བཤད་བྱེད་པའི་དགོས་པ་ཅི་ཡིན་ཞེ་ན། ཁོ་བོས་འདིར་གསལ་བཤད་འདི་འདྲ་ཞིག་བྱེད་འདོད་པ་ཡིན་ཏེ་སྤྱི་ཚོགས་ཀྱི་འཚོ་བས་ཚུར་སྣང་བྱས་པའི་རྙོགས་འཛིང་ཆེ་བའམ་ཆེ་ཆུང་ངམ་ཛ་དྲགས་སམ་དལ་བའི་རང་བཞིན་གྱི་འགལ་ཟླའི་འཐབ་རྩོད་དེ་ཚོ་ཡང་ཆོས་དད་བསམ་བློའི་མ་ལག་མི་འདྲ་བ་མ་ཡིན། དེ་ལས་ལྡོག་སྟེ་དད་པ་མི་འདྲ་བའི་རྐྱེན་དེ་རྩོད་པའི་ཁ་གཡར་ས་དང་གོ་ཆར་འགྱུར་གྱི་ཡོད།
         འཐབ་རྩོད་དང་འགལ་ཟླ་བཟོ་མཁན་ཡང་ཕལ་ཆེ་བ་སྒེར་དང་ཚོགས་པའི་འཚོ་གནས་དང་འཕེལ་རྒྱས་ཀྱི་དགོས་མཁོར་གཞིག་པ་ཡིན། དེ་ལྟར་ཡིན་རྐྱེན་ང་ཚོས་རྐྱེན་གང་ཞིག་གིས་ནང་བསྟན་བོད་དུ་དར་རྗེས་བན་བོན་གཉིས་ཀྱི་འཐབ་རྩོད་དེ་མངོན་ལྐོག་གཉིས་ལྡན་ཡིན་པ་དང་དེ་ལས་མངོན་ཐུབ་པ་ནི་བན་བོན་འཐབ་རྩོད་དེ་ལོ་རྒྱུས་ཀྱི་མངོན་པར་གསལ་བ་ཙམ་ཡིན་པ་ལས་དོན་དམ་ཐོག་མཐུ་བོད་རྒྱལ་རྒྱུད་དང་སྐུ་དྲག་ཚོགས་པའི་ཁེ་ཕན་གྱི་འཐབ་རྩོད་ཡིན་པ་ཤེས་ཐུབ། བོད་ཀྱི་མཐུ་བོད་སྤྱི་ཚོགས་སྔོན་གྱི་གནའ་རབས་བོད་རིགས་མི་དམངས་ཀྱི་གཙོ་བོའི་དད་གུས་བྱེད་ས་ནི་གདོད་མའི་ལྷ་དང་བོན་གྱི་ལྷ་ཡིན། ཁོ་ཚོས་ས་སྟེང་དུ་གནས་པ་ལ་གཉན་དང་མཁའ་སྟེང་དུ་གནས་པ་ལ་བཙན། ས་འོག་ཏུ་གནས་པ་ལ་ཀླུ་དང་། ས་ལྷ་ཐབ་ལྷ་ཡུལ་ལྷ་གཞི་བདག་སོགས་འབོད་ཀྱི་ཡོད་ལ་དེ་རྣམས་མེད་པའི་ས་ཆ་མེད་ལ་དུས་དང་རྣམ་པ་ཀུན་ཏུ་གནས་པ་ཞིག་ཡིན་སྟབས་མི་རྣམས་ཀྱི་བྱ་སྤྱོད་དང་འཚོ་བར་བཀོལ་སྤྱོད་བྱེད་མཁན་གཙོ་བོར་གྱུར་ཡོད་པ་དང་སྤྱི་ཚོགས་འཚོ་བའི་ནང་མིག་གིས་མངོན་སུམ་དུ་མཐོང་མི་ཐུབ་ཀྱང་གནས་བབ་ཧ་ཅང་མཐོ་བའི་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་བཟུང་ཡོད་ལ་མཐུ་བོད་དུས་རབས་བར་བོན་ཆོས་འདི་དར་ཞིང་རྒྱས་ཡོད།  《གྲུབ་མཐའི་འཆར་ཡུན་རགས་བརྗོད》དུ་ཡང་བོད་ཀྱི་གནའ་རབས་ལོ་རྒྱུས་བཀོད་འདུག་སྟེ་གཉའ་ཁྲི་བཙན་པོ་ནས་དབུ་བཙུགས་ཏེ་རྒྱལ་ཐོག་ཉི་ཤུ་རྩ་དྲུག་གི་བཙན་པོ་ཚང་མས་བོན་ཆོས་དེ་སྤྱད་ནས་སྲིད་དོན་དོ་དམ་བྱེད་ཀྱི་ཡོད། ལྔ་པ་ཆེན་པོའི《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ནང་མཐུ་བོད་ཕོ་བྲང་ནང་མདུན་ན་འདོན་ཞེས་པའི་གོ་གནས་ཤིག་ཡོད་པ་དེ་མི་གཅིག་གིས་འགན་བཞེས་པ་དང་དེ་ཡི་ལས་ཀ་ནི་རྒྱལ་པོའི་མདུན་དུ་སྐར་རྩིས་འདོན་མཁན་ཡིན། གོ་གནས་དེ་བཞེས་མཁན་གྱི་མི་འདི་བཙན་པོའི་དྲུང་དུ་ཆེས་མཐོའི་གནས་བབ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་ད་དུང་གོ་སྐབས་བཙལ་ཏེ་སྲིད་དོན་ཉུང་ཤས་ལའང་ཐེ་ཇུས་བྱེད་རྒྱུ་ཡོད།
