རྩོམ་པ་པོ།   བུ་ལོ།  ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།
ནང་དོན་གནད་བསྡུས། དམངས་ཁྲོད་རྩོམ་ཡིག་ལས་དོན་བརྗོད་རྩོམ་ཡིག་གི་གྲས་སུ་ཚུད་པའི་ངག་རྒྱུན་གྱི་གོ་དོན་དང་བྱུང་འཕེལ། རིགས་དགར་ཚུལ་བཅས་བརྗོད་ནས། དེའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་སྤྱི་ཚོགས་ལ་ཐོན་པའི་ནུས་པའི་སྐོར་ལ་དཔྱད་པ་ཐུང་ཐུང་ཞིག་བྲིས་ཡོད།
བརྡ་ཆད་གཙོ་བོ། དམངས་ཁྲོད་རྩོམ་ཡིག ངག་རྒྱུན། སྒྱུ་རྩལ་ཁྱད་ཆོས། བྱེད་ནུས། གླེང་གཞི།
མ་ལུས་རྒྱལ་བ་ཀུན་གྱི་མཁྱེན་རབ་ནི།།
འགྲོ་ཅན་བརྩེ་བས་སྐྱོང་བའི་ཡེ་ཤེས་ལས།།
འཇམ་པའི་དབྱངས་ཀྱི་ཞབས་དཀར་པད་མོ་ལ།།
རྟེན་བྱེད་བ་དན་མཛེས་པོ་སྤྱི་བོར་འཛིན།།
དམ་པའི་ལྷ་ཆོས་ལ་གུས་ཤིང་མ་གྱུར་འགྲོ་བ་སེམས་ཅན་ཀུན་ལ་སྙིང་རྗེ་ཡིས་སྐྱོང་བའི་བོད་མི་རིགས་ནི་སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་སྟེ་མདོ་དབུས་ས་མཐོར་འཚོ་གཞེས་གནང་ཡོད། བོད་པ་ཐུན་མོང་གིས་གསར་གཏོད་བྱས་པའི་གཟི་འོད་ལམ་ལམ་འཕྲོ་བའི་ངག་རྒྱུན་གྱི་སྒྱུ་རྩལ་རྩོམ་རིག་འདི་ནི་ལོ་རྒྱུས་ཀྱི་དོན་དངོས་དང་འཕྲུལ་སྣང་ཟུང་དུ་འབྲེལ་བ་ཞིག་ཡིན་ལ། དེ་མིན་རྟོག་བཏགས་དང་འཆར་ཡན་སོགས་ཀྱིས་ནང་དོན་དང་རྣམ་པ་བཅས་ཇེ་ལེགས་དང་ཇེ་མཛེས་སུ་བསྒྱུར་ཡོད།
དམངས་ཁྲོད་རྩོམ་ཡིག་ལས་ངག་རྒྱུན་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་མྱོང་བའི་མི་སྣ་ཞིག་གི་བྱུང་བ་དང་མཛད་རྗེས་རྣམས་བརྗོད་བྱར་སྟོན་པ་དང་། ས་གནས་སོ་སོའི་ཡུལ་ལྗོངས་དང་རི་ཆུ་གྲགས་ཅན་སོགས་མངོན་སུམ་མིག་གི་མཐོང་ཡུལ་དུ་གྱུར་བ་ཞིག་བརྗོད་བྱར་སྟོན་པ་བཅས་ལ་འཕྲུལ་སྣང་དང་རྟོག་བཏགས་འདྲེས་མས་མཚོན་པའི་དོན་བརྗོད་རྩོམ་ཡིག་ཅིག་ཡིན། དེ་ལ་བོད་མི་རིགས་རང་གི་ཁྱད་ཆོས་ལྡན་པ་མ་ཟད། ས་གནས་རང་བཞིན་དང་ལོ་རྒྱུས་ཀྱི་དོན་དངོས་རང་བཞིན་ངེས་ཅན་ལྡན་ནོ།།
དང་པོ། ངག་རྒྱུན་གྱི་གོ་དོན་དང་བྱུང་འཕེལ།
སྤྱིར་དོན་གྱི་བྱུང་བ་བརྗོད་པའི་རྩོམ་རིག་གི་གྲས་སུ་ཚུད་པའི་ངག་རྒྱུན་ནི་ལོ་རྒྱུས་ཁྲོད་བྱུང་བའི་དོན་རྐྱེན་དང་ས་གནས། དུས་རབས་དང་མི་སྣ་སོགས་དངོས་ཡོད་ཀྱི་ས་བོན་ངེས་ཅན་ཞིག་ཡོད་པའི་ལོ་རྒྱུས་རང་བཞིན་གྱི་སྒྲུང་ཞིག་ཡིན་ཏེ། ཉིང་ཉི་མ་འོད་ཟེར་གྱི«ཆོས་འབྱུང་མེ་ཏོག་སྙིང་བོའི་སྦྲང་རྩིའི་བཅུད»ལས “བོད་ཀྱི་རྒྱལ་བོ་ལ་སྔ་བ་གཉའ་ཁྲི་བཙན་པོ་ཡིན་ཏེ། དེའི་སྐུ་རིང་ལ་གཏམ་རྒྱུད་དང་སྒྲུང་རྒྱུད། སྡེབ་སྦྱོར། བཀའི་སྐུགས་དང་། བྲོ་གར་དང་། གླུ་གཞས་དང་།ཤོད་རྩེན་དང་། རྩེད་འཇོ་ལ་སོགས་པ་བྱུང་བ་ཡིན་ནོ” ཞེས་གསུངས་པ་ལས་སྒྲུང་རྒྱུད་ཟེར་བ་ནི་ལོ་རྒྱུས་ཀྱི་ས་བོན་ངེས་ཅན་ལྡན་པའི་ངག་རྒྱུན་དང་བྱུང་བརྗོད་སྙན་ངག་ལ་གོ་ན་འགྲིག འདི་ལས་ངག་རྒྱུན་ནི་བོད་དུ་གནའ་སྔ་མོ་ནས་དར་བའི་དམངས་སྲོལ་གྱི་རྩོམ་རིག་ཞིག་ཡིན་ལ། དེར་ལོ་རྒྱུས་ཀྱི་དོན་ངེས་རང་བཞིན་ངེས་ཅན་ཞིག་མཆིསཔ་གསལ། ཡང«ཀ་ཆེམས་ཀ་ཁོལ་མ»ནང་དུ་བྱུང་བའི་སྒྲུང་དང་གཏམ་རྒྱུད། ངག་རྒྱུན་སོགས་ཞིབ་བསྡུར་བྱས་ན། བོད་ཀྱི་གནའ་བོའི་ངག་ཐོག་རྩོམ་རིག་ལས་ལྷ་སྒྲུང་དང་ངག་རྒྱུན། སྒྲུང་གཏམ་གསུམ་ནི་སོ་སོ་མ་ཡིན་པར་གསུམ་པོ་གཏམ་རྒྱུད་ཀྱི་ཁོངས་སུ་གཏོགས་ལ། དེ་ནས་རིམ་བཞིན་བརྗོད་བྱའི་ནང་དོན་མི་འདྲ་བ་ལྟར་རྩོམ་རྣམ་ལའང་བྱེ་བྲག་གི་ཁྱད་པར་བྱུང་སྟེ། ལྷ་སྒྲུང་དང་ངག་རྒྱུན། གཏམ་རྒྱུད་བཅས་ཀྱི་གོ་དོན་དང་ཁྱད་ཆོས་ལ་སོ་སོའི་གཞི་འཛིན་ས་བྱུང་བས་ཁྱད་པར་ཡང་གསལ་བོ་ཡོད་པར་གྱུར།
གཉིས་པ། ངག་རྒྱུན་གྱི་རིགས་དགར་ཚུལ།
ཁ་བ་གངས་རིས་བསྐོར་བའི་བོད་ཆེན་པོའི་ཡུལ་གྲུ་འདིའི་དམངས་ཁྲོད་དུ་དར་ཆེ་བ་དང་། ལོ་རྒྱུས་ཀྱི་དེབ་ཐེར་ཁག་ཅིག་ཏུ་གསལ་བའི་ངག་རྒྱུན་སོ་སོའི་ནང་དོན་དང་ཁྱད་ཆོས་གཞིར་བཟུང་ནས་དབྱེ་ན་དྲུག་ཙམ་ཡོད་དེ། ༡ མི་སྣའི་ངག་རྒྱུན། བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་མྱོང་བའི་མི་སྣ་ཞིག་གི་བྱུང་བ་དང་མཛད་འཕྲིན་རྣམས་བརྗོད་བྱ་གཙོ་བོར་སྟོན་པ་ཞིག་ཡིན། དཔེར་ན། གཉའ་ཁྲི་བཙན་པོའི་ངག་རྒྱུན་དང་། སྟག་རི་གཉན་གཟིགས་ཀྱི་ངག་རྒྱུན། རྒྱལ་བཟའ་དང་བལ་བཟའི་ངག་རྒྱུན། མགར་སྟོང་བཙན་གྱི་ངག་རྒྱུན། ཁྲི་སྲོང་ལྡེ་བཙན་གྱི་ངག་རྒྱུན། གླང་དར་མ་དང་ལྷ་ལུང་དཔལ་རྡོར་གྱི་ངག་རྒྱུན་སོགས་མང་པོ་ཡོད། དེ་ལས་ཀྱང་དཔེ་མཚོན་ཅན་ནི་གྲི་གུམ་བཙན་པོའི་མིང་ཐོགས་ཚུལ་གྱི་ངག་རྒྱུན་ཡིན། དེ་ཡང་གྲི་གུམ་བཙན་པོ་སྐུ་བལྟམས་ནས་མཚན་གདགས་པར‘མ་མ་གྲོ་ཞ་མ་སྐྱི་བརླིང་མ་ལ་དྲིས་པར། མ་མའི་ཞལ་ནས། སྐྱི་བྲག་མར་བ་ཉིལ་ཏམ་མ་ཉིལ། དང་མ་འབྲི་སྤངས་མེས་ཚིག་གམ་མ་ཚིག མཚོ་དམ་ལེ་དབལ་སྐམ་མམ་མ་སྐམ་ཞེས་དྲིས་པར། བྲག་མ་རྙིལ། མཚོ་ཡང་མ་སྐམ། སྤང་མེས་མ་ཚིག་ཅེས་ལན་བཏབ་པར་མ་མ་ལོ་ན་རྒས་ཕྱིར་རྣ་བའི་དབང་བོ་ཉམས་པས་ལན་བཏབ་པ་ལོག་པར་ཐོས་ཏེ་མཚན་གྲི་གུམ་བཙན་པོར་བཏགས་པ’ ལྟ་བུའོ།། ༢ ལོ་རྒྱུས་དོན་རྐྱེན་དང་འབྲེལ་བའི་ངག་རྒྱུན། ལོ་རྒྱུས་དངོས་ལ་རྩོམ་པ་པོས་རྟོག་བཟོ་དང་བསྒྱུར་བཅོས་བྱས་ཏེ་ལོ་རྒྱུས་ངོ་མཚར་ཅན་དུ་བསྒྱུར་བ་ལས་གྲུབ་པ་ཡིན། དཔེར་ན། ར་མོ་ཆེ་དང་ར་ས་འཕྲུལ་སྣང་གཙུག་ལག་ཁང་བཞེངས་ཚུལ་གྱི་ངག་རྒྱུན།གྲི་གུམ་བཙན་པོ་དང་ལོ་ངམ་གཉིས་འཐབ་ཚུལ་གྱི་ངག་རྒྱུན། གླང་དར་མ་བཀྲོངས་ཚུལ་གྱི་ངག་རྒྱུན་སོགས་མང་པོ་ཡོད། དེ་དག་ལས་དཔེ་མཚོན་ནི་མགར་སྟོང་བཙན་གྱིས་རྒྱ་བཟའ་གཉེན་ལ་སློང་བའི་ངག་རྒྱུན་ཡིན། མགར་སྟོང་བཙན་གྱིས་རང་གི་བློ་རིག་ལ་བརྟེན་ནས་གཡུ་ལ་དར་སྐུད་བརྒྱུས་པ་དང་རྒོད་མ་མ་བུ་ངོས་འཛིན་པ། ད་དུང་བུ་མོ་བརྒྱ་ལས་ཀོང་ཇོ་བཙལ་བ་སོགས་དཀའ་ངལ་སེལ་ནས་མཇུག་མཐར་རྒྱལ་བཟའ་བོད་ཡུལ་དུ་གདན་དྲངས་པ་རེད། འདི་དག་ནི་བོད་དམངས་རྣམས་ཀྱིས་བློན་པོ་མགར་གྱི་འགྲན་ཟླ་བྲལ་བའི་བློ་གྲོས་ཀྱི་རྩལ་སྟོན་ཆེད་ལོ་རྒྱུས་དངོས་ཀྱི་ས་བོན་དེ་དག་གཞིར་བཟུང་ཐོག་སྔོན་གྱི་སྐྱེས་རབས་ཁྲོད་ཀྱི་བློན་པོ་རིག་པ་ཅན་རྣམས་ཀྱི་བསམ་སྦྱོར་ཁ་ཤས་དེའི་དཔེ་མཚོན་དུ་བཀོད་པའོ།། ༣ ས་གནས་ལྗོངས་ཁམས་དང་འབྲེལ་བའི་ངག་རྒྱུན། ས་གནས་སོ་སོའི་ཡུལ་ལྗོངས་དང་རི་ཆུ་སོགས་མངོན་སུམ་མིག་གིས་རིག་པ་ཞིག་གཞིར་བཟུང་ཐོག་འཕྲུལ་སྣང་དང་རྟོགས་བཏགས་འདྲེས་པ་ལས་གྲུབ་པ་ཡིན། དཔེར་ན། འབྲི་ཆུའི་ངག་རྒྱུན། མཚོ་སྔོན་པོའི་ངག་རྒྱུན། རི་བོ་ཉི་ཟླའི་ངག་རྒྱུན། དགའ་ལྡན་ཀ་བཤད། གེ་སར་རྒྱལ་བོ་ཕེབས་སའི་གནས་སོགས་མོད་པོ་ཡོད། དེ་དག་ལས་དཔེ་མཚོན་ཅན་ནི་རི་བོ་ཉི་ཟླའི་ངག་རྒྱུན་ཡིན། གནའ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་རྒྱལ་བཟའ་ཀོང་ཇོ་བོད་ཡུལ་དུ་སླེབས་དུས། རྒྱ་བོད་ས་མཚམས་བརྒལ་ནས་རི་བོ་ཉི་ཟླ་ཡོད་པོའི་གནས་དེར་ཐོན་དུས་ཀོང་ཇོའི་སེམས་ནས་ཕ་ཡུལ་དྲན་པའི་གདུང་པ་མ་བཟོད་པར་ཡབ་ཐང་ཐའེ་ཙུང་གིས་བྱིན་པའི་མེ་ལོང་ས་དེར་གཡུགས་པས་ན་རི་བོ་ཉི་ཟླ་བྱུང་བར་གྲགས་པ་རེད། འདི་ཡང་དངོས་ཡོད་ཀྱི་རང་བྱུང་ཁམས་ཀྱི་བཀོད་པ་ངེས་ཅན་ཞིག་དང་འབྲེལ་ནས་འཕྲུལ་སྣང་གིས་ངོ་མཚར་ཅན་དུ་བསྒྱུར་བའོ།། ༤ ཐོན་རྫས་དང་འབྲེལ་བའི་ངག་རྒྱུན། ཡུལ་སོ་སོའི་དངོས་ཡོད་ཀྱི་ཐོན་རྫས་ཀྱི་བྱུང་བ་དང་དར་ཚུལ་སོགས་གཞིར་བྱས་ཐོག་རྟོག་བཏགས་ཀྱིས་དེ་དག་ངོ་མཚར་ཅན་དུ་བསྒྱུར་བ་ལས་བྱུང་བ་ཡིན། དཔེར་ན། ཚྭ་བྱུང་བའི་ངག་རྒྱུན། ནས་སོགས་འབྲུ་དྲུག་གི་ས་བོན་བྱུང་བའི་ངག་རྒྱུན། ཇ་དང་དཀར་ཡོལ་དར་བའི་ངག་རྒྱུན་སོགས་མི་ཉུང་བ་ཞིག་ཡོད། དེ་དག་ལས་དཔེ་མཚོན་ཅན་ནི་འབྲུ་རིགས་ནས་ཐོན་པའི་ངག་རྒྱུན་དེ་ཡིན། གནའ་སྔ་མོའི་དུས་སུ། བོད་ཀྱི་ཡུལ་ཁམས་འདིར་བློ་དང་རྩལ་ལྡན་པའི་མི་རིགས་ཀྱི་དཔའ་བོ་ཞིག་བྱུང་། དེས་འབྲུ་རིགས་ནས་ཀྱི་ས་བོན་སྒེར་སྒོམ་བྱས་པའི་མི་ངན་གདོན་འདྲེན་ལ་བློ་ཡི་རིག་པ་དང་དྲག་པོའི་འཐབ་རྩོད་སོགས་ཐབས་མང་པོ་བཀོལ་ནས་ཡང་ཡང་འཐབ་མཐར་རྒྱལ་ཁ་ཐོབ་ནས་ས་བོན་བླངས་ཏེ་མི་རྣམས་ལ་འདེབས་སུ་བཅུག་པས། བོད་པ་རྣམས་ཀྱི་ཁ་ཟས་རྩམ་པ་བྱུང་བ་དེ་ཡིན། དེ་ཡང་དམངས་རྣམས་ཀྱི་དངོས་ཡོད་འཚོ་བའི་ཁྲོད་དུ་བྱུང་བའི་ཐོན་རྫས་གཞིར་བྱས་ནས་དེ་དག་ལ་རྩོམ་མཁན་གྱིས་སྒྲོ་བཏགས་དང་འཕྲུལ་སྣང་གིས་བྱུང་ཚུལ་ཁྱད་པར་ཅིག་བཟོས་པའོ། ༥ ཡུལ་སྲོལ་གོམས་གཤིས་དང་འབྲེལ་བའི་ངག་རྒྱུན། ཁ་དཔེ་ལ་ལུང་བ་རེ་ལ་ཆུ་རེ་ཡོད་ལ། ས་ཆ་རེ་ལ་སྲོལ་རེ་ཡོད་ཅེས་པ་ལྟར་བོད་ཀྱི་ས་གནས་སོ་སོར་ཡུལ་སྲོལ་གོམས་གཤིས་ཏེ་འགྲོ་འདུག་བཟའ་བཏུང་སྐོར་དང་དུས་ཆེན་སོགས་གོམས་སྲོལ་དག་གཞིར་བྱས་ནས་བྱུང་བ་ལ་དངོས་ཡོད་ལས་ཤུགས་དྲག་པའི་སྒོ་ནས་འུད་བརྗོད་ཀྱིས་མི་རྣམས་ཀྱི་སྣང་ངོར་བྱ་དངོས་ལ་འཕྲུལ་སྣང་ངེས་ཅན་བཞག་པ་ཡིན། དཔེར་ན། ཉི་ཟླ་དགྲ་གཅན་གྱིས་འཛིན་པའི་ངག་རྒྱུན། དྲུག་པའི་ཀླུ་རོལ་གྱི་ངག་རྒྱུན། སྟག་ལྤགས་དང་ཝ་ཞྭ་གྱོན་པའི་ངག་རྒྱུན་སོགས་ཡོད་ལ། དཔེ་མཚོན་ཅན་ཟླ་བ་དགྲ་གཅན་གྱིས་འཛིན་པའི་ངག་རྒྱུན་བཀོད་ན། གོ་ལ་ཟླུམ་པོ་དག་གི་འཁོར་སྐྱོད་ཁྲོད་ནས་བྱུང་བའི་ཟླ་འཛིན་དེ་མདོ་དབུས་ས་མཐོར་འཚོ་བའི་བོད་མི་དམངས་གིས་འཕྲུལ་སྣང་གི་དབང་དུ་ཕྱེས་ནས་གཅན་གཟན་གཏུམ་པོ་ཁྱི་འདྲ་བ་ཞིག་གིས་ཟླ་བ་ཁྱུར་མིད་བྱས་པར་རློམ་ནས་དེ་དགྲ་བོའི་ཚུལ་དུ་བཟུང་ཏེ་མི་ཚང་མ་ས་གཅིག་ཏུ་མཉམ་དུ་འདུས་ནས་དུང་འབུད་པ་དང་རྔ་བརྡུང་བ།མདའ་འཕེན་པ།ཀི་འདེབས་པ།མ་ཎི་འདོན་པ་སོགས་ཆོ་གའམ་བྱ་སྤྱོད་སྤེལ་བ་རེད།དེ་ཡང་མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་དངོས་ཡོད་འཚོ་བར་རྟོག་བཟོ་བྱས་ནས་ཁྱད་མཚར་གྱི་གོམས་སྲོལ་ཆགས་པའོ།། ༦ ཆོས་ལུགས་དང་འབྲེལ་བའི་ངག་རྒྱུན། ཆོས་ལུགས་བྱུང་ནས་དེ་ལ་རིགས་མི་འདྲ་བའི་གྲུབ་མཐའ་མང་པོ་གྱེས་བ་བསྟུན་ནས་མི་རྣམས་ཀྱིས་ཀྱང་དེ་ལ་རྟོག་བཏགས་ཀྱི་སྒོ་ནས་དངོས་ཡོད་ལ་འུད་ཆེན་པོ་བརྗོད་ཡོད། དཔེར་ན། བསམ་ཡས་གཙུག་ལག་ཁང་བཞེངས་པའི་ངག་རྒྱུན་དང་། རྗེ་ཙོང་ཁ་བ་བྱོན་པའི་ངག་རྒྱུན། ཆུ་ཡིས་མཆོད་པ་འབུལ་བའི་ངག་རྒྱུན་སོགས་མང་པོས་བོད་མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།
གསུམ་པ། ངག་རྒྱུན་གྱི་སྒྱུ་རྩལ་ཁྱད་ཆོས།
