རྩོམ་པ་པོ།   བོད་ལྗོངས་ཆབ་མདོ་ས་ཁུལ་བྲག་གཡབ་རྫོང་སློབ་འབྲིང་གི་དགེ་རྒན།  ཡིག་བསྒྱུར།       དུས་ཚོད།   2013-03-29   རྩོམ་ཁུངས།   
ཁོར་ཡུག་སྲུང་སྐྱོང་ཞེས་པའི་ཐ་སྙད་འདི་ནི་ཐོག་མར་ཕྱི་གླེང་པས་གླེང་བ་ཡིན་ལ། ཁོ་ཚོས་བཟོ་ལས་གསར་བརྗེ་བྱས་པ་ནས་བཟུང་རང་བྱུང་ཁམས་ཀྱི་ཐོན་ཁུངས་སྔོག་འདོན་ཆེན་པོས་ཆོག་ཤེས་མེད་པའི་དགོས་འདོད་ཀྱི་ལོངས་སྤྱོད་རྒྱ་ཆེན་བསྐྲུན་ནས་ལོ་མང་སོང་རྗེས་ཕྱི་ལྟ་ཤིག་བྱས་ཚེ།ད་གཟོད་ཁོ་ཚོས་རང་ཉིད་ཆགས་སའི་གཞི་དེ་ལ་གནོད་སྐྱོན་ཚབ་ཆེན་བཟོས་ཡོད་པ་སླར་རྟོགས་ནས་ཁོར་ཡུག་སྲུང་སྐྱོང་ཞེས་སྔངས་སྐྲག་ཆེན་པོའི་ཁ་དབྱངས་བོས་པ་ཡིན།
རང་རེའི་བོད་ལ་དུས་རབས་སྔོན་མའི་ལོ་རབས་དགུ་བཅུའི་ནང་དུ་ཐ་སྙད་འདི་ད་གཟོད་བྱུང་བ་ཞིག་ཡིན།དེའི་སྔོན་དུ་བོད་ཀྱི་སྐད་ཡིག་ནང་དུ་ཁོར་ཡུག་སྲུང་སྐྱོང་ཞེས་པའི་ཐ་སྙད་འདི་མེད་ལ།དེ་ནི་རང་རེའི་ལྗོངས་འདིར་སྔོན་ཆད་ཁོར་ཡུག་སྦགས་བཙོག་ཧ་ཅང་ཉུང་ལ།རང་རེ་བོད་པའི་བསམ་བློའི་འདུ་ཤེས་སུ་རི་ཆུ་ནགས་སོགས་ལ་ལྷ་ཀླུ་གཉན་གསུམ་ཡོད་ཚུལ་དང་།དེ་དག་ལ་ཕོག་ཐུག་ཤོར་ན་མི་ཕྱུགས་ལ་གནོད་འཚེ་འབྱུང་ངེས་སྙམ་པའི་འདུ་ཤེས་ཀྱིས།རང་རེ་གནས་པའི་ཁོར་ཡུག་འདི་ལ་དད་གུས་ཚུལ་གྱིས་སྲུང་སྐྱོང་བྱེད་བཞིན་པས་རྐྱེན་རེད།ནང་དོན་རིག་པའི་ལྟ་བ་ལ།སྤྱོད་འཇུག་ལས།འཇིག་རྟེན་བདེ་བ་ཇི་སྙེད་པ༎དེ་ཀུན་གཞན་བདེ་འདོད་ལས་བྱུང་༎འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ༎དེ་ཀུན་རང་བདེ་འདོད་ལས་བྱུང་༎ཞེས་པ་ལྟ་བུས་ཁོར་ཡུག་དང་མི་བར་གྱི་འབྲེལ་བའི་ཐད་ལ་འཆམ་མཐུན་ཡིན་དགོས་ཚུལ་དང་།སེམས་ཅན་ཐམས་ཅད་ལ་བྱམས་བརྩེ་སྙིང་རྗེའི་བསམ་པས་གནོད་འཚེ་སྤང་བའི་ཕྱིར་ས་བརྐོ་རྡོ་སློག་སོགས་ཀྱང་ཆེར་མི་རུང་བ་བསྟན་ཡོད།
འོན་ཀྱང་དེང་གི་དུས་འདིར་འཛམ་གླིང་དཔལ་འབྱོར་གཅིག་གྱུར་དང་།གོ་ལ་ཟླུམ་པོའི་གྲོང་ཚོ་ཁག་གི་བར་ཐག་ཇེ་ཉེ་ཡིན་པའི་དབང་གིས།ཕྱི་ནས་ཐོན་པའི་ཁོར་ཡུག་སྦགས་བཙོག་འགྲོ་བའི་དངོས་རྫས་ཇེ་མང་དུ་སོང་བས།ཕྱུགས་སྐྱོང་ཉི་ལྡེའི་འཚོ་བར་ཞེན་པའི་འབྲོག་མི་ཚོས་ཀྱང་ཁོར་ཡུག་ཐད་ལ་འདུ་ཤེས་གསར་པ་ཞིག་ཡོད་དགོས་པ་ནི་དུས་རབས་ཀྱི་འོས་འགན་དུ་གྱུར་འདུག
གཅིག གློག་ཆས་རིགས་ཀྱི་གད་སྙིགས།
གློག་ཆས་རིགས་ཀྱི་གད་སྙིགས་ནི་གློག་གཡིས་རིགས་འདྲ་མིན་ཡིན་ལ།དེ་དག་གར་ཡན་དོར་ན།ས་བཅུད་ལ་གཏོར་བརླག་ཐེབས་ནས་ས་རྔོ་ཅན་དུ་གྱུར་ཏེ་ས་ལ་རྩྭ་ལྡུམ་མེ་ཏོག་མི་སྐྱེ་བར་མ་ཟད།དེ་དག་ཆུ་ནང་དུ་དོར་ནས་མི་དང་ཕྱུགས་རིགས་ཀྱི་ཁ་ནང་དུ་སོང་རྗེས་ནད་འདྲ་མིན་སྐྱེད་ལ།སྦྲུམ་མ་ཡིན་ན་ཁོག་གི་བྱིས་པའི་རུས་པ་འཁྱོག་པ་དང་།དབང་པོ་སྐྱོན་ཅན་འབྱུང་བ་སོགས་ཀྱི་ཉེན་ཁ་ཆེན་པོ་ཡོང་ཚུལ་ཚན་རིག་པས་བརