བོད་ཀྱི་རྒྱན་གོས་ཐོག་མངོན་པའི་དམངས་སྲོལ་སྙིང་དོན།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།

དངོས་པོ་ངེས་བསྟན།

        རྩོམ་འདིར་བོད་ཀྱི་རྒྱན་གོས་དེ་བརྗོད་བྱ་གཙོ་བོར་བཟུང་ཡོད་ལ། བོད་ཀྱི་རྒྱན་གོས་ཀྱི་རིགས་དབྱེ་དང་འཚེམ་བཟོའི་ལུགས་ངོ་སྤྲོད་བྱེད་པའི་ལས་ཀ་དེ་དག་གི་བསྐྱར་ལས་ལ་མི་འབད་པར། སའི་ཆགས་དབྱིབས་མི་འདྲ་བའི་རྒྱན་གོས་དམངས་སྲོལ་གྱི་མཚོན་ཚུལ།  ཐོན་སྐྱེད་འཚོ་བའི་རྣམ་པ་རྒྱན་གོས་དམངས་སྲོལ་གྱིས་མཚོན་པ། དད་མོས་ཀྱི་ནང་དོན་རྒྱན་གོས་དམངས་སྲོལ་ལས་མཚོན་ཚུལ། མི་ཚེ་ཆོ་སྒྲུབ་སྐབས་ཀྱི་རྒྱན་གོས་དམངས་སྲོལ།བོད་ཀྱི་མཛེས་དཔྱོད་ལྟ་བའི་སྐོར་རྒྱན་གོས་ལས་མཚོན་ཚུལ། བོད་ཀྱི་རྒྱན་གོས་ལས་མི་རིགས་གཞན་གྱི་ཤན་ཤུགས་སྐོར་བཅས་ཕྱོགས་འགའ་ནས་བོད་ཀྱི་རྒྱན་གོས་ཐོག་མངོན་པའི་དམངས་སྲོལ་སྙིང་དོན་སྐོར་ལ་དཔྱད་པ་བྱས་ཡོད།

        སྲོག་འཛིན་མིང་བརྡ།  བོད།  རྒྱན་གོས།  དམངས་སྲོལ་སྙིང་དོན།

སྔོན་འགྲོ

        རྒྱན་གོས་ནི་མི་རིགས་ཤིག་གི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། རྒྱན་གོས་ཀྱིས་མི་རིགས་གང་དེའི་ལོ་རྒྱུས་འཕེལ་རྒྱས་ཀྱི་གོ་རིམ་ནང་གི་རིན་ཐང་ལྟ་བ་དང་ཐོན་སྐྱེད་ཀྱི་རྣམ་པ། དད་མོས་ཀུན་སྤྱོད། གོམས་གཤིས་རིག་གནས་སོགས་ཀྱི་འགྱུར་ལྡོག་དང་། གནའ་མིའི་རྗེས་ཤུལ་རིག་གནས་ཀྱི་ངོས་མང་པོ་ཞིག་གི་ཆ་འཕྲིན་ང་ཚོར་བརྒྱུད་སྤྲོད་བྱེད་ཐུབ། བོད་མི་རིགས་ལ་མཚོན་ནའང་འཛམ་གླིང་མི་རིགས་སྤྱིའི་ཆོས་ཉིད་དང་འདྲ་བར། རྒྱན་གོས་འཕེལ་རྒྱས་ཀྱི་དུས་རིམ་བཞི་བརྒྱུད་ཡོད་ལ་གོ་རིམ་དེ་དག་ནང་  རང་ཉིད་ཀྱི་བློ་གྲོས་ལ་བརྟེན་ནས་གོས་མེད་པ་ནས་གོས་སུ་ཤིང་ལོ་གྱོན་པ་དང་ ། ཤིང་ལོ་གྱོན་པ་ནས་པགས་རིགས་ཀྱི་གྱོན་པ་བཟོས་པ་མ་ཟད།  དུས་རིམ་ངེས་ཅན་ཞིག་ཏུ་སླེབས་པ་ན་མི་རིགས་གཞན་གྱི་གྱོན་པའི་ལེགས་ཆ་བླངས་པ་རེད། དཔེར་ན་《ཐང་ཡིག་གསར་རྙིང》ཏུ“ (སྲོང་བཙན)རྒྱལ་ཁབ་ཆེན་པོའི་རྒྱན་ཆ་དང་ཕྱག་སྲོལ་སོགས་ཡག་ཅིང་བཟང་བ་མཐོང་ནས་ངོ་ཅུང་ཟད་ཚ་བར་གྱུར།  བཙན་པོ་རང་ཡང་ཕྱྭིང་ལྭ་དང་སློག་པ་སྤངས་ནས་དར་ཟབ་ཀྱི་གོས་གྱོན”ཞེས་པ་ལས་ཤེས་ཐུབ། གཞན་གྱི་ལེགས་པའི་ཆ་ཚུར་ལེན་བྱེད་པའི་ཞོར་དུ་རང་ཉིད་ཀྱི་ངོ་བོ་ཡང་མ་བོར་བ་བྱས་ཡོད། དམངས་སྲོལ་སྙིང་དོན་དེ་ཕྱོགས་མང་པོ་ཞིག་ནས་མངོན་ཡོད་དེ། གྱོན་གོས་ཡིན་པའི་ཆའི་མ་མཐའི་གྲང་འགོག་ཚ་གཡོལ་མ་ཟད། ཐོན་སྐྱེད་ལ་བདེ་བ་དང་མིག་ཏུ་མཛེས་བ། དད་མོས་གུས་སྲོལ་སོགས་རེད། དེ་རྣམས་ནི་མིའི་རིགས་ཀྱི་བསམ་བློའི་འདུ་ཤེས་ཉིན་རེ་བཞིན་འཕེལ་རྒྱས་སུ་སོང་བ་དང་བསྟུན། ཕོ་མོའི་ཆས་གོས་ཕྱེས་བ་དང་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས། ལྷ་ཀླུ་དང་རིགས་རུས་དཔོན་འབངས་སོགས་ཀྱི་གྲལ་རིམ་བགར་བ་བཅས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་རིམ་ནང་ཆགས་པ་རེད། དེ་དང་དུས་མཉམ་དུ་དད་མོས་དང་སྤྱི་ཚོགས་ཀྱི་སྣང་ཚུལ་གང་མང་གི་འགྱུར་བ་ནང་བཞིན་གྱོན་གོས་ལའང་གྱོན་པ་ཙམ་མ་ཡིན་པར་རྒྱན་ཆ་ཡི་ངོ་བོ་མང་པོ་སྤྲད་པ་དང་། ཞ་ཞོར་དུ་གྱོན་པ་མིན་པའི་ཟུར་རྒྱན་ཐ་ཐོར་ཏེ་འདོགས་ཆ་དང་མགུལ་རྒྱན་མང་པོ་བྱུང་ནས་གྱོན་པ་ནས་རྒྱན་གོས་ཀྱི་བར་བརྒལ་བྱུང་འདུག དཔེར་ན་ཁ་རུབ་གནའ་ཤུལ་ནས་རྙེད་པའི་མགུལ་རྒྱན་དང་རྣ་ལུང་། འགྲོན་བུ་གཡང་ཊི་སོགས་ལས་ཤེས་ཐུབ། དེ་ནས་མི་རྣམས་ཀྱི་བསམ་པའི་གཏིང་རིམ་ལ་མཛེས་བ་དང་མི་མཛེས་བ་ཞེས་པའི་དོན་སྤྱི་ཞིག་ཆགས་ནས་གྱོན་པ་ཞིག་ཡིན་ཕྱིན།དེའི་མཛེས་མིན་དང་གྲ་དག་མིན་སོགས་ལ་སྣང་དོགས་བྱེད་པའི་སྲོལ་ཆགས་པ་དང་། དེ་ཡང་གང་བྱུང་ཞིག་མ་ཡིན་པར། རང་རང་སོ་སོའི་སེམས་ཁོངས་སུ་ཐུན་མོང་གི་ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་ཁས་ལེན་བྱེད་པའི་མཛེས་དཔྱོད་ཚད་གཞི་ཞིག་ཆགས་ཡོད་པས་རེད ། ད་དུང་བོད་ཀྱི་ས་ཁམས་ཆགས་ཚུལ་དང་ཆོས་ལུགས་དད་མོས། རིག་གནས་དཔལ་དབྱོར་སོགས་ནི་དམངས་སྲོལ་ཞིག་ཆགས་པའི་སྒུལ་ཤུགས་ལྟ་བུ་ཡིན་ལ། དེ་དག་གི་འཕེལ་རྒྱས་ལའང་དམངས་སྲོལ་གྱི་འགྱུར་བ་དང་འཕེལ་རྒྱས་ཀྱིས་ཤུགས་རྐྱེན་གཏོང་གི་ཡོད།

དངོས་གཞིའི་ནང་དོན།

        མི་རིགས་སྤྱིའི་ལོ་རྒྱུས་འཕེལ་རྒྱས་ཀྱི་གོམ་འགྲོས་དང་འགྲོགས་ནས་བོད་ཀྱི་རྒྱན་གོས་ལ་ཡང་མི་རིགས་ཀྱི་ཁྱད་ཆོས་མངོན་པར་བཏོད་པའི་རྣམ་གྲངས་མང་པོ་ཞིག་བྱུང་། རིགས་དབྱེ་ཡི་གཞི་འཛིན་ས་མི་འདྲ་བ་ལ་བརྟེན་ནས། རྒྱུ་ལ་བལྟོས་ནས་རིགས་བཀར་བ། དབྱིབས་ལ་བལྟོས་ནས་རིགས་བཀར་བ། གྱོན་མཁན་ལ་བལྟོས་ནས་རིགས་བཀར་བ།  དུས་ཚིགས་ལ་བལྟོས་ནས་རིགས་བཀར་བ ། གྲལ་རིམ་ལ་བལྟོས་ནས་རིགས་བཀར་བ་སོགས་སྣ་གྲངས་ཧ་ཅང་མང་བ་རེད། ཁ་གྲངས་མང་པོ་ཞིག་འདུག་ནའང་དེ་དག་སྤྱི་ལ་ཁྱད་ཆོས་ཤིག་ཡོད་པ་ནི་ཡུལ་ལུང་སོ་སོའི་ཁྱད་ཆོས་མི་འདྲ་ས་རེ་འགའ་གནས་ཀྱང་། དེ་དག་ཐུན་མོང་གིས་མི་རིགས་ཤིག་གི་ལོ་རྒྱུས་དང་ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས་སོགས་ཀྱི་ནང་དོན་ལྡན་པའི་དམངས་སྲོལ་སྙིང་དོན་ཞིག་མཚོན།མི་རིགས་ཤིག་གི་འཛེམ་འཛི་རིག་གནས་དང་མི་གཤིས་ཀུན་སྤྱོད ། གུས་སྲོལ་རིག་གནས། བཀྲ་ཤིས་རྟེན་འབྲེལ་བརྟག་པ ། མི་སྒེར་འདུ་ཤེས། ད་དུང་ཆབ་སྲིད་བསམ་བློ་སོགས་ཀྱི་རིན་ཐང་ལྟ་བ་ཞིག་གི་གྲུབ་ཚུལ་ལ་དམངས་སྲོལ་སྙིང་དོན་ཡིན་པར་འདོད་ལ། དེའི་བདེན་རྫུན་བརྗོད་རྒྱུ་གཙོ་བོ་མ་ཡིན་པར། དམངས་སྲོལ་ནི་དམངས་སྲོལ་ཡིན་པ་དང་དམངས་སྲོལ་དེ་འདྲ་ཞིག་ཆགས་པའི་རྒྱུ་རྐྱེན་དང་གོ་བ་ཇི་བཞིན་དུ་ལེན་རྒྱུ་ལགས།  ཡང་དམངས་སྲོལ་གང་རུང་བ་ཞིག་ལ་མཚོན་ན་དེ་སའི་ཆགས་དབྱིབས་དང་ཐོན་སྐྱེད། དད་མོས། མི་ཚེ་ཆོ་སྒྲུབ། མཛེས་དཔྱོད་སོགས་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་རེད།

1  སའི་ཆགས་དབྱིབས་མི་འདྲ་བའི་རྒྱན་གོས་དམངས་སྲོལ་གྱི་མཚོན་ཚུལ།

         བོད་ཀྱི་ཡུལ་གྲུ་འདི་ནི་ས་བབ་མཐོ་སྒང་གི་ཁོངས་སུ་གཏོགས་པ་དང་། གནམ་གཤིས་དྲོ་གྲང་མི་སྙོམ་པས། དེ་གའི་གནམ་གཤིས་བར་ཁྱད་དང་བསྟུན་ནས་རྒྱན་གོས་ཀྱི་བར་ཁྱད་བྱུང་ཡོད། དེ་ལ་ཡང་མཐའ་བཞི་གངས་རི་ར་བས་ཡོངས་སུ་བསྐོར་ཞིང་ “ སྟོད་མངའ་རིས་སྐོར་གསུམ་རྫིང་དང་འདྲ། བར་དབུས་གཙང་རུ་བཞི་ཡུར་བ་འདྲ། སྨད་མདོ་ཁམས་སྒང་དྲུག་ཞིང་དང་འདྲ ” བས་སྣོད་ཀྱི་བཀོད་པ་མ་འདྲ་བའི་དབང་གིས། རྒྱན་གོས་ཀྱི་རྒྱུ་དང་རྣམ་པ་སོགས་ལའང་དེའི་ངོ་བོ་དང་ཁྱད་ཆོས་ཞུགས་ནས་ཡོད། སའི་མཐོ་དམའ་དང་གནམ་གཤིས་ཀྱི་འགྱུར་ལྡོག་དང་བསྟུན་ནས་རྒྱན་གོས་ཡང་མི་འདྲ་སྟེ། ས་མཐོ་གྲང་ངར་ཆེ་སར་སློག་པ་གྱོན་པ་དང་། ཆར་ཞོད་ཆེ་ས་དང་ཁ་བ་མང་ས་ནས་ཕྱིང་ལྭ་གྱོན་པ་མང་བ། ས་བབ་དམའ་སར་སླེབས་པ་ན་ཡུན་ནན་སོགས་སུ་བུ་མོ་ཚོས་མཐང་གོས་གྱོན་པ་རེད། ད་དུང་གྲང་ངར་ཆེ་སར་ཞྭ་དྲོན་པོའི་རིགས་གོན་པ་ཝ་ཞྭ་དང་ཕྱིང་ཞྭ་ལྟ་བུ། ལྷམ་གྱི་རིགས་སུའང་ས་བབ་མ་འདྲ་བའི་དབང་གིས་ལྷམ་ཡུ་བ་ཅན་དང་མེད་པ་སོ་སོར་ས་བབ་དང་བསྟུན་ནས་གོན་པ་རེད། གྱོན་གོས་ཀྱི་རྒྱུ་མི་འདྲ་བའང་ས་བབ་དང་གནམ་གཤིས་ཀྱི་ཁྱད་པར་ལྟར་པགས་པ་མཐུག་པོའི་རིགས་དང་། པགས་པ་སྲབ་མོའི་རིགས། བལ་གྱི་རིགས། རས་དང་དར་ཟབ་སོགས་ཡོད། ས་ཁོངས་མི་གཅིག་པའི་རྒྱན་གོས་ཀྱི་ཆེས་མངོན་གསལ་གྱི་དཔེ་མཚོན་ཞིག་ཡོད་པ་ནི། ས་མཐོར་གནས་བའི་འབྲོག་པ་རྣམས་ཀྱིས་པགས་རིགས་ཀྱིས་བཟོས་བའི་སློག་པ་གྱོན་ཡོད་པ་དང་། ས་དམའ་སར་གནས་བའི་ཡུན་ནན་བོད་རིགས་ཀྱི་སར་བུ་མོ་ཚོས་མཐང་གོས་གྱོན་པ་ལྟ་བུ་རེད།

2  ཐོན་སྐྱེད་འཚོ་བའི་རྣམ་པ་རྒྱན་གོས་དམངས་སྲོལ་གྱིས་མཚོན་པ།

         འཚོ་བའི་རྟེན་ས་མི་འདྲ་བ་ལ་བརྟེན་ནས་རྒྱན་གོས་ཀྱི་རྣམ་པ་དང་རྒྱུ་ཡང་མི་འདྲ་བའི་གནས་ཚུལ་བྱུང་བ་རེད། ད་དུང་གྱོན་སྲོལ་ཡང་མི་འདྲ་བ་འབྱུང་ངེས་ལ། ཆེས་མངོན་གསལ་གྱི་མི་འདྲ་ས་ནི་ཞིང་ཕྱུགས་གཉིས་ཀྱི་འཚོ་རྟེན་མི་འདྲ་བ་གཉིས་ལས་བྱུང་བའི་ཁྱད་པར་རེད། ཐོན་སྐྱེད་ཀྱི་རྣམ་པ་ཐད་ནས་བལྟོས་ན་རྒྱན་གོས་ཀྱི་གོན་ལུགས་དང་འདོགས་ལུགས་ལས་ཤེས་ཐུབ། ཕྱུགས་ལས་གཉེར་བའི་འབྲོག་པར་མཚོན་ན་དེ་ཡི་ཕྱུགས་འཚོ་བའི་ཐོན་སྐྱེད་བྱེད་སྟངས་དང་འཚམ་པའི་རྒྱན་གོས་ཤིག་ཡོད་ལ། རོང་བར་ཡང་རོང་བའི་ཁྱད་ཆོས་ལྡན་པ་ཞིག་ཡོད་པ་རེད། དཔེར་ན།ཕྱུགས་ལས་ས་ཆར་རྒྱུན་ལྡན་དུ་འབྲོག་པ་ལུག་གི་པགས་པས་བཟོས་བའི་སློག་པ་གྱོན་མཁན་མང་པོ་ཡོད། དེ་ནི་ཁོ་ཚོའི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་པོ་འདུག་སྟེ། དང་པོ་དེ་རྣམས་ཀྱི་ཐོན་སྐྱེད་རྒྱུ་ཆའི་དབང་གིས་ཡིན། ཐད་ཀར་དུ་སྒོ་ཕྱུགས་ཀྱི་པགས་པ་རྒྱུ་ཆ་བྱས་ནས་བཟོས་ལ། གཉིས་ནས་གྲང་ངར་ཆེ་བས་སློག་པ་མཐུག་པོ་དག་ལ་གྲང་འགོག་གི་ནུས་བ་ཆེན་པོ་ལྡན། ཡང་སྐ་རགས་བཅིངས་དུས་ཅུང་ལྷོད་པོ་བཅིངས་བ་དང་། རུམ་ཆེན་པོ་ཅིག་ཡོད་པ་དེ་ནི་ཕྱུགས་རྫིས་ཟས་དྲོ་འཁྱེར་བ་མ་ཟད་དངོས་ཟོག་བསྡུ་སའི་སྣོད་ལྟ་བུ་ཞིག་ཡིན། མི་ཚང་མའི་ཤེས་གསལ་བཞོ་ལུང་(བཞོ་གཟུང)ནི་འོ་ཟོའུ་འགེལ་སའི་ཐོན་སྐྱེད་ཀྱི་ལག་་ཆ་ཞིག་ནས་རིམ་འགྱུར་བྱས་ནས། ད་ལྟ་རྒྱན་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དེ་ནི་ཐོན་སྐྱེད་རྒྱུ་ཆ་གང་རུང་ལ་གཞི་བཅོལ་ནས་གསར་གཏོད་བྱས་པའི་རྒྱན་ཆ་རིགས་ཤིག་ཡིན།ཞིང་ལས་ས་ཆར་ཐོན་སྐྱེད་ཀྱི་དགོས་མཁོའི་དབང་གིས་རྒྱན་གོས་ལྕི་མོའི་དེ་རིགས་ལ་རྒྱུགས་མི་ཆེ་བ་དང་། རྒྱན་གོས་ཡང་ཟོར་ཅན་ལ་སྤྲོ་བ། ཐོན་སྐྱེད་བྱེད་པར་་སྟབས་བདེ་ཡོང་ཆེད་བོད་ལྭར་སྐ་རགས་བཅིངས་ན་དམ་པོ་ཡིན་པ་མང་ལ། བོད་ལྭའི་འདབས་ཁ་རྐང་པའི་པུས་མོ་མན་ལ་འབབ་དུ་མི་འཇུག་པ་རེད།རྒྱུན་ལྡན་དུ་ཕུ་ཐུང་གཡས་པ་ཕུད་ཡོད་པ་དེ་ཡང་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་ཆེན་པོ་ཡོད་དེ།གཅིག་ནས་ལག་པ་གཡས་པར་ཤུགས་ཆེ་བས་ལས་ཀ་ལས་བར་སྟབས་བདེ་ཡོང་བའི་ཆེད་དང་། གཉིས་ནས་ཉིན་རེའི་ཚ་གྲང་དང་འབྲེལ་བ་ཡོད་ལ། གསུམ་ནས་ཆེ་བར་འཕྲད་སྐབས་གུས་ཞབས་མཚོན་པ་རེད། གཞན་རྒྱན་ཆའི་སྐོར་ལ་གནའ་ཤུལ་མང་པོ་ནས་རྙེད་པའི་རུས་པའི་རྒྱན་ཆ་དེ་དག་ལས་གསལ་བོར་ཤེས་ཐུབ། རུས་པ་རྒྱན་ཆ་དེ་དག་ནི་ཐད་ཀར་ཐོན་སྐྱེད་ཀྱི་གོ་རིམ་ནང་ཐོན་སྐྱེད་རྒྱུ་ཆ་དེ་མི་རྣམས་ཀྱི་བཟོ་བཅོས་བརྒྱུད་ནས་རྒྱན་ཆ་རུ་གྱུར་བ་ཞིག་གོ

3  དད་མོས་ཀྱི་ནང་དོན་རྒྱན་གོས་དམངས་སྲོལ་ལས་མཚོན་ཚུལ། 

         དད་མོས་ལ་དབྱེ་ན་མང་པོ་ཞིག་འདུག་སྟེ། ཆོས་ལུགས་དད་མོས་ལས་གཞན་རི་ཆུ་ནགས་གསུམ་དང་འདབ་ཆགས་རི་དྭགས་གཅན་གཟན་སོགས་ལ་དད་མོས་བྱེད་པ་བཅས་དད་མོས་ལ་སྣ་ཁ་མང་པོ་ཞིག་འདུག རྒྱན་གོས་ནི་མི་རྣམས་ཀྱིས་ཐད་ཀར་དུ་རང་ཉིད་ཀྱི་ཆ་འཕྲིན་ཕྱིར་སྤྲོད་ཀྱི་ཡོ་བྱད་ཅིག་ཡིན་པས། རྒྱན་གོས་ལས་མི་ཞིག་དད་མོས་ག་འདྲ་ཞིག་བྱེད་ཀྱིན་པའི་གནས་ཚུལ་ཟ་ཟུར་ནས་མངོན་ཡོང་ ངེས། འཛམ་གླིང་ཧྲིལ་པོ་ཅན་དུ་གྱུར་བ་དང་མཉམ་དུ་མི་ཚང་མའི་དད་མོས་ཀྱི་བར་ཐག་ཀྱང་ཇེ་ཉེ་རུ་ འགྲོ་བཞིན་འདུག དེ་ནི་རྒྱན་གོས་སྟབས་བདེ་ཅན་དུ་འགྱུར་བཞིན་པ་ལྟ་བུ་རེད། བོད་དུ་དད་མོས་ཀྱི་ ཤུགས་རྐྱེན་ཐེབས་པ་ལ་བརྟེན། རྒྱན་གོས་ལ་དད་མོས་བྱེད་ཡུལ་གྱི་ཆོས་ལུགས་སམ་རི་ཆུ་སོགས་ཀྱི་ མཚོན་དོན་མི་འདྲ་བའི་གོས་ཀྱི་རི་མོ་སྣ་མང་ཞིག་ཡོད་པར་མ་ཟད། འདོགས་ཆ་རྒྱན་གྱི་སྐོར་ལའང་དད་མོས་དེ་དག་མཚོན་པ་མང་པོ་ཅིག་ཡོད། ཆོས་ལུགས་ཀྱི་རྒྱན་གོས་ཡང་བོད་ཀྱི་རྒྱན་གོས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། གཙོ་བོ་གྲྭ་ཆས་དང་སྔགས་པའི་ཆས། དེ་དག་གི་ཆོས་བྱེད་ཡོ་ཆས་སོགས་ནས་རིམ་འགྱུར་བྱུང་བའི་རྒྱན་ཆ་མང་པོ་ཞིག་འདུག་པ་དེ་རྣམས་ཡིན། ད་དུང་ཆོས་ལུགས་གཅིག་ཡིན་ཡང་གྲུབ་མཐའ་མ་གཅིག་པས་སོ་སོའི་ཆས་གོས་ལའང་ཁྱད་པར་ཆེན་པོ་ཡོད། དཔེར་ན་རྙིང་མ་བའི་ཆོས་གོས་ནི་གདོད་མའི་རྣམ་པ་ངེས་ཅན་ཞིག་སྲུང་འཛིན་བྱས་ཡོད་པ་ཞིག་དང་། དགེ་ལུགས་པའི་ཆས་གོས་ནི་གྲ་དག་དང་གོན་སྲོལ་གྱི་སྒྲིག་ལམ་ཡོད་པ་ཞིག་ཏུ་འདུག་པ་དེ་གཉིས་བར་གྱི་ཁྱད་པར། ད་དུང་ཨ་མདོའི་ཡུལ་གྱི་གློ་གཟུར་ནི་ཉི་མ་དང་འདྲ་བ་ཞིག་ཇུས་འགོད་བྱས་ཡོད་པ་ནི་རང་བྱུང་ལ་དད་པ་བྱེད་པའི་གདོད་མའི་དད་པ་ཡི་ཤུལ་རྗེས་ཤིག་ཏུ་འདོད།

4  མི་ཚེ་ཆོ་སྒྲུབ་སྐབས་ཀྱི་རྒྱན་གོས་དམངས་སྲོལ།

         མི་རིགས་གང་ཡིན་ཡང་དེ་ལ་རང་ཉིད་ཀྱི་གནའ་ནས་རྒྱུད་འཛིན་བྱས་ཡོང་བའི་མི་ཚེ་ཆོ་སྒྲུབ་ནང་དོན་ཤིག་ཡོད་ངེས་པ་རེད། སྐྱེས་རྒ་ན་འཆི་ནི་མི་ཚེ་ཞིག་གི་གོ་རིམ་ཡིན་ལ་དེ་ནི་དགའ་སྐྱོ་ཆགས་ལྡང་དང་ལྡོང་ནས་ཡོད། སྐྱེས་པའི་དགའ་ཚོར་མཚོན་ཕྱིར་བཙས་སྟོན་ལ་རོལ་བ་དང་། ན་འཆིའི་སྡུག་བསྔལ་གྱིས་འདུན་སོགས་བྱེད་པ་ཡིན་ལ། དེ་དག་གི་སྐབས་སྐབས་ཀྱི་གནས་ཚུལ་མ་འདྲ་བའི་རྐྱེན་གྱིས་རྒྱན་གོས་ལའང་རིགས་མི་གཅིག་པ་བྱུང་།ཕོ་མོ་དང་ལོ་ཚོད། དུས་སྐབས་སོགས་མ་གཅིག་པའི་དབང་གིས་རྒྱན་གོས་ཀྱང་མི་འདྲ་བྱུང་། དཔེར་ན། ཡུལ་གྲུ་མང་བོ་ཞིག་ནས་བྱིས་པ་བཙས་མ་ཐག་ཏུ་རས་དཀར་པོ་ཁ་གང་ཞིག་གིས་རྟེན་འབྲེལ་དང་བཅས་ཏེ་ལག་གཅུད་བཟོས་ནས་བསྐོན་པ་དང་གཤིན་པོའི་རུས་པའང་ཁ་དོག་དཀར་བོ་ཡིན་པའི་གཏེར་ཁུག་ཏུ་བསྡུ་བ། ཡང་ཡུལ་ལ་ལར་ཕ་མའི་གོས་རྙིང་སོགས་ཀྱིས་གཅུད་པ་སོགས་འདུག ཡང་ནར་སོན་པའི་མཚོན་རྟགས་སུ་སྐྱེས་པ་ཚོས་རྒྱན་ལ་གློ་གྲི་སོགས་འདོགས་པ་དང་། སྐྱེས་མ་རྣམས་ལ་སྐྲ་ཕབ་པ་དང་པང་གདན་དཀྲིས་པ་སོགས་ཀྱི་སྲོལ་ཡོད་པ་ནི“ཕོ་ལོ་བཅོ་ལྔས་ཇག་ཐུབ།། མོ་ལོ་བཅོ་ལྔས་གནས་ཐུབ།།”ཟེར་བ་ལྟར་དང་། མི་ཚེའི་དོན་ཆེན་གཉེན་སྒྲིག་གི་དུས་ལ་སླེབས་ཙ་ན་དེ་ལའང་རྒྱན་གོས་སྣ་ཚོགས་ཤིག་ཡོད། སྐབས་འདིའི་གཟབ་མཆོར་ནི་ཆེས་མཛེས་པ་དང་སྣ་གྲངས་མང་བ་ཞིག་དང་། གཡུ་བྱུར་གྱིས་རྒྱན་ངེས།“བརྒྱ་གོས”ནི་ལོ་ལོན་རྒན་པ་ལོ་བརྒྱད་ཅུ་རུ་ཐོན་པ་ན་བརྒྱད་ཅུ་གོས་དཀར་བསྐོན་པ་ལ་ཟེར་ཞིང་། དེ་ལས་གཞན་སྐབས་དེ་དུས་སུ་བཀྲ་ཤིས་བ་དང་ཚེ་རིང་ལོ་བརྒྱ་སོགས་ཁ་གཡང་སྨོན་ཚིག་ཕུལ་ནས། རིན་ཆེན་གཟི་དང་མཆོང་གི་ཚེ་སྲུང་རྒྱན་ཆ་འདོགས་པ་རེད། གཤིན་མཆོད་རྒྱན་གོས་བཤད་ན་བོད་དུ་གཟབ་མཆོར་སྤྲོས་མི་ཆོག་པ་དང་ཞྭ་མོ་ཕྱིར་སློག་ནས་གོན་པ། འདུན་བྱེད་པའི་དུས་ཡུན་ནང་བུད་མེད་རྣམས་ཀྱིས་སྐྲ་སླེ་མི་ཆོག་པ་དང་སྐྱེས་པ་ཚོས་སྐྲ་དང་ཁ་སྤུ་བཞར་མི་ཆོག་པ་རེད། འདི་ཚང་མར་སྤྱི་སྡོམ་ཞིག་བྱས་ན་མི་ཚེ་ཆོ་སྒྲུབ་དེ་རྒྱན་གོས་གོན་སྲོལ་གྱི་སྒྲིག་ལམ་མམ་རྒྱན་གོས་ཀྱི་ངོ་བོ་དང་འདྲེས་ཡོད་པ་ཞིག་ལགས།