གཞན་ལས་ཁྱད་དུ་འཕགས་པའི་རང་སོ་སོའི་རྟགས་མཚན་གྱིས་གང་བའི་ངག་རྒྱུན་ནི་བོད་ཀྱི་ངལ་རྩོལ་མི་དམངས་ཀྱིས་ཐུན་མོང་བའི་ངག་ཐོག་ནས་གསར་རྩོམ་དང་བརྒྱུད་སྤེལ་བྱས་པའི་ལོ་རྒྱུས་མི་སྣ་དང་དོན་རྐྱེན། རང་བྱུང་ཡུལ་ལྗོངས་དང་ཡུལ་སྲོལ་གོམས་གཤིས། ཆོས་ལུགས་སོགས་ལ་འཕྲུལ་སྣང་དང་རྟོག་བཏགས། འུད་བརྗོད་བཅས་ཀྱིས་དངོས་ཡོད་འཚོ་བ་དེ་དྲན་སྣང་དང་བསམ་པའི་འཆར་སྣང་གིས་གཟུགས་འགྱུར་བྱས་པ་ལས་གྲུབ། དེར་ལོ་རྒྱུས་རང་བཞིན་དང་དོན་དངོས་རང་བཞིན་ངེས་ཅན་མཆིས་ཤིང་། མི་རིགས་དང་ས་ཁུལ་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པ་རེད།
༡ ལྷ་སྒྲུང་ལས་བརྒལ་ནས་ལོ་རྒྱུས་ཀྱི་དོན་དངོས་རང་བཞིན་ངེས་ཅན་ལྡན།
གནའ་བོའི་ལྷ་སྒྲུང་ལས་བྱུང་བའི་མི་སྣ་གཙོ་བོ་ལྷ་ཡིན། དེ་དག་ནི་ལྷའི་རང་བཞིན་ལྡན་པའི་སྒྲུང་དག་དག་རེད།ལྷའི་ངོ་བོ་ལས་འཇིག་རྟེན་གྱི་བྱུང་བ་དང་འགྲོ་ལུགས་ཐད་ཀྱི་གཏམ་རྒྱུད་བརྗོད་བཞིན་མཆིས་ལ། རང་བྱུང་ནུས་པ་གཟུགས་སྣང་ཅན་དུ་བསྒྱུར་བ་དང་། རང་རྟོགས་མ་ཡིན་པའི་སྒོ་ནས་རང་བྱུང་ཁམས་དང་སྤྱི་ཚོགས་འཚོ་བ་དེ་སྒྱུ་རྩལ་གྱིས་ལས་སྣོན་བྱས་ཡོད་པ་རེད། དེ་མིན་མི་སྣ་དང་དངོས་པོ་ཚང་མ་ངེས་གཏན་མེད་པ་རེད། ངག་རྒྱུན་ནི་ལྷ་སྒྲུང་གི་ལྷ་གཙོ་བོ་འཛིན་པའི་མི་སྣ་གསར་བཞེངས་ལས་ཆེས་ཆེར་བརྒལ་ནས་མིའི་རང་བཞིན་ཅན་གྱི་མི་སྣའི་མི་ཚེ་དང་མཛད་འཕྲིན་བརྗོད་བྱར་བྱས་པའི་སྒྲུང་ཞིག་ཡིན་ལ། དེར་ལོ་རྒྱུས་མི་སྣ་དང་དོན་རྐྱེན། ས་གནས་ཡུལ་ལྗོངས་ངེས་ཅན་ཞིག་དང་འབྲེལ་བས། ལོ་རྒྱུས་རང་བཞིན་དང་བདེན་གྲུབ་རང་བཞིན་ངེས་ཅན་ཞིག་མཆིས་ཤིང་། དངོས་སུ་མིང་འཛིན་རྒྱུ་དང་མིག་གིས་མཐོང་རྒྱུ་ཡོད་པ་དང་། ལ་ལ་ཞིག་ལོ་རྒྱུས་སྟེང་དངོས་སུ་བྱུང་མྱོང་བ་ཤ་སྟག་ཡིན། དེར་ད་དུང་མི་རིགས་དང་ས་ཁུལ་གྱི་ཁྱད་ཆོས་མངོན་པར་གསལ། དེ་ལྷ་སྒྲུང་དང་བསྡུར་ན་ལྡབ་འགྱུར་གྱིས་མིའི་རང་བཞིན་ཅན་དུ་བསྒྱུར་ཡོད། དེ་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་མྱོང་བའི་སྐད་གྲགས་ཆེ་བའི་མི་སྣ་དེ་དག་གིས་བོད་འཕེལ་རྒྱས་ཀྱི་ཕྱོགས་ལ་བྱས་རྗེས་གལ་ཆེན་བཞག་ཡོད་པ་སྐབས་དེ་དང་བོད་ཕྱི་རབས་པ་རྣམས་ཀྱི་འཚོ་བའི་ནང་དུ་ཤུགས་རྐྱེན་ཟབ་མོ་བཞག་ཡོད་པས། བོད་མི་རྣམས་ཀྱིས་ངག་རྒྱུན་སྣ་ཚོགས་ཀྱི་སྒོ་ནས་ཁོ་ཚོའི་མཛད་པ་ལ་བསྟོད་བསྔགས་བྱེད་ཆེད་འུད་བརྗོད་དང་རྟོག་བཏགས། འཕྲུལ་སྣང་སོགས་ཐབས་མཁས་ཀྱི་སྒོ་ནས་སྦྱར་བ་ཡིན་པས། དེར་ལོ་རྒྱུས་ཀྱི་རང་བཞིན་ངེས་ཅན་ཞིག་ལྡན། དེ་བཞིན་དུ་ས་གནས་ཡུལ་ལྗོངས་དང་འབྲེལ་བའི་ངག་རྒྱུན། ཡུལ་སྲོལ་གོམས་གཤིས་དང་འབྲེལ་བའི་ངག་རྒྱུན་སོགས་ལས་རྒྱུན་པར་གནས་ཀྱི་ཆགས་ཚུལ་དང་བཀོད་པ། གནས་མིང་ཐོགས་ཚུལ། ཡུལ་སྲོལ་གྱི་འབྱུང་ཁུངས་སོགས་ཀྱི་ཐད་འཕྲུལ་སྣང་གི་སྒོ་ནས་འགྲེལ་བཤད་བྱས་ཡོད་ཀྱང་། དེར་མངོན་སུམ་མཐོང་རྒྱུ་ཡོད་པའི་དངོས་ཡོད་ཀྱི་ཆ་ལྡན་པས་ལོ་རྒྱུས་ཀྱི་ཁུངས་ལུང་ངེས་ཅན་ཞིག་འཛོམས་པའི་བག་ཆགས་ཟབ་མོ་བཞག་ཡོད། གཞན་ཡང་། ངག་རྒྱུན་ལ་ལོ་རྒྱུས་རང་བཞིན་ངེས་ཅན་ལྡན་ཡང་ལོ་རྒྱུས་དངོས་དང་བསྡུར་ན་ཁྱད་པར་ཡོད་དེ། ངག་རྒྱུན་དེ་ངེས་པར་དུ་ཕྱི་རོལ་ཡུལ་གྱི་དོན་དངོས་ཇི་མ་ཇི་བཞིན་ཟིན་ཐོ་བཀོད་པ་ཞིག་ཡིན་དགོས་པའི་ལོ་རྒྱུས་དང་མི་འདྲ་བར། ནང་དོན་ལ་སྒྱུ་རྩལ་གྱིས་རྟོག་བཟོ་དང་བཟོ་བཅོས་བྱ་ཆོག་པ་ཡིན། ད་དུང་གསར་རྩོམ་གྱི་གོ་རིམ་ཁྲོད་ནས་དུས་རབས་དང་མི་རིགས།ཡུལ་ཁམས་དང་ཉན་མཁན་མི་འདྲ་བར་བསྟུན་ནས་བསྒྱུར་བཅོས་དང་འགྱུར་ལྡོག་བྱུང་ཆོག དེ་མིན་ལྷ་སྒྲུང་དང་ངག་རྒྱུན་གཉིས་ཀྱི་རྩོམ་སྟངས་མི་འདྲ་སྟེ། ལོ་རྒྱུས་ནི་དངོས་ཡོད་ཀྱི་བྱུང་བ་ཟིན་ཐོར་འགོད་པ་ཞིག་ཡིན། ངག་རྒྱུན་ནི་དམངས་ཁྲོད་རྩོམ་ཡིག་གི་རྩོམ་ལུས་ཡིན་ལ།དངོས་ཡོད་དང་འབྲེལ་ནས་སྣང་བརྙན་གསོན་ཉམས་ལྡན་པའི་སྒོ་ནས་ཞིབ་འབྲི་བྱས་པ་ཡིན།
༢ གཏམ་རྒྱུད་དང་མི་འདྲ་བའི་ཁྱད་ཆོས་གསར་བ་ལྡན།
མི་དམངས་ཀྱིས་ངག་ཐོག་ནས་གསར་རྩོམ་དང་བརྒྱུད་སྤེལ་བྱ་བའི་ཚིག་ལྷུག་གི་རྣམ་པ་ཅན་གྱི་དོན་དངོས་དང་རྟོག་བཏགས་འདྲེས་མའི་ངག་རྒྱུན་དེ་གང་ཟག་རང་ག་བ་དག་གིས་ཚེ་འདིར་དགྲ་འདུལ་གཉེན་སྐྱོང་དང་ཚོང་ཁེ་སྤོགས་སོགས་ཀྱིས་ནོར་སྒྲུབ་ཚུལ་དང་། དགེ་བ་ལྟར་སྣང་གཙོ་བྱས་ཚུལ་སོགས་རབ་བཏགས་ཀྱི་ཚིག་གིས་བརྒྱན་ཏེ་འཇིག་རྟེན་པ་རྣམས་ལ་ཡ་མཚར་སྐྱེས་ཐབས་ཙམ་དུ་སྤེལ་བའི་གཏམ་རྒྱུད་དང་བསྡུར་ན་ཁྱད་ཆོས་གསར་བ་ཞིག་ལྡན།ངག་རྒྱུན་ལ་ངེས་གཏན་གྱི་མི་སྣ་དང་འབྲེལ་བའི་ལོ་རྒྱུས་དོན་རྐྱེན་དང་དུས་ཚོད་ཡོད་པས་ལོ་རྒྱུས་རང་བཞིན་དང་དོན་དངོས་རང་བཞིན་མཆིས། གཏམ་རྒྱུད་དེ་དང་མི་འདྲ་བར་མི་སྣ་དང་ས་གནས། དུས་ཚོད་བཅས་ནི་སྤྱི་མཚན་ཅན་ཞིག་ཡིན། དེ་ནི་ངལ་རྩོལ་མི་དམངས་ཀྱི་འཚོ་བའི་རྨང་གཞི་བྱས་པའི་བརྗོད་བྱ་དང་དངོས་ཡོད་འཚོ་བ་ལས་གདམས་པའི་མི་སྣ་གཙོ་བོའང་ཡོད། ལོ་རྒྱུས་ཀྱི་མི་སྣར་འབྲེལ་བ་མེད། དེ་མིན་ངག་རྒྱུན་ལ་ས་གནས་རང་བཞིན་དང་མི་རིགས་རང་བཞིན་ཤུགས་དྲག་ཅིང་། གཏམ་རྒྱུད་དེ་ལྟར་མ་ཡིན་པར་ས་གནས་དང་མི་རིགས་ཀྱི་ཁྱད་ཆོས་མི་གསལ་བར་སྤྱི་མཚན་ཅན་ཞིག་ཡིན་པས་ལོ་རྒྱུས་ཀྱི་བདེན་ཆ་མེད། ད་དུང་གཏམ་རྒྱུད་གང་ཡིན་ཡང་མགོ་རྩོམ་ཚུལ་དང་མཇུག་སྒྲིལ་ཚུལ་སོགས་ཀྱི་རྩོམ་སྟངས་ཕལ་ཆེར་འདྲ། དེའི་འགོ་ཐོས་མ་ཐག་ཏུ་མཇུག་འབྲས་ཕལ་ཆེར་ཤེས་ཐུབ། ངག་རྒྱུན་ལ་དེ་འདྲའི་འདྲ་བཤུས་ཀྱི་རྣམ་པ་མེད་པར་རང་རང་གི་ཁྱད་ཆོས་དང་ལོ་རྒྱུས་ཀྱི་བདེན་ཆ་ངེས་ཅན་ཞིག་ལྡན།
༣ མི་སྣའི་སྣང་བརྙན་གསར་བཞེངས་ཐད་ཀྱི་ཁྱད་ཆོས།
དེ་ཡང་མི་སྣ་གསར་བཞེངས་ཐད་ནས་དུས་རིམ་མི་འདྲ་བའི་དབྱེ་བ་དུ་མ་ཡོད་དེ། སྲོང་བཙན་སྔོན་ལ་བྱུང་བའི་ངག་རྒྱུན་དག་གི་མི་སྣ་གསར་བཞེངས་ཐད་ཀྱི་ཁྱད་ཆོས་ནི་རང་བྱུང་ཁམས་ཀྱི་ནུས་པ་ལ་སྐྱབས་བཅོལ་བ་དང་རང་བྱུང་ཁམས་ལ་ཆེ་བ་བརྗོད་ནས། མིའི་མིང་དང་མིའི་བྱུང་བ་སོགས་མི་སྣ་དེ་རང་བྱུང་ཁམས་དང་འབྲེལ་བ་དམ་པས་བཅིངས་ཡོད། དཔེར་ན། གྲི་གུམ་བཙན་པོ་འཁྲུངས་པའི་ངག་རྒྱུན་ལས། མ་མ་གྲོ་ཞ་མས་དྲིས་པའི་དྲི་བ་དག་ནི་རང་བྱུང་ཁམས་དང་འབྲེལ་བ་ཡོད་པའི་ས་ཆུའི་གནས་ཚུལ་འགའ་ཡིན་པ་སྟེ། སྐྱི་བྲག་མར་བ་ཉིལ་ཏམ་མ་ཉིལ་དང་མ་འབྲི་སྤངས་མེས་ཚིག་གམ་མ་ཚིག མཚོ་དམ་ལེ་དབལ་སྐམ་མམ་མ་སྐམ་ཞེས་པ་སོགས་ལས་བཙན་པོའི་མིང་ཡང་འདི་ལྟར་རང་བྱུང་ཁམས་དང་འབྲེལ་ཡོད་པས། འབངས་རྣམས་ནི་དེ་བས་ཀྱང་བཤད་མི་དགོས། སྲོང་བཙན་ནས་གླང་དར་མའི་བར་གྱི་མི་སྣ་གསར་བཞེངས་ཐད་ཀྱི་ཁྱད་ཆོས་ནི་མི་སྣའི་བྱ་སྤྱོད་དང་སྐད་ཆ་སོགས་ཞིབ་འབྲི་བྱས་ནས་མཛངས་བ་དང་དཔའ་བ།བློ་རིག་ལྡན་པ་སོགས་ཀྱི་སྣང་བརྙན་གསལ་བོར་བསྟན་ཡོད་པས། ནང་བསྟན་ཆོས་ལུགས་ཀྱི་ལྟ་བ་དང་ལྷ་སྒྲུང་ལྟ་བུར་བྲིས་མེད་པར། བོད་རང་གི་བསམ་སྦྱོར་དང་མཛེས་དཔྱོད་ཀྱི་ལྟ་བ་ལྟར་ཚིག་བསྡུས་ཤིང་དོན་གསལ་བའི་སྒོ་ནས་ཞིབ་འབྲི་བྱས་ཡོད་པས། བཀླགས་མ་ཐག་ཏུ་དོན་ངོ་མའི་སྣང་བ་ཞིག་སྟེར་ཐུབ། དཔེར་ན།«རྦ་བཞེད»དང«མདོ་མཛངས་བླུན»ལས་ཁྲི་སྲོང་ལྡེ་བཙན་འཕྲོག་རྩོད་བྱས་པའི་ངག་རྒྱུན་དེར་བུད་མེད་གཉིས་ཀྱི་བྱ་སྤྱོད་ཞིབ་འབྲི་བྱས་ཏེ་འཕྲོག་རྩོད་ཀྱི་རྣམ་པ་ཐོན་པར་བྱས་ཡོད། ད་དུང་རྒྱལ་བུའི་སྐད་ཆ་དང་བྱ་སྤྱོད་སོགས་ཞིབ་འབྲི་བྱེད་པ་དོན་གསལ་ཞིང་ཚིག་བསྡུས་བ་ཞིག་རེད། བོད་སིལ་བུ་ཐོར་བ་ནས་ངག་རྒྱུན་གྱི་མི་སྣ་གསར་བཞེངས་ཐད་ནས་ཆོས་ལུགས་ཀྱིས་ཤན་ཤུགས་མི་ཉུང་བ་ཞིག་ཐེབས་ཡོད། དཔེར་ན། རྗེ་ཙོང་ཁ་བ་འཁྲུངས་པའི་ངག་རྒྱུན་ལས། མི་སྣ་གསར་བཞེངས་ཕྱོགས་ལ་ནང་པ་སངས་རྒྱས་ཀྱི་བསྟན་པའི་ནང་དོན་གྱིས་གོ་གནས་ཆེན་པོ་བཟུང་ཡོད། དེ་བཞིན་དུ་གྲུབ་མཐའ་སོ་སོར་གྱེས་ནས་དེ་དག་རང་རང་གི་ཁྱད་ཆོས་སམ་དགོངས་དོན་མངོན་པར་གསལ་བར་ཐོན་ཡོད།
ངག་རྒྱུན་ཁྲོད་ཀྱི་མི་སྣ་དེར་གཟུགས་རིས་འབྲི་བཞེངས་དང་སེམས་ཁམས་ཞིབ་འབྲིའི་ཐད་དོ་སྣང་བྱས་མེད་པར། འུད་བརྗོད་དང་རབ་བཏགས་ཀྱི་ཐབས་ལ་བརྟེན་ནས་གཏམ་རྒྱུད་ཀྱི་བྱུང་རིམ་འཕེལ་བར་བྱེད་པ་དང་། མི་སྣའི་བྱ་སྤྱོད་ཞིབ་འབྲི་བྱས་པ་བརྒྱུད་དེ་མི་སྣའི་རང་གཤིས་ཀྱི་ཁྱད་ཆོས་མངོན་པར་བྱས་ཡོད་དེ། དྲང་ཕྱོགས་ཀྱི་མི་སྣ་ཚང་མ་ཕུགས་འདུན་ཅན་དང་། མི་དང་རང་བྱུང་གི་ནུས་པ་ལས་བརྒལ་བ་དག་ཡིན་ལ། ཁྱད་པར་དུ་དཔེ་མཚོན་མི་སྣའི་སྣང་བརྙན་ཕལ་ཆེར་གཡོ་ལྷད་མེད་པ་དང་སྤྲོ་ཉམས་ལྡན་པ། རང་གཤིས་མངོན་གསལ་དོད་པོ་ཅན་ཞིག་མཚོན་པར་བྱས་ཡོད།
༤ མི་རིགས་དང་ས་ཁུལ་གྱི་ཁྱད་ཆོས་མངོན་པར་གསལ་བ།
བོད་ཀྱི་དམངས་ཁྲོད་དུ་དར་བའི་ངག་རྒྱུན་ནི་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་རྩོམ་རིག་བརྩམས་ཆོས་ཤིག་ཡིན་ཏེ། མི་རིགས་རང་གི་ལོ་རྒྱུས་དང་དོན་དངོས་ས་བོན་བྱས་ནས་མཛེས་མདངས་རྣམ་པར་བཀྲ་ཞིང་དྲི་ཞིམ་ལྷང་ལྷང་འཐུལ་བའི་མེ་ཏོག་གངས་རྒྱན་ལྟ་བུ་ཞིག་བོད་མི་དམངས་ཀྱིས་རང་གི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་བསྐྲུན་ཡོད། བོད་ཀྱི་ངག་རྒྱུན་ལ་བོད་ས་ཁུལ་གྱི་ཁྱད་ཆོས་དང་བོད་མི་རིགས་ཀྱི་རང་གཤིས་མངོན་པར་ཐོན། ངག་རྒྱུན་གྱི་བརྩམས་ཆོས་འདི་དག་གི་ནང་དུ་བོད་མི་རིགས་ཀྱི་གནའ་ནས་ད་ལྟའི་ཡུན་རིང་བའི་ལོ་རྒྱུས་དང་ཡུལ་སྲོལ་གོམས་གཤིས། འོད་སྟོང་འབར་བའི་རིག་གནས་སོགས་གསལ་བོར་མངོན་ཐུབ་ལ་ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་འཕེལ་རིམ་དང་། སྐབས་དེའི་ཆབ་སྲིད་དང་ཆོས་ལུགས། གྲལ་རིམ་འཐབ་རྩོད་ཀྱི་འགལ་བ། སྤྱི་ཚོགས་ཀྱི་ངོ་བོ་དང་རྣམ་པ། དཔལ་འབྱོར་གྱི་རྨང་གཞི། རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་འཛིན་པའི་ལྟ་བ་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་སོགས་གསལ་བོར་རྟོགས་ཐུབ་པས། མི་རིགས་རང་གི་ཁྱད་ཆོས་གསལ་བོར་ཐོན་ཡོད། ད་དུང་ངག་རྒྱུན་ལ་ས་གནས་རང་བཞིན་གྱི་ཁྱད་ཆོས་མངོན། དཔེར་ན། ཀོང་བོ་ཡུལ་གྱི་གྱོན་གོས་ཀྱི་ངག་རྒྱུན་ལས། སྔོན་ཀོང་བོ་ཡུལ་གྱི་ཚོ་དཔོན་ཞིག་གིས་མི་དམངས་སྲོང་སྐྱོབ་བྱ་ཆེད་ཕྱི་དགྲར་ངོ་རྒོལ་བྱེད་ནས་རང་སྲོག་བློས་བཏང་བས། ཡུལ་དེའི་མི་རྣམས་ཀྱིས་དཔོན་པོ་དེར་རྗེས་དྲན་དུ་སྣམ་བུའི་ལྭ་བཟོས་པ་རེད། ཕྱིས་སུ་ཀུན་གྱིས་གོན་ནས་དར་རྒྱས་བྱུང་། དེ་བཞིན་ངག་རྒྱུན་དུ་ས་གནས་སོ་སོ་དང་མི་རིགས་སོ་སོའི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་ཡུལ་སྲོལ་གོམས་གཤིས། བསམ་པའི་འཁྱེར་སོ་སོགས་གསལ་ལེར་མངོན་ཡོད།
