རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།
པང་གདན་ནི་བོད་རིགས་བུད་མེད་རྣམས་ཀྱི་རྒྱན་ཆས་སྟེང་མཚོན་རྟགས་མངོན་སུམ་ལྡན་པའི་གྲུབ་ཆ་ཞིག་ཡིན་པ་དང་། དེ་ལ་ཁ་དོག་སྣ་ལྔ་ལྡན་ཞིང་སྦོམ་ཕྲ་དོ་སྙོམས་ངང་བཟོས་པའི་སྣམ་བུ་ཞིག་ཡིན། དེ་དང་ཐོག་ནམ་རྒྱུན་གྱི་འཚོ་བ་དང་འབྲེལ་བ་དམ་པོ་ཡོད་པ་ཞིག་ཡིན་པ་སྟེ། བོད་རིགས་སྐྱེས་མ་རྣམས་ཀྱིས་ཟས་གཡོ་སྐོལ་བྱེད་པ་དང་། བུད་ཤིང་ལེན་པ། ཕྲུ་གུ་གཉོར་སྐྱོང་བྱེད་དུས་ལྭ་བ་བཙོག་པོར་མི་བཟོ་ཆེད་པང་དུ་འགེབས་པའི་འཚོ་བའི་མཁོ་ཆས་ཤིག་ཡིན་མོད། ཕྱིས་སུ་སྤྱི་ཚོགས་གོང་འཕེལ་ཕྱིན་པ་དང་སྣུམ་བུ་ལས་སྣོན་གྱི་བཟོ་རྩལ་ཇེ་ལེགས་སུ་ཕྱིན་པ་སོགས་དང་བསྟུན་ནས། པང་གདན་དེ་མཚོན་ཁྲ་ཡིད་དུ་འོང་ཞིང་རྒྱུ་སྤུས་ལེགས་པོ་ཞིག་ཏུ་གྱུར་ཏེ་ཐོག་མའི་འཚོ་བའི་ཁྲོད་བེད་སྤྱོད་ཁོ་ནར་དམིགས་པ་ནས་རིམ་བཞིན་བོད་རིགས་བུད་མེད་རྣམས་ཀྱི་རྒྱན་ཆས་ཤིག་ཏུ་གྱུར་པ་རེད།
དེང་སྐབས་བོད་རིགས་བུད་མེད་རྣམས་ཀྱིས་སྐེད་པར་འཆིང་བཞིན་པའི་པང་གདན་ལ་ཁ་དོག་མོད་པོ་ཡོད་པར་མ་ཟད། རྒྱུ་སྣ་ཚོགས་ལ་གྲུབ་པ་སྟེ། སྣམ་བུ་བྱིང་མའི་པང་གདན་དང་། སྤུ་ཕྲུག་གི་པང་གདན། ཤད་མའི་པང་གདན། སི་ཤན་གྱི་པང་གདན་སོགས་ཡོད་ཅིང་། དེར་ཚོས་རྒྱག་སྐབས་བོད་ཀྱི་དམངས་ཁྲོད་བཟོ་རྩལ་ལ་བརྟེན་ནས་སྡེབ་སྦྱོར་བྱས་པའི་གཏེར་རྫས་དང་སྐྱེ་དངོས་ཚོན་རྩི་ཡིན་པས་རང་བྱུང་གི་ཁ་དོག་སོར་བཞག་བྱས་ཐོག ཡུན་རིང་དུ་མདོག་མི་འགྱུར་བའི་དགེ་མཚན་ལྡན་པ་རེད།
པང་གདན་ནི་བོད་རིགས་བུད་མེད་རྣམས་ཀྱི་རྒྱན་ཆས་གཙོ་བོ་ཞིག་ཡིན་པར་མ་ཟད། མི་ཚེའི་བགྲོད་རིམ་ཁྲོད་ནར་སོན་པའི་མཚོན་རྟགས་ཤིག་ཀྱང་ཡིན་པ་སྟེ། མོ་ལོ་བཅོ་ལྔར་སོན་དུས་ཡུལ་མི་རྣམས་ཀྱིས་བཀྲ་ཤིས་པའི་ཉིན་མོ་ཞིག་བདམས་ཏེ་ནར་སོན་པའི་ཆོ་ག་སྤེལ་བ་ཡིན། དུས་དེར་མགོ་ལ་བྱུ་རུ་སོགས་ལས་གྲུབ་པའི་མགོ་རྒྱན་འདོགས་པ་དང་སྐེད་པར་པང་གདན་འཆིང་རྗེས། རྒན་པ་རྣམས་ཀྱིས་སྐེ་ལ་ཁ་བཏགས་བསྒྲོན་ནས་ཁ་གཡང་འབོད་པ་སོགས་བྱེད་པ་ཡིན།
ཡུལ་ལུང་སོ་སོར་པང་གདན་འཆིང་སྟངས་དང་ལུགས་སྲོལ་མི་འདྲ་བ་མཆིས་ཏེ། པང་གདན་ནི་གཙོ་བོ་དབུས་གཙང་ཕྱོགས་ཀྱི་བུད་མེད་རྣམས་ཀྱི་རྒྱན་ཆས་ཤིག་ཡིན། མདོ་སྟོད་ཕྱོགས་སུ་བུད་མེད་རྣམས་ཀྱིས་པང་གདན་རྒྱབ་གདན་དུ་འཆིང་ཞིང་། དེའི་སྟེང་དུ་དངུལ་སོགས་རིན་པོ་ཆེ་འདྲ་མིན་སྣ་ཚོགས་ཀྱིས་བརྒྱན་ཡོད་པ་དང་། དབུས་ཕྱོགས་ཀྱི་བུད་མེད་རྣམས་ཀྱིས་མདུན་དུ་འཆིང་བ་ཡིན། བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་གོང་དཀར་རྫོང་ལྕེ་བདེ་ཞོལ་གྲོང་རྡལ་ནི་གནའ་ནས་དེང་བར་དུ་པང་གདན་ལས་སྣོན་བྱེད་པའི་ཡུལ་གཙོ་བོ་ཞིག་ཡིན་པས་པང་གདན་གྱི་ཕ་ས་ཞེས་པའི་མཚན་སྙན་གསོལ་འདུག