5  བོད་ཀྱི་མཛེས་དཔྱོད་ལྟ་བའི་སྐོར་རྒྱན་གོས་ལས་མཚོན་ཚུལ།

         ཐུན་མོང་གི་མི་རིགས་རིག་གནས་དང་སེམས་ཁམས་ཀྱིས་བསྐྱེད་ཡོང་བའི་ཡོངས་ཁྱབ་ཀྱི་མཛེས་དཔྱོད་ཀྱི་ཆ་ཡང་རྒྱན་གོས་དང་དེའི་གྱོན་སྲོལ་མངོན་ཡོང་། མཛེས་དཔྱོད་དེ་ཁ་དོག་དང་རི་མོ། གྲངས་ཀ་སོགས་གཙོ་བོ་བྱས་ནས་མཚོན་འདུག་རྒྱན་གོས་ཀྱི་ཁ་དོག་ལ་རྒྱ་མི་ནང་བཞིན་སྟོན་མོའི་དུས་སུ་དམར་པོ་དང་གཤིན་མཆོད་ཀྱི་སྐབས་སུ་དཀར་བོ་ཞེས་གཏན་འཁེལ་གསལ་པོ་ཞིག་མེད་ན་ཡང་། རང་ཉིད་ཀྱི་གོམ་འགྲོས་ལས་ཁ་དོག་གི་ལྟ་བ་ཞིག་ཆགས་ཡོད་པ་རེད། དཀར་བོ་དེ་ཡག་པོ་ཞིག་ཏུ་བརྩི་བ་དང་སེར་བོ་དེ་བླ་ན་མེད་པ་ཞིག་ཏུ་བརྩིས་ནས་བླ་ཆེན་དཔོན་ཆེན་གྱིས་སེར་པོའི་རིགས་ཀྱི་གོས་གྱོན་པ་མང་པོ་ཡོད། “ཚི་ལེན་ནམ་ནང་འཇམ་གྱི་རིགས་ནི་ཁ་དོག་གི་ཆ་ནས་ཕོ་ལ་དཀར་པོ་དང་། དམར་སྨུག སེར་པོ་གཙོ་ལ། མོ་ལ་དམར་རྐྱང་དང་། ངང་དམར། གནམ་མདོག་ལྗང་ཁུ་གཙོ་ཞིང་།”① ཞེས་པ་ལྟར། ཡང་གསེར་དང་དངུལ་གྱི་རྒྱན་ཆར་མཚོན་ནའང་ཁ་དོག་དཀར་པོ་དང་སེར་བོ་སོགས་རེད།  ཁ་དོག་གི་ནང་ནས་དེ་རྣམས་རྒྱན་གོས་ལས་བྱུང་བ་མང་།  ①ནི<<དམངས་སྲོལ་རིག་པའི་སྤྱི་དོན>>ལས་དྲངས། ཤོག་ངོས༡༣༢བ།   རྒྱན་གོས་ཀྱི་རི་མོ་དང་གྲངས་ཀ་སོགས་བོད་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་ཞིག་འདུག རི་མོ་དང་གྲངས་ཀ་དེ་དག་ལས་བརྡ་རྟགས་གང་མང་ཞིག་སྟོན་བཞིན་ཡོད། གཙོ་བོ་གྲལ་རིམ་དང་དབུལ་ཕྱུག མི་རིགས། དད་མོས་བཅས་ཀྱི་དབྱེ་བ་མི་འདྲ་བ་ལ་བརྟེན་ནས་བྱུང་བའི་མཛེས་དཔྱོད་ཀྱི་ཆ་ཡིན་ལ། རྟག་བརྟན་མཚོན་པའི་གཡང་དྲུང་གི་རི་མོ་དང་མཐུན་སྒྲིལ་གྱི་ནུས་བ་མཚོན་པའི་རྡོ་རྗེ་རྒྱ་གྲམ་གྱི་རི་མོ། ཚེ་རིང་རྣམ་དྲུག བཀྲ་ཤིས་རྟགས་བརྒྱད། ད་ལྟ་བྱུང་བའི་ནོར་ལུག་རི་མོ་སོགས་ཡོད་པ་དང་། གྲངས་ཀའི་སྐོར་ནས་གསུམ་དང་དགུ བཅུ་གསུམ། བརྒྱ་དང་བརྒྱད་སོགས་བཀྲ་ཤིས་བ་མཚོན་བྱེད་ཀྱི་གྲངས་ཀ་ཡིན་པས། གཟི་ལ་མིག་དགུ་ཅན་བཟང་བོར་བརྩི་བ་དང་། ཁམས་ཀྱི་བུ་མོ་ཚོའི་མཐང་གོས་ལ་ལྟེབ་མ་མང་ན་བརྒྱ་དང་བརྒྱད་ཡོད་པར་བཟོ་བ་ལྟ་བུ།

         གཞན་བཙན་པོའི་སྐབས་ཀྱི་དམག་གི་སྒྲིག་གཞི་ལས་རིམ་འགྱུར་བྱས་བའི་གོས་འདབས་ཁར་སྲམ་དང་སྟག་ལྤགས། གཟིག་ལྤགས་སོགས་རྒྱག་པའི་སྲོལ་ཞིག་ཡོད་པ་དེ་ནི། ཡར་སྔོན་བཙན་པོའི་དུས་སུ་ དམག་དཔུང་ལས་དམག་འཁྲུག་གི་བྱས་རྗེས་ཆེ་བ་རྣམས་ལ་གཟེངས་བསྟོད་དང་།  སྡར་མའི་མཚང་བརྟོལ་དུ་བྱ་དགའ་རྟགས་མཚན་དུ་སྲོག་ཆགས་དེ་རིགས་ཀྱི་པགས་པ་གནང་གིན་ཡོད་པ་དེ་ནས་བྱུང་ལ།ད་ལྟ་དེ་ནི་རང་བྱུང་ཁམས་དང་མིའི་རིགས་ཀྱི་འཆམ་མཐུན་ལ་གནོད་པ་ཤེས་ནས“ལྤགས་སྲེག་ལས་འའགུལ”བརྒྱུད་ནས་ཡོངས་སུ་དོར་བ་རེད། དེ་ནི་དམངས་སྲོལ་གྱི་འགྱུར་བའི་རང་བཞིན་གྱི་མངོན་ཚུལ་ཞིག་རེད་བསམ།