༥ བོད་ཀྱི་ལོ་རྒྱུས་དང་རྒྱ་གར་གྱི་གཏམ་རྒྱུད་ཟུང་དུ་འབྲེལ་བ།
བོད་རང་གི་ལོ་རྒྱུས་མཁན་གྱི་བསམ་བློའི་ཡིད་སྤྲུལ་དང་རྒྱ་གར་གྱི་སྐྱེ་རབས་གཏམ་རྒྱུད་ཀྱི་བྱུང་རིམ་གཉིས་འདྲེས་ནས་ཐུན་མོང་མ་ཡིན་པའི་བོད་ཀྱི་ངག་རྒྱུན་གྲུབ་པ་རེད། དཔེར་ན། བློན་པོ་མགར་སྟོང་བཙན་གྱི་ལོ་རྒྱུས་ངག་རྒྱུན་ལས། མགར་སྟོང་བཙན་མཆོག་རྒྱ་ནག་ཡུལ་དུ་སོང་ནས་རྒྱ་བཟའ་སློང་བའི་སྐབས་ཀྱི་གཡུ་དར་སྐུད་བསྒྱུས་པ་དང་རྒོད་མ་མ་བུ་ངོས་འཛིན་པ། སྡོང་བོའི་མགོ་རྔ་ངོས་འཛིན་པ་སོགས་ངོ་མཚར་བའི་སྣང་བརྙན་འདི་རྒྱ་གར་གྱི་སྐྱེས་རབས་གཏམ་རྒྱུད་དག་ཏུ་ཇི་མ་ཇི་བཞིན་ཡོད།གནའ་བོའི་རྒྱ་གར་གྱི་བློན་པོ་དག་གི་མཛངས་པའི་ལས་དེ་དག་བློན་པོ་མགར་གྱི་གཟུགས་བརྙན་འབུར་དུ་ཐོན་ཆེད་དེའི་སྟེང་ལ་གཅིག་བསྡུས་སུ་སྦྱར་ཡོད། ད་དུང་ཁྲི་སྲོང་ལྡེ་བཙན་འཕྲོག་རྩོད་བྱས་པའི་ངག་རྒྱུན་དེ་ཡང་རྒྱུ་ཆ་ཡིག་ཐོག་རྒྱུ་ཆ་ཡིན་ཡང་། བོད་ཀྱི་མཁས་དབང་དག་གིས་ཕྱི་ནས་འོངས་བའི་རིག་གནས་ནང་འདྲེན་བྱས་ནས་དེ་བཀོལ་སྤྱོད་དང་ལས་སྣོན་བྱེད་པ་རེད། བོད་ཀྱི་ངག་རྒྱུན་ལས་མི་སྣའི་སྣང་བརྙན་གསར་བཞེངས་དང་བྱུང་རིམ་འབྲི་བ་ལ་གནའ་བོའི་རྒྱ་གར་གྱི་རིག་གནས་ལེགས་ཆ་གཅིག་བསྡུས་བྱས་ཏེ་བོད་ཀྱི་དངོས་ཡོད་ལོ་རྒྱུས་དང་ཟུང་དུ་སྦྲེལ་ནས་བོད་མི་རིགས་རང་གི་ཁྱད་ཆོས་མངོན་པར་གསལ་བའི་བརྩམས་ཆོས་མི་ཉུང་བ་ཞིག་བརྩམས་ཡོད་དོ།།
བཞི་བ། ངག་རྒྱུན་གྱི་ནུས་པ།
སྤྱིར་བྱ་དངོས་གང་དང་གང་ཡིན་རུང་རང་རང་ལ་ནུས་པ་རེ་ཡོད་ལ། རིགས་མི་གཅིག་པའི་བྱ་དངོས་ལ་ནུས་པའང་འདྲ་མིན་སྣ་ཚོགས་ཡོད་སྲིད། ངག་རྒྱུན་ལའང་དེ་ལས་མ་འདས་པར་ནུས་པ་མང་པོས་སྤྲས་ཡོད་པས། ངག་རྒྱུན་གྱིས་ཕྱི་རབས་པ་རྣམས་ལ་ནུས་པ་མི་ངོམ་པ་ཞིག་བཏོན་ཡོད། ༡ ངག་ཐོག་གི་དཔྱད་གཞིའི་ཡིག་ཆ་རྩ་ཆེན་ཡིན་པ། ད་ལྟ་མཐོང་ཐུབ་ལ་ཐོས་ཐུབ་པའི་ངག་རྒྱུན་དག་གི་ནང་དོན་གཞིར་བཟུང་ནས་དབྱེ་ཞིབ་བྱས་ན། ངག་རྒྱུན་གྱི་ནང་དུ་བོད་མི་རིགས་ཀྱི་མེས་པོ་དམ་པ་རྣམས་ཀྱིས་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་བསྐྲུན་པའི་མི་རིགས་ཀྱི་ཉིང་བཅུད་འདུས་ལ།རྒྱུན་རིང་པའི་ལོ་རྒྱུས་ཀྱི་དོན་དངོས་དང་ཡུལ་སྲོལ་གོམས་གཤིས། འཛམ་གླིང་མི་རིགས་ཀུན་གྱི་མདུན་དུ་ངོག་ཆོག་ཆོག་གི་རིག་གནས་མཆིས། དེ་ལ་འོད་སྟོང་འབར་བའི་གཟི་འོད་འཕྲོ་བས། བོད་པ་ཚོའི་ལོ་རྒྱུས་ཀྱི་བདེན་དབང་ཡིན་ལ། ལོ་རྒྱུས་ཀྱི་ཡིག་ཆའི་ཁ་གསབ་ཡིན། ད་དུང་བོད་ཀྱི་དམངས་ཁྲོད་རྩོམ་ཡིག་དང་བོད་ཀྱི་ས་གནས་མི་དམངས་རྣམས་ཀྱི་འཚོ་བ་སོགས་ལ་རྟོག་ཞིབ་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཡིན། དེ་མིན་མདོ་དབུས་ས་མཐོར་འདིར་འཚོ་བའི་བོད་པ་རྣམས་ཀྱི་བསམ་པའི་བརྩེ་དུང་དང་བྱ་བ་སྤྱོད་པ་སོགས་ལ་རྒྱུས་ལོན་བྱེད་པའི་ལམ་བདེ་མོ་ཞིག་བསྐྲུན་ཡོད། གཞན་ཡང་གོ་ལ་ཟླུམ་པོ་འདིར་གྲགས་ཅིང་བཀུར་པའི་བོད་ཀྱི་ནང་བསྟན་བསམ་བློའི་བྱུང་པ་དང་དེའི་ནང་དོན་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་རྩ་ཆེན་ཞིག་ཡིན་ནོ།། ༢ སློབ་གསོའི་ནུས་པ་གལ་ཆེན་ཐོན་ཡོད། མེ་གླིང་གི་ཨ་མེ་རི་ཁའི་དམངས་སྲོལ་རིག་པའི་མཁས་པ་ལིན་ཏཱ་ཏེད་ཀྱིས “ངག་རྒྱུན་གྱི་ནུས་པ་ནི་མི་རྣམས་མིའི་རིགས་ཀྱི་ཡ་མཚར་ཆོས་ཉིད་ལ་ཡིད་ཚིམ་པའི་ཆེད་དང་། མི་ནི་ཅི་ཞིག་ཡིན་པ། མིའི་རིགས་ད་ལྟ་འདི་འདྲ་ཡིན་དོན་ཅི་ཡིན་པ། ང་ཚོས་མིའི་རིགས་ལ་ཅི་ཞིག་སྒྲུབ་ཐུབ་པ་སོགས་ལ་འགྲེལ་བཤད་བརྒྱབ་ཡོད། དེ་མིན། སྲོལ་རྒྱུན་གྱི་ཤེས་བྱ་དང་ཚན་རིག་ལག་རྩལ་བཅས་གཞོན་རབས་རྣམས་ལ་བརྒྱུད་སྤྲོད་ཀྱི་ནུས་པ་བླ་ན་མཐོའོ” ཞེས་གསུངས་བ་ལྟར། ངག་རྒྱུན་གྱིས་ཕྱི་རབས་པར་དངོས་ཡོད་འཚོ་བའི་དགོས་མཁོ་མང་པོ་བསྐྲུན་ལ། རྗེས་རབས་པར་ལམ་ཕྱོགས་བཟང་པོ་ཞིག་སྟོན་བཞིན་མཆིས། བོད་ཀྱི་ངག་རྒྱུན་དུ་གཙོ་བོ་དམག་འཁྲུག་དང་། ཉེན་མཆོང་། ནོར་འཛོལ་གྱི་གུས་ལུགས་དང་ཆོ་གའི་རིམ་པ་སྤེལ་སྟངས་བཅས་ཀྱིས། མེས་པོ་དག་གི་དགེ་དང་དཔལ། གྲུབ་འབྲས་བཅས་ཕྱི་རབས་པ་རྣམས་ལ་མིག་ལྟོས་སུ་བཞག་པ་དང་བསླབ་བྱར་བདག་རྐྱེན་སྐྲུན་པ་མ་ཟད། བོད་པ་རྣམས་ཀྱིས་རང་གི་མེས་པོའི་བྱས་རྗེས་ལ་རྒྱུས་ལོན་བྱས་ནས་དཔེར་གཟུགས་སུ་བལྟ་བ་དང་ཕྱིས་སུ་སྔོན་མ་ལས་ལྷག་པའི་འབད་འབུངས་དགོས་པར་སྐུལ་ལྕག་ནན་མོ་གཏོང་བའི་ནུས་པ་ལྡན་པ་རེད། དེ་མིན་མི་རྣམས་ཀྱིས་དངོས་ཡོད་འཚོ་བའི་ཁྲོད་ནས་མེས་པོ་རྣམས་ཀྱི་བླ་ན་མེད་པའི་མཛད་རྗེས་ལས་རང་ཉིད་ཀྱི་མ་འོངས་པའི་འཚོ་བ་གསར་འཛུགས་དང་འཇིག་རྟེན་འཛུགས་སྐྲུན་ཕྱོགས་ལ་འདོད་བློ་ཡང་དག་རྙེད་པར་ནུས་པ་གལ་ཆེན་ཐོན་ཡོད་དོ།།
ལྔ་བ། མཇུག་བསྡུ་བ།
རང་རེ་མི་རྣམས་ཀྱིས་འཇིག་རྟེན་གྱི་གནས་ལུགས་ལ་དཔྱད་པའི་སྐབས་སུ་ཕྱོགས་གཅིག་ནས་མི་རབས་སྔ་མ་རྣམས་ཀྱིས་ཤེས་ཟིན་པའི་ཉམས་མྱོང་ཕྱོགས་བསྡོམས་དང་། ཕྱོགས་གཅིག་ནས་མི་རབས་སྔ་མ་རྣམས་ཀྱིས་མ་ཤེས་པ་དང་མ་དྲན་པའི་དོན་ལ་གསར་དུ་དཔྱད་པ་དང་ཞིབ་འཇུག་བྱེད་ཀྱིན་ཡོད། གང་ལྟར་ཡང་ཕྱོགས་འདི་གཉིས་ཀར་འཇུག་པར་བརྟེན་མི་དགོས་པ་མ་ཡིན། དེའི་ཕྱིར་གནའ་བོའི་ཤེས་བྱ་བརྒྱུད་སྤྲོད་དང་ཁྱབ་སྤེལ་བྱ་བ་དགོས་ལ། དེང་རབས་དང་མ་འོངས་བའི་ཤེས་བྱ་གསར་གཏོད་བྱ་དགོས། དེ་བས་བོད་མི་རིགས་ཀྱིས་ཀྱང་གསེར་ལས་ལྷག་པའི་གོ་སྐབས་དམ་དུ་བཟུང་ནས། བདེན་པ་བདེན་ཐོག་གིས་དམངས་ཁྲོད་དུ་དར་མྱོང་བ་དང་དར་བཞིན་པའི་དམངས་སྲོལ་རིག་གནས་དེར་རྒྱུས་ལོན་དང་རྩད་གཅོད། རབ་ཡིན་ན་དམངས་སྲོལ་དང་འབྲེལ་བ་ཡོད་པའི་མཛད་སྒོ་སྣ་ཚོགས་ནང་དུ་ཞིབ་འཇུག་པ་རང་ཉིད་དངོས་སུ་ཞུགས་ནས། རང་གིས་དཔྱོད་འདོད་ཀྱི་དམངས་སྲོལ་དེར་མྱོང་ཚོར་དང་རྒྱུས་ལོན་ཟབ་མོ་ཡོད་དུ་འཇུག་དགོས། ངག་རྒྱུན་གྱི་སྒྱུ་རྩལ་ལ་མཚོན་ནའང་དེ་བཞིན་དུ་ནན་གྱིས་བརྟག་དཔྱད་དང་ཞིབ་འཇུག་ལ་དངོས་སུ་ཞུགས་དགོས་སོ།།
ཟུར་ལྟའི་དཔེ་ཆ།
①«བོད་ཀྱི་ཡུལ་སྲོལ་རྣམ་བཤད»བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
②«བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསལ་འདྲེན་པའི་སྐྱ་རེངས»པེ་ཅིན་མི་རིགས་དཔེ་སྐྲུན་ཁང་།
③«བོད་ཀྱི་དམངས་སྲོལ་གྱི་བླང་དོར་གསལ་བའི་སྒྲོན་མེ»ཀྲུང་གོའི་བོད་རིགས་དཔེ་སྐྲུན་ཁང་།
④«དམངས་སྲོལ་རིག་པ་དང་གེ་སར་དམངས་སྲོལ་རིག་གནས་སྤྱི་བཤད»ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
⑤«དེབ་ཐེར་དཀར་བོ»སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
⑥«བོད་ཀྱི་དམངས་སྲོལ་གཅེས་བསྡུས»པེ་ཅིན་མི་རིགས་དཔེ་སྐྲུན་ཁང་།
⑦«བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ»མི་རིགས་དཔེ་སྐྲུན་ཁང་།
⑧«དམངས་ཁྲོད་ཀྱི་གཏམ་རྒྱུད»མཚོ་སྔོན་ཞིན་ཧྭ་པར་ཁང་།