        [3] འདི་ལས་མངོན་པ་ནི་མཐུ་བོད་དུས་རབས་སུ་བོན་ཆོས་ནི་འདུ་ཤེས་ཁྱབ་ཁོངས་ཀྱི་དབང་བསྒྱུར་གྱི་གནས་བབས་ཡིན། བོན་ཆོས་འདི་བོད་ཀྱི་བསམ་བློའི་ཁྱབ་ཁོངས་ཀྱི་ཆེས་མཐོའི་གནས་བབ་འདི་ནང་འདྲེན་གྱི་ཆོས་ནང་བསྟན་འདི་དང་འགལ་ཟླར་གྱུར་རྒྱུ་ནི་འགོག་ཐབས་ཅི།ལྷག་དོན་སྲིད་རྩོད་དང་འབྲེལ་སྟབས་འགལ་ཟླ་དེ་ཇེ་ཆེར་སོང་ཡོད་ལ་བོད་ཀྱི་བཙན་པོ་མང་པོ་དང་བོན་བློན་མི་ཉུང་བ་རྐྱེན་འདིས་སྐུ་སྲོག་ཤོར་བའང་ཡོད། ལོ་རྒྱུས་ཀྱི་འགག་གནས་འདི་འདྲའི་འོག་ཏུ་སློབ་དཔོན་པདྨ་འབྱུང་གནས་གདན་ཞུས་ལྟར་བོད་དུ་ཕེབས་པ་འདིས་ཆོས་ཁག་གཉིས་ཀྱི་རིགས་གནས་སྤེལ་རེས་ལ་མཐུན་རྐྱེན་བསྐྲུན་གནང་བ་རེད། བོད་ཀྱི་ལོ་རྒྱུས་དེབ་ཐེར་དུ་ཡང་འདི་ལྟར་འཁོད་འདུག་སྟེ་སློབ་དཔོན་ཁོང་ལ་སྔ་ས་ནས་ལྷའི་ལུང་བསྟན་ལས་བོད་དུ་འགྲོ་དགོས་པ་མཁྱེན་སྟབས་འཆིབས་ཁ་རང་འགུལ་གྱིས་བོད་ཕྱོགས་སུ་བསྒྱུར་ཅིང་བོད་ཁུལ་དུ་ཕེབས་མ་ཐག་ནས་འདྲེ་བཏུལ་ཞིང་སྲིན་ནོན་ཏེ་བོད་ཁུལ་དུ་བོན་གྱི་ལྷ་སྲིན་ཚང་མ་བཏུལ་ཏེ་ནང་ཆོས་ཀྱི་སྲུང་མར་བཀོད། དེ་ལྟར་ཡུན་རིང་འཐབ་ཅིང་རྩོད་པའི་ནང་ཆོས་དང་བོན་ཆོས་འདི་གཉིས་ད་གཟོད་སློབ་དཔོན་པདྨ་འབྱུང་གནས་ཀྱི་མཐུ་ནུས་འོག་ཕན་ཚུན་མཉམ་བསྲེས་དང་ཕན་ཚུན་སློབ་སྦྱོང་། ཕན་ཚུན་དཔེ་བལྟ་བཅས་ཀྱི་སྒོ་མོ་ཕྱེ་ཡོད། དེའི་མཇུག་ཏུ་བོན་ཆོས་ལ་དད་པ་བྱེད་མི་ཆོག་པའི་ཁྱབ་བསྒྲགས་བྱས་ཤིང་ནང་ཆོས་འདིར་ཕྱི་ཚུལ་ནས་རྒྱལ་ཁ་ཐོབ་པ་ལྟར་སྣང་ཡང་འདིའི་ནང་དོན་ཐད་བོན་ཆོས་ཀྱི་ཤན་ཤུགས་ཆེན་པོ་ཞུགས་ཡོད། ནང་ཆོས་འདིར་མཐུ་བོད་རྒྱལ་རྒྱུད་ཀྱིས་ཤུགས་ཆེའི་རྒྱབ་སྐྱོར་བྱས་སྟབས་བོན་ཆོས་ཀྱི་སྟོབས་ཤུགས་ཇེ་ཆུང་དུ་འགྱུར་བར་བརྟེན་བོན་ཆོས་འདིར་རིམ་བཞིན་ནང་ཆོས་ཕྱི་པགས་གཡོག
         སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཁྱབ་སྤེལ་གནང་བའི་གསང་རྒྱུད་འདི་དར་ཞིང་ཁྱབ་པར་གྱུར་མགོ་ཚུགས་པ་ནས་བཟུང་བོད་པའི་ལོ་རྒྱུས་ཐོག་གསང་སྔགས་སྒྲུབ་སྦྱོང་གི་སྲོལ་དར། དོན་དངོས་ཐོག་དེ་ནི་ནང་ཆོས་འདི་བོད་ཀྱི་ཁྱད་ཆོས་ལྡན་པར་འགྱུར་བའི་བརྒྱུད་རིམ་ཞིག་ཡིན། བརྒྱུད་རིམ་འདིའི་མཇུག་འབྲས་ནི་ཆོས་ལུགས་གསར་པ་ཞིག་བོད་ཡུལ་འདིར་ཐོན་པ་དང་ཆོས་ལུགས་དེ་ནི་བོད་བརྒྱུད་ནང་བསྟན་ཡིན། དེ་ནས་ད་བར་བོད་བརྒྱུད་ནང་བསྟན་འདི་བོད་རིགས་མི་དམངས་ཀྱི་བསམ་བློའི་དད་མོས་བྱེད་ཡུལ་དུ་གྱུར། སློབ་དཔོན་པདྨ་འབྱུང་གནས་མཆོག་གིས་བོད་རིགས་མི་དམངས་ལ་མཛད་རྗེས་ཆེན་པོ་བཞག་པ་དག་ནི་གསེར་དངུལ་རིན་ཆེན་ཅི་ནས་ཀྱང་རིན་ཐང་གཞལ་བར་དཀའ།
         དུས་མཚུངས་སློབ་དཔོན་མཆོག་གིས་བན་བོན་གཉིས་ཀྱི་འགལ་ཟླ་ཞི་བར་བྱས་ཤིང་གཏེར་སྦས་པའི་སྲོལ་དང་བོད་རྒྱུད་ནང་བསྟན་གྱི་སྒོ་གསུམ་གྱི་ལོ་རྒྱུས་གསར་དུ་གཏད་པས་འགག་རྩའི་དུས་དེར་ནང་ཆོས་འདི་ཉིད་བོད་དུ་འཕེལ་རྒྱས་འགྲོ་བའི་ཁ་ཕྱོགས་དང་ངོ་བོར་རྨང་གཞི་བཏང་ཡོད། ཁོང་ཡང་རྗེས་རབས་རྙིང་མ་བའི་རྗེ་བཙུན་དམ་པར་རྩིས་ཀྱི་ཡོད། དེའི་རྐྱེན་ཁོང་ཡང་སྣང་བ་ཅི་ཡང་མེད་པར་མི་ཡུལ་ནས་ལྷ་གནས་སུ་ཐོན་པ་ཡིན། ཧོར་པཱ་ཧ་ཡ 《ཁྱད་འཕགས་ཀྱི་བར་འགག》 ཅེས་པའི་ནང་ང་ཚོའི་རྒྱལ་ཁབ་གང་འདྲ་ཞིག་ལ་ཆ་མཚོན་ནའང་ཆེས་གདོད་མའི་དཔའ་རྒོད་དང་ཆེས་གནའ་རབས་ཀྱི་དཔའ་བོ། ལག་རྩལ་གསར་གཏོད་མཁན། ཁྲིམས་བཟོ་མཁན། མོ་པ་རྫུ་འཕྲུལ་མཁན་ཚང་མ་འཚོ་དུས་སུ་མི་རྣམས་ཀྱིས་རྨོངས་དད་བྱེད་པ་དང་།  དུས་རབས་གཅིག་པའི་མི་ལས་ཀྱང་ཆེས་མཐོ་བའི་གཟི་བརྗིད་དང་མཐའ་མར་མི་ཡུལ་ནས་བྲལ་རྗེས་ཀྱང་ལྷར་འགྱུར་བས། དུས་སྐབས་དེའི་དངོས་ཡོད་དང་སྟོང་བསམ་གཉིས་ཀས་ཕན་པའི་མི་རྣམས་ཀྱིས་གུས་བཀུར་ཐོབ་པ་དང་དེ་བས་དད་གུས་བྱེད་ཡུལ་དུ་འགྱུར་གྱི་ཡོད་པ་དེ་མཐོང་ཐུབ། དེ་ལས་ང་ཚོས་ཤེས་ཐུབ་པ་ནི་སློབ་དཔོན་པད་མ་འབྱུང་གནས་མཆོག་ཀྱང་དེའི་ཁོངས་སུ་གཏོགས་ལ་ཁོང་སྐུ་འཚོ་བཞུགས་སྐབས་མི་རྣམས་ཀྱིས་དད་གུས་ཡི་རང་བྱེད་ལ་མི་ཡུལ་ནས་བྲལ་རྗེས་ཀྱང་མི་རྣམས་ཀྱིས་དད་པ་ཆེན་པོ་བྱེད་ཡུལ་དུ་གྱུར། རྙིང་མ་བ་དང་སྒོས་སུ་ས་སྐྱ་བ། བཀའ་བརྒྱུད་པ་བཅས་ཀྱིས་ལོ་རེའི་ཟླ 12 པའི་བོད་ཚེས 10 ལ་ཚང་མས་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཁ་བཏོན་འདོན་ཞིང་ཆོས་ལུགས་ཀྱི་མཛད་སྒོ་གཉེར་གྱི་ཡོད་ཅིང་། ལོ་རེའི་བོད་ཟླ 6 པར་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཆོས་ཚོགས་ཆེན་མོ་གཉེར་ཞིང་དེའི་བར་དུ་ཚེས་བཅུའི་རྡོ་རྗེ་ཆེན་མོའི་གར་འཆམ་འཁྲབ་སྟོན་བྱེད་ཀྱི་ཡོད།  [4]དེ་ལས་སློབ་དཔོན་པདྨ་འབྱུང་གནས་མཆོག་ནི་བོད་མིའི་སྙིང་དབུས་ཀྱི་བླ་ན་མ་མཆིས་པ་རྟོགས་ཐུབ།

        གསུམ། སློབ་དཔོན་པདྨ་འབྱུང་གནས་མཆོག་དང་གེ་སར་རིག་གནས་ཀྱི་འབྲེལ་བ་ཁག་གཉིས།

        ཀ   སྤྲུལ་པའི་འབྲེལ་བ།

        ཚང་མས་མཁྱེན་གསལ་ལྟར་མཐུ་བོད་སྔ་རྗེས་ཀྱི་བོད་རིགས་སྤྱི་ཚོགས་ནི་ཟང་ཟིང་དང་དམག་འཁྲུག་ཡིན། དེ་འདྲའི་སྤྱི་ཚོགས་ནང་བོད་རིགས་མི་དམངས་ཀྱི་བསམ་བློ་ཡང་རིམ་པས་གསོ་འཕེལ་བྱེད་བཞིན་ཡོད། ཁོ་ཚོས་ཞི་བདེ་དང་ལྷིང་འཇགས་ཀྱི་འཚོ་བར་རེ་འདོད་བྱེད་པས་རྣམ་ཀུན་འཚོ་བའི་ཁྲོད་ཀྱི་དཔའ་མཛངས་དང་བློ་རིག་ལྡན་པའི་དཔའ་བོ་དེ་ཚོར་མི་ཀུན་གྱིས་དད་མོས་བྱེད་ཀྱི་ཡོད་པ་དང་མི་དེ་ཚོས་ཁོ་ཚོར་ལྷིང