6  བོད་ཀྱི་རྒྱན་གོས་ལས་མི་རིགས་གཞན་གྱི་ཤན་ཤུགས་ཀྱི་སྐོར།
         སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་བར་གྱི་འབྲེལ་གཏུགས་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས།བོད་མི་རིགས་ཀྱི་རྒྱན་གོས་དེའང་སྣ་མང་དང་སྟབས་བདེ་ཅན་དུ་འགྲོ་བཞིན་འདུག ཡང་གཅིག་བཤད་ན། བོད་ཀྱི་རྒྱན་གོས་ཡང་རང་ཉིད་འཚོ་སྡོད་ཀྱི་ས་ཁོངས་ཁོར་ཡུག་དང་གནམ་གཤིས། ཐོན་སྐྱེད་འཚོ་བ།སེམས་ཁམས་རྐྱང་རྐྱང་གི་དབང་དུ་མ་ཡིན་པར། འབྲེལ་འདྲིས་དང་གདོང་ཐུག་བརྒྱུད། མི་རིགས་གཞན་གྱི་ཁྱད་ཆོས་དང་ལེན་བྱས་ཡོད་པ་རེད།  དེ་ནི་འཕེལ་རྒྱས་ཀྱི་ཆོས་ཉིད་ཅིག་ཡིན་པ་ལས་རང་ཉིད་ཀྱི་ཁེར་ཚུགས་ཀྱི་ཆ་བོར་སོང་བ་མིན་ནོ།། གོང་ནས་བཀོད་ཡོད་པ་ལྟར་སྲོང་བཙན་སྐབས་ཙམ་ནས་བོད་ཀྱི་རྒྱན་གོས་ལ་མི་རིགས་གཞན་གྱི་ཤན་ཤུགས་ཐེབས་ཡོད་པ་དང་། རྗེས་ནས་སོག་པོ་ཇིང་གར་གྱི་དམག་དཔུང་བོད་དུ་ཐོན་པ་ནས་བཟུང་བོད་ཀྱི་སྐུ་དྲག་གི་རྒྱན་གོས་ལ་སོག་པོའི་ཤན་ཞུགས་པ་རེད། ཡང་དུས་རབས་ཉི་ཤུ་བ་ཙམ་ནས་ནུབ་གླིང་གི་རྒྱན་གོས་དར་ཁྱབ་བྱུང་བ་སོགས་རེད།

མཇུག་བསྡུ་བ།

        རྒྱན་གོས་ནི་མི་རིགས་ཤིག་གི་གནས་སའི་ས་ཁོངས་དང་གནམ་གཤིས། ཐོན་སྐྱེད་འཚོ་བ་རོལ་སྟངས།དཔལ་འབྱོར་གྱི་རྨང་གཞི མཛེས་དཔྱོད་ལྟ་བ་སོགས་ཕྱོགས་གང་མང་ཞིག་གི་ནུས་པ་བཏོན་ནས་གྲུབ་པ་ཞིག་ཡིན་ལ། བོད་ཀྱི་རྒྱན་གོས་ཡང་དེ་ལྟར་དུ་ཐོན་པ་ལགས། བོད་ཀྱི་རྒྱན་གོས་ནི་འཚེམ་བཟོ་ལག་རྩལ་གྱི་འབྲས་བུ་ཙམ་དང་རྒྱས་སྤྲོས་ཀྱི་རྒྱན་ཆ་ཙམ་གཏན་ནས་མིན་པར། བོད་ཀྱི་རྒྱན་གོས་ལས་བོད་རང་གི་རིག་གནས་སམ་ཕོ་མོ་དང་ལོ་ཚོད། དུས་ཚིགས། ལས་རིགས་དང་གྲལ་རིམ། ཡུལ་ཁམས་ཆགས་སྟངས།མི་རིགས་གི་སྒེར་གཤིས། བློ་གྲོས་སོགས་གཅིག་འདུས་ཀྱིས་མཚོན་ཡོད་ལ། བོད་མི་རིགས་ཀྱི་ལོ་རྒྱུས་དུས་རིམ་མི་འདྲ་བའི་ནང་གི་ཆབ་སྲིད་འགྱུར་ལྡོག་དང་འཚོ་བའི་ཆུ་ཚད། འདུ་ཤེས་འཛིན་སྟངས་སོགས་ཀྱིས་མཚོན་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་དང་། ལོ་རྒྱུས་དོན་དངོས་མང་པོ་ཞིག་མཐོང་ཐུབ།

དཔྱད་གཞིའི་ཡིག་རིགས།

          1 <<དམངས་སྲོལ་རིག་པའི་སྤྱི་དོན>> གཅན་ཚ་བཀྲ་བྷོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2008ལོ།

          2 <<བོད་སྤྱི་བཤད>> བཀྲ་ཤིས་ཚེ་རིང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2008ལོ།

          3 <<ཆབ་འགག་ཡུལ་གྱི་ལོ་རྒྱུས་དྲི་བྲལ་ཤེལ་དཀར་ཕྲེང་བ>> གཅོད་པ་དོན་གྲུབ་ཀྱིས་གཙོ་སྒྲིག་བྱས།  མི་རིགས་དཔེ་སྐྲུན་ཁང་། 2001ལོ།

          4 <<མདོ་སྨད་གཡོན་རུའི་ལོ་རྒྱུས>> སངས་རྒྱས་རིན་ཆེན་གྱིས་རྩོམ་སྒྲིག་བྱས། ཀན་སུའུ་མི་རིགས་ དཔེ་སྐྲུན་ཁང་། 2010ལོ།

          5 <<ནག་ཚང་ཤེལ་ཚྭ་རྫོང་གི་ལོ་རྒྱུས>> སོག་རུ་ཀརྨ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། 2009ལོ།

          6 <<中国民族服饰研究>> 中国民族博物馆编 民族出版社 2003年

          7 <<民俗学>> 陶立璠 学苑出版社 2003年