་འཇགས་དང་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་བསྐྲུན་ཐུབ་པར་ངོས་འཛིན་བྱེད་ཀྱི་ཡོད། འདི་ལྟ་བུའི་རེ་སྨོན་དང་འདུན་པ་དངོས་ཡོད་གཅིག་འཆར་གནས་པའི་གེ་སར་དང་ཁོང་གི་སྒྲུང་ནི་གནའ་རབས་བོད་མིའི་སེམས་སུ་ཇེ་གསལ་ནས་ཇེ་གསལ་དུ་འགྲོ་བ་དང་ནང་དོན་ཡང་ཕུན་སུམ་ཇེ་ཚོགས་སུ་འགྲོ་ཡི་ཡོད། གེ་སར་ཡང་མི་རིགས་སྙིང་སྟོབས་ཀྱི་སྤྲུལ་པར་འགྱུར། ཤེས་ཡོན་པ་ཁག་ཅིག་གིས《གེ་སར་སྒྲུང》 ནང་གི་མི་སྣ་གེ་སར་འདི་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྤྲུལ་པ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་ལྟར་ངོས་འཛིན་པའི་རྒྱུ་རྐྱེན་ནི་གེ་སར་གྱི་དཔའ་བོའི་མཛད་རྣམ་དེས་སློབ་དཔོན་པད་མ་བོད་དུ་ཕེབས་ནས་འདྲེ་འདུལ་སྲིན་མནོན་གྱིས་ལོ་རྒྱུས་མཛད་རྣམ་མཚོན་གྱི་ཡོད། ལྟ་བ་རྗེས་མ་འདི་ལས་ང་ཚོས་ཤེས་ཐུབ་པ་ནི་སློབ་དཔོན་པདྨའི་དད་མོས་དང་བོད་རིགས་མི་དམངས་ཀྱི་སྙིང་སྟོབས་ཀྱི་སྤྲུལ་བར་འགྱུར་བའི་གེ་སར་གཉིས་གཅིག་བསྡུས་བྱས་ཡོད། དེ་ལྟར་གཅིག་ཏུ་བསྡུས་པའི་འབྲས་བུ་ནི་གེ་སར་འདི་སློབ་དཔོན་པདྨའི་སྤྲུལ་བར་གྱུར་བ་ཡིན། 《གེ་སར་སྒྲུང》ནང་འདི་ལྟར་ཞིག་བཀོད་འདུག་སྟེ།     ཧོར་དམག་དཔོན་གཤན་པ་རྨེ་རུ་རྩེས་གླུ་འདི་ལྟར་ཞིག་བླངས་འདུག་སྟེ།
       རུ་བཞི་དམག་གི་དབུས་སུ་ནི།། འཇའ་མཚོན་སྣ་ལྔའི་འོད་དཀྱིལ་དུ།།
       ཁྱད་འཕགས་དཔའ་བོ་ཆེན་པོ་དེ།། སེང་ཆེན་ནོར་བུ་དགྲ་འདུལ་ཡིན།།
       ཁོང་ནི་སློབ་དཔོན་པད་མ་ཡིས།། སྲིད་གསུམ་གནོན་པའི་སྤྲུལ་པ་ཡིན།།[5]ཞེས་དང་ཁོང་གི་ལྕམ་སེང་སྕམ་འབྲུག་མོས་ཀྱང་ཁོང་ལ་བསྟོད་པ་འདི་ལྟར་ཕུལ་འདུག་སྟེ།
       གླིང་གི་གེ་སར་རྒྱལ་པོ།།  མཁའ་འགྲོ་མ་ཡི་གཅེས་ཕྲུག།
       སློབ་དཔོན་པད་མའི་སྤྲུལ་བ།།  འགྲོ་དྲུག་འདྲེན་པའི་བླ་མ།།
       དགྲ་བོ་འདུལ་བའི་དཔའ་བོ།།  མངའ་འབངས་སྐྱོང་བའི་རྒྱལ་པོ།། [6] གཞན་ད་དུང་ལོ་རྒྱུས་རྟོགས་ཞིབ་བྱས་པ་གཞིར་བཟུང་ན་རྙིང་མ་བའི་དགེ་འདུན་པ་ཚོས 《གེ་སར་སྒྲུང》 འཚོལ་བཤེར་དང་དག་བསྒྲིགས་བྱེད་པར་གལ་ཆེའི་ནུས་པ་ཐོན་ཡོད། 《གེ་སར་སྒྲུང》 མང་དག་ཅིག་རྙིང་མ་བའི་དགེ་འདུན་པས་དག་བསྒྲིགས་དང་ཉར་ཚགས་བྱས་ཤིང་ཁོང་ཚོའི་མེས་པོ་སློབ་དཔོན་པདྨ་འབྱུང་གནས་མཆོག 《གེ་སར་སྒྲུང》 ཁྲོད་དུ་ཐོན་དུ་བཅུག་ཅིང་། གེ་སར་འདི་སློབ་དཔོན་པདྨའི་སྤྲུལ་པར་ངོས་འཛིན་པ་ལས་སློབ་དཔོན་པདྨར་དད་གུས་དང་རྗེས་སུ་དྲན་པ་དེ་མཚོན་ཐུབ། འདི་ནི 《གེ་སར་སྒྲུང》 ནང་གི 《ལྷ་གླིང》 《འཁྲུངས་གླིང》 《འདན་མ》 《རྟ་རྒྱུག》 སོགས་སུ་མངོན་གསལ་དོད་པོས་མཚོན་ཡོད་དེ། མཆོག་གྱུར་བླ་མ་ཨོ་རྒྱན་པདྨ་བཀའ་དྲིན་ཟོལ་མེད་གསང་བདག་དང་ཨོ་རྒྱན་འོད་ཀྱི་ཕོ་བྲང་གིས་བོད་ཡུལ་སྐྱོང་བའི་བླ་མ་ལ་སོགས་པའི་བསྟོད་པ་ནི་གང་དུ་ཡང་མཐོང་རྒྱུ་ཡོད།
          ཁོ་བོའི་བསམ་པར་རྒྱུ་རྐྱེན་དེ་གཉིས་ཀ་ཡོད་དེ་སློབ་དཔོན་པདྨས་ཕྱོགས་བཞིའི་འདྲེ་འདུལ་བའི་སྐོར་གྱི་མཚམས་དེ་ལ་སླེབས་དུས་ཧ་ལམ་མཐོང་རྒྱུ་མེད་པར་བསམས། 《བདུད་འདུལ》 ནང་དུ་སྐབས་འགར་མཐོང་རྒྱུ་ཡོད་མོད། ཡིན་ནའང་དུམ་བུ་ཁ་ཤས་ནང་གེ་སར་འདི་སློབ་དཔོན་པདྨའི་སྤྲུལ་པ་ཡིན་པར་བཤད་པའང་འདུག  གལ་ཏེ་དེ་བས་ཞིབ་ཕྲའི་དབྱེ་ཞིབ་བྱེད་འདོད་ན་ད་དུང་ཡང་འདིར་གོམ་གང་མདུན་སྤོས་ཀྱིས་ཞིབ་འཇུག་བྱས་པ་ལ་བརྟེན་དགོས།

         ཁ།  དགེ་སློབ་ཀྱི་འབྲེལ་བ།

         《གེ་སར་སྒྲུང》 ནང་དུ་སློབ་དཔོན་པདྨ་འབྱུང་གནས་དང་གེ་སར་གཉིས་ནི་དགེ་སློབ་ཀྱི་འབྲེལ་བའམ་བླ་མ་དང་དད་སློབ་ཀྱི་འབྲེལ་བ་ཡིན་པ་གསལ་སྟོན་བྱས་ཡོད། 《ལྷ་གླིང》 གི་མགོར་བོད་ཁམས་ཐམས་ཅད་འཕོ་འགྱུར་སྡུག་གིས་ནོན་པ་ལ་འཕགས་མཆོག་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་གིས་བདེ་ཅན་ཞིང་གི་མགོན་པོ་འོད་དཔགས་མེད་ལ་གསོལ་བ་བཏབས་པས་བཅོམ་ལྡན་སྣང་བ་མཐའ་ཡས་དེ་ཉིད་ཀྱིས་ལྷ་ཕྲུག་ཐོས་པ་དགའ་བ་ལུང་བསྟན་ནས་སློབ་དཔོན་པདྨ་འབྱུང་གནས་ལ་དེ་སྐད་ཞུ་བའི་བཀའ་འཕགས་མཆོག་སྤྱན་རས་གཟིགས་ལ་བསྩལ། དེར་བརྟེན་ལོ་རྒྱུས་སྙན་རྩོམ་ཁྲོད་ཀྱི་སློབ་དཔོན་པདྨ་འབྱུང་གནས་འདི་མགོ་ཚུགས་མ་ཐག་ནས་ལྷ་ཡི་གནས་བབས་བཞིན་ཐོན་པ་ཡིན་ལ་དེ་ནི་སྔར་ནས་ལྷར་གྱུར་ཟིན་པའི་ཨོ་རྒྱན་པདྨ་འབྱུང་གནས་དང་ཁོང་ལ་པད་མ་ཐོད་འཕྲེང་རྒྱལ་པོ་ཞེས་འབོད་ཀྱི་ཡོད། འཕགས་མཆོག་སྤྱན་རས་གཟིགས་དེ་དོན་སྒྲུབ་ཟིན་རྗེས་རི་བོ་གྲུ་འཛིན་དུ་ལོག་པ་དང་དེ་རྗེས་སློབ་དཔོན་པདྨ་འབྱུང་གནས་མཆོག་གིས་གེ་སར་གྱི་འཁྲུངས་རབས་བཀོད་སྒྲིག་བྱས་པ་སོགས་ལོ་རྒྱུས་སྙན་ངག་ཁྲོད་དུ་ཧ་ཅང་གསལ་བར་བཀོད་ཡོད།
       སློབ་དཔོན་མཆོག་གིས་ལྷ་ཕྲུག་གི་ཆེད་དུ་འོས་འཚམས་ཀྱིས་འཁྲུངས་ཡུལ་དང་འཁྲུངས་སའི་ཡབ་ཡུམ་གཉིས་བདམས་པ་དང་དཀའ་སྤྱད་སྡུག་རུས་དང་ངལ་བ་ལྷུར་ལེན་གྱིས་བོད་ཡུལ་ཡོངས་སུ་གཟིགས་ནས་མཐའ་མར་མདོ་ཁམས་ཀྱི་མཐོང་བ་ཀུན་སྨོན་གཟིགས་ཤིང་ལྷག་པར་དུ་ཡབ་ཡུམ་གཉིས་ལ་བཀོད་སྒྲིག་ཞིབ་ཅིང་ཕྲ་བ་བྱས། འདིར་ཁོང་གི་ཕ་རྒྱུད་མ་སངས་གཉན་ཡབ་མེས་ལྷ་སྡེ་དཀར་པོའི་རྒྱུད། མ་ནི་ཀླུ་ཡི་ཕོ་བྲང་ནས་འོང་བ་དང་རྒྱུད་ནི་ཀླུ་རྗེ་བློན་གྱི་བུ་བདུན་གྱི་གྲས་ནས་ཀླུ་རྒྱལ་སྲས་མོ་ཆུང་བ་མེ་ཏོག་ལྷ་མཛེས་ཏེ་མཚན་ལ་ཡལ་ག་མཛེས་ལྡན་ཟེར་ཞིང་སློབ་དཔོན་གྱིས་ཀླུ་ཡི་བུ་མོ་ཐབས་ཀྱིས་བསླངས་བར་དགོངས་ཏེ་ཀླུ་མནོལ་བའི་རྫས་ལ་རིགས་སྔགས་བཏབས་ཏེ་འོག་མ་ཀླུ་ཡི་རྒྱལ་ཁམས་ཐམས་ཅད་མནོལ་སྒྲིབ་ཀྱི་ནད་ཆེན་པོས་ཁྱབ་དུ་བཅུག   དེ་ནས་ཀླུ་ནད་བཅོས་པའི་ཚུལ་གྱིས་དམིགས་ཡུལ་དེ་སྒྲུབ། དེ་ཡིས་གེ་སར་བདེ་བླགས་ངང་མི་ཡུལ་དུ་འཁྲུངས་པར་གྲ་སྒྲིག་ཚང་མ་བྱས་ཟིན། མཇུག་ཏུ་ད་དུང་ཁོང་སྐུ་ངོ་མས་གེ་སར་འཁྲུངས་པའི་བརྒྱུད་རིམ་བཀོད་སྒྲིག་བྱས་ཡོད།  འདི་ལྟར་བལྟས་ཚེ་སློབ་དཔོན་པདྨ་འདི་གེ་སར་གྱི་བླ་མ་ཡིན་པར་གདོན་མི་ཟ།  གེ་སར་གྱིས་ཀྱང་ཁོང་གི་བླ་མ་ཨོ་རྒྱན་པདྨ་འབྱུང་གནས་ཞེས་མང་དུ་འབོད་འདུག་ལ་དེ་བས་རྟག་ཏུ་བྱ་བ་ཞིག་མ་སྒྲུབ་གོང་དུ་བླ་མའི་རྒྱབ་སྐྱོར་དང་དཔུང་རོགས་ཡོང་བའི་སྨོན་ལམ་ཞུས་ཀྱི་ཡོད།
      གལ་ཏེ་བསམ་བློའི་ལངས་ཕྱོགས་ནས་བསམས་ན་ང་ཚོས་སློབ་དཔོན་པདྨ་འདི་གེ་སར་གྱི་ཕ་མ་གཉིས་པ་ཡིན་ཟེར་ཡང་ཐལ། འོན་ཀྱང་ཆོས་ལུགས་རིག་གནས་ཀྱིས་ལངས་ཕྱོགས་ནས་བསམས་ན་སློབ་དཔོན་པདྨ་འདི་གེ་སར་གྱི་བླ་མ་རང་ཡིན།

        བཞི། སློབ་དཔོན་པདྨ་འབྱུང་གནས་ཀྱིས《གེ་སར་སྒྲུང》གི་འབྱུང་རིམ་བཀོད་འབྲི་བྱེད་པར་ཐོན་པའི་ནུས་པ།

        ཀ   འབྱུང་རིམ་འཕེལ་རྒྱས་གཏོང་བར་སྔོན་འགྲོའི་ནུས་པ་ཐོན་ཡོད།

        བེ་ལེན་སི་ཅི་ཡིས་ལོ་རྒྱུས་སྙན་རྩོམ་ནི་མི་རིགས་ཤིག་གི་བསམ་བློའི་གོ་རྟོགས་ཆེས་དམའ་དུས་སུ་བྱུང་བ་ཡིན། སྐབས་དེ་དུས་དུ་མི་རྣམས་ཀྱི་འཚོ་བའི་ཁྲོད་སྙན་ངག་དང་ལྷུག་རྩོམ་ཐོན་མེད།མི་རིགས་ཀྱི་ལོ་རྒྱུས་འདི་ཡང་བཤད་རྒྱུན་རང་ཡིན། དེ་ཡིས་འཇིག་རྟེན་ལ་གོ་བ་ལེན་སྟངས་ཀྱང་ཆོས་ལུགས་ཀྱི་གོ་བ་ལེན་སྟངས་ལས་མ་འདས། དེ་ཡིས་སྙིང་སྟོབས་དང་གསོན་ཤུགས་ལྡན་པའི་འགུལ་བསྐྱོད་ཅིག་ཀྱང་དཔའ་བོའི་མཛད་པ་ལས་མངོན། [7] དེར་བརྟེན་ལོ་རྒྱུས་སྙན་རྩོམ་ལ་ཁྱད་འཕགས་ལྡན་པའི་སྟོང་བསམ་གྱིས་ཁེངས་པ་དང་ཆབས་ཅིག་ཏུ་དཔའ་བོའི་མཛད་རྣམ་ཡང་མངོན། དཔའ་བོ་དེ་དག་མིའི་རིགས་ཀྱི་ཚོར་ཤེས་ཀྱིས་འདུན་པ་དྲགས་པོས་ལྷ་དང་འདྲ་བའི་མི་སྣར་གྱུར་ཡོད། བོད་ཀྱི་ལོ་རྒྱུས་སྙན་རྩོམ 《གེ་སར་སྒྲུང》 འདི་ཡང་དེ་ལྟར་ཡིན། ལོ་རྒྱུས་སྙན་རྩོམ 《གེ་སར་སྒྲུང》 གི་བརྗོད་བྱ་གཙོ་བོ་གེ་སར་དང་དམག་འདུལ་གྱིས་ཁུངས་སྣེ་གཞིར་བཟུང་སྟེ་ཞིབ་འབྲི་བྱས་ཡོད་ཅིང་ལོ་རྒྱུས་སྙན་རྩོམ་འདི་ཡིས་མི་སྣ་གཙོ་བོ་གེ་སར་འདི་ལྷ་མ་མི་ལྟ་བུར་བཀོད་འབྲི་བྱས་ཡོད་སྟབས་མི་སྣ་གཙོ་བོ་འདིར་ལྷ་གཤིས་དང་ལྷའི་མཐུ་སྟོབས་ལྡན་པ་ཞིག་ཡིན། དེར་བརྟེན་ཁོང་གི་སྐྱེས་ཁུངས་དང་སྐྱེས་ཡུལ་གྱི་གནད་དོན་འདི་ཡང་ཧ་ཅང་གི་གལ་འགངས་ཆེ་བར་མངོན། དེ་ནི་ལོ་རྒྱུས་སྙན་རྩོམ་ཞེས་པའི་དམིགས་བསལ་གྱི་རྩོམ་ལུས་འདིས་དེའི་ཁྲོད་ཀྱི་དཔའ་བོ་རྣམས་ཀྱི་ལུས་ཐོག་ཏུ་ཡོད་པའི་ཐུན་མོང་གི་ཁྱད་ཆོས་དེ་ཐག་བཅད་པ་ཡིན། ཞི་ལ་ཡི་ལོ་རྒྱུས་སྙན་རྩོམ་དང་རྒྱ་གར་གྱི་ལོ་རྒྱུས་སྙན་རྩོམ་ཚང་མ་དེ་ལྟར་ཡིན། 《གེ་སར་སྒྲུང》 ནང་གི་གེ་སར་རྒྱལ་པོའི་འཁྲུངས་རབས་འདི་སློབ་དཔོན་པདྨ་འབྱུང་གནས་མཆོག་གིས་བཀོད་སྒྲིག་དང་ལེགས་སྒྲུབ་བྱས་པ་ཡིན་ཞིང་ཁོང་སྐུ་ངོ་མས་གེ་སར་ལྷ་ཡུལ་དུ་འཁྲུངས་པར་སྐུལ་མ་མཛད་པ་མ་ཟད་གེ་སར་མི་ཡུལ་དུ་འཁྲུངས་པར་ཡང་བཀོད་སྒྲིག་བྱས་ཡོད་ཅིང་། གེ་སར་གྱི་སྤྱི་ཚོགས་འབྲེལ་བ་སོགས་ལའང་བཀོད་སྒྲིག་བྱས་ཡོད་པ་ཙམ་མ་ཟད་གེ་སར་དང་འབྲེལ་བའི་མི་སྣ་གཙོ་བོ་རྣམས་ཀྱང་དྲངས་ཡོད་དེ། ཡབ་སེང་བློན་ཨ་ཁུ་ཁྲོ་ཐུང་སྤྱི་དཔོན་རོང་ཚ་ཁྲ་རྒན་དང་འབྲུག་མོ་སོགས་ངང་གིས་ཐོན་ཡོད། འདིས《གེ་སར་སྒྲུང》གི་བྱུང་རིམ་ལ་སྔོན་འགྲོ་དང་རྨང་གཞི་བཏང་ཡོད།

        ཁ།  བྱུང་རིམ་འཕེལ་རྒྱས་གཏོང་བར་ནུས་པ་ཐོན་ཡོད།

        སློབ་དཔོན་པདྨས་གེ་སར་གྱི་འཁྲུངས་རབས་བཀོད་སྒྲིག་བྱས་པ་མ་ཟད་གེ་སར་གྱི་དམག་འཐབ་ཁ་ཤས་ཁྲོད་དུའང་བཞུགས་ཡོད། འདིས་ལོ་རྒྱུས་སྙན་རྩོམ་འདིའི་བྱུང་རིམ་མུ་མཐུད་མཐོ་རུ་བཏེགས་ཡོད།  《རྨ་བྲག་གཏེར་གྱི་བང་མཛོད》ནང་དུ་འདི་ལྟར་འཁོད་འདུག་སྟེ།  སློབ་དཔོན་པདྨས་དེ་སྔ་འདྲེ་ཞིག་བཏུལ་ཡོད་པ་དང་དེའི་གསང་མིང་དུ་འབར་བ་རྩལ་ཞེས་བཏགས་པ་དང་འབར་བ་རྩལ་གཏེར་སྲུང་དུ་མངགས་པ་མ་ཟད་ཁོར་འདི་སྐད་གསུངས་ཡོད་དེ།        འབྱུང་གྱུར་མཐའ་མཚམས་གདོན་གྱི་གེགས་བར་འོང་།།  དེ་ཡིས་དུས་སུ་ང་ཡིས་སྤྲུལ་པའི་སྐུ།།    མིང་ལ་གེ་སར་རྡོ་རྗེ་ཚེ་རིང་ཟེར།།   གཏེར་ཁུངས་ལྡེ་མིག་ཁོ་ཡི་ལག་ཏུ་སྤྲོད།། [8] གེ་སར་གྱིས་ནོར་བུ་ལེན་པའི་དུས་སུ་སློབ་དཔོན་པདྨ་འབྱུང་གནས་ལ་རྩ་གསུམ་ཆོས་སྐྱོང་དགྲ་ལྷ་ཝེར་མ་དང་བཅས་པས་བསྐོར་བ་མངོན་སུམ་དུ་ནམ་མཁའ་འཇའ་སྤྲིན་གྱི་ཀློང་ནས་ཕེབས་ཤིང་། སློབ་དཔོན་གྱིས་བཏུལ་བའི་གཏེར་སྲུང་འབར་བ་རྩལ་དེ་ད་ལྟ་ཁྱེའུ་གཡུ་ཡི་ཟུར་ཕུད་ཅན་གྱི་གཟུགས་སུ་བྱས་ཏེ་གསེར་གྱི་སྒྲོན་བུ་ལ་རིན་པོ་ཆེ་སྣ་ཚོགས་ཕྲ་བཏབ་པ་ཞིག་གེ་སར་གྱི་ཕྱག་ལ་ཕུལ། [9] ལོ་རྒྱུས་སྙན་རྩོམ་གྱི་ཁྲོད་དུ་བྱུང་རིམ་དེ་བཀོད་སྒྲིག་བྱེད་པའི་རྒྱུ་མཚན་ཡང་ཁོ་བོའི་རྨོངས་ཚོད་བྱས་ན་ཕལ་ཆེར་ནང་ཆོས་རིག་གནས་ནང་དུ་བཤད་པའི་བྱ་དངོས་ཀྱི་རྟེན་འབྲེལ་ལམ་བྱ་དངོས་ཅི་འདྲ་ཞིག་བྱུང་བ་དང་འཕེལ་རྒྱས་འགྲོ་བའི་རྒྱུ་རྐྱེན་འདི་ཡིན། གེ་སར་གྱིས་ནོར་བུ་ལེན་པ་དེ་ཡང་འདི་ལྟར་ཡིན་ཏེ་སློབ་དཔོན་པདྨས་གཏེར་སྦས་པ་དང་གཏེར་སྲུང་མངགས་མེད་ན་གེ་སར་གྱི་ནོར་བུ་ལེན་པ་ཡང་ཡོང་མི་སྲིད། འདི་དང་འདྲ་བར་སློབ་དཔོན་པདྨ་ཐོན་མེད་ན་ནོར་བུ་གང་ནས་ཡོང་བ་ཡང་གསལ་བཤད་བྱེད་མི་ཐུབ། དེར་བརྟེན་བང་རིམ་འདི་ཡི་ཐོག་ནས་བསམ་ན་སློབ་དཔོན་པདྨ་ཐོན་པ་འདིས་སྒྲུང་གི་བྱུང་རིམ་གྱི་ཆ་ཤས་སྒྲུབ་ཡོད་པ་མ་ཟད་སྒྲུང་གི་བྱུང་རིམ་འཕེལ་རྒྱས་ཀྱང་བཏང་ཡོད།

        མཇུག་བསྡུའི་གཏམ།

        གོང་གི་དབྱེ་ཞིབ་མདོར་ཙམ་བྱས་པའི་ཁྲོད་ནས་ང་ཚོས་སློབ་དཔོན་པདྨ་འབྱུང་གནས་དང་ལོ་རྒྱུས་སྙན་རྩོམ 《གེ་སར་སྒྲུང》 །  དེ་བཞིན་མི་སྣ་གེ་སར་བཅས་ཀྱི་འབྲེལ་བ་དམ་ཟབ་ལྡན་པ་དེ་ཤེས་ཐུབ། རྙིང་མ་བས་ལོ་རྒྱུས་སྙན་རྩོམ་འདི་སྒྲུབ་པའི་བརྒྱུད་རིམ་ནང་གལ་ཆེའི་ནུས་པ་ཇི་ལྟར་ཐོན་མིན་དང་ཁོ་ཚོས 《གེ་སར་སྒྲུང》 ལ་ཤུགས་རྐྱེན་ཇི་ལྟ་བུ་ཞིག་ཐེབས་པ། ཞིབ་ཕྲའི་ནང་དོན་ཅི་ཞིག་ཁ་བསྣོན་བྱས་ཡོད་པ། ནང་དོན་དེ་དག་ལ་རྣམ་འགྱུར་ཇི་ལྟ་བུ་བཟུང་ཡོད་པ། ལོ་རྒྱུས་སྙན་རྩོམ་འདིའི་ཐོག་མའི་སྙིང་དོན་ཇི་ལྟར་ཡིན་པ་སོགས་ཀྱི་གནད་དོན་ཐད་རྩོམ་འདིའི་ནང་མདོར་བསྡུས་ཚུལ་གྱིས་གླེང་བ་ལས་གཏིང་ཟབ་པོ་གླེང་མེད། འོན་ཀྱང་གནད་དོན་གཅིག་ང་ཚོས་ཐག་བཅད་ནས་བཤད་ཆོག་སྟེ་སློབ་དཔོན་པདྨ་འབྱུང་གནས་མཆོག་དང་གེ་སར་གཉིས་ཀས་བོད་མིའི་སྙིང་དབུས་སུ་གནས་བབས་ངེས་ཅན་ཞིག་བཟུང་ཡོད་ལ་གཉིས་ཀ་ནི་བོད་རིགས་མི་དམངས་ཀྱི་བསམ་བློའི་མཚོན་བྱེད་དང་འབྱུང་རྩ་ལྟར་ཡིན།

མཆན།

[1]《ཚོ་པའི་དམག་འཁྲུག་དང<གེ་སར>》《གེ་སར་ཞིབ་འཇུག་དཔེ་ཚོམ》【2】
[2]ཝང་ཤིང་ཤའན《<གེ་སར>རགས་བརྗོད》2002ལོའི་ཟླ6པའི་འདོན་ཐེངས་དང་པོའི་ཤོག་གྲངས49
ཀན་སུསུ་མི་རིགས་དཔེ་བསྐྲུན་ཁ།
[3]ཝང་ཧྥུ་རེན་གྱི《བོད་ཀྱི་ནང་ཆོས་ལོ་རྒྱུས་རགས་བརྗོད》2005ལོའི་ཟླ1པོའི་འདོན་ཐེངས་གཉིས་པ་ཤོག་གྲངས14
མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་།
[4]《སློབ་དཔོན་པདྨའི་དད་མོས་ཞིབ་འཇུག》ཤོག་ངོས87དུ་གསལ།
[5][6][8][9]ཝང་ཤིང་ཤའན་གྱིས་གཙོ་བསྒྲིགས་བྱས་པའི《གེ་སར་ཡིག་ཚང》པོད་དང་པོའི་ཤོག་ངོས342དང་།  330།  298།  297བཅས་སུ་གསལ།   ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང1996ལོའི་ཟླ6པའི་འདོན་ཐེངས་དང་པོར་གསལ།
[7]བེ་ལེན་སི་ཅིའི《སྙན་ངག་གི་རིགས་དབྱེ》《བེ་ལེན་སི་ཅིས་རྩོམ་རིག་རྣམ་བཤད》རྩོམ་རིགས་སྒྱུ་རྩལ་གསར་པའི་དཔེ་བསྐྲུན་ཁང1958ཀྱི་ཤོག་ངོས179རུ་གསལ།<གེ་སར><གེ་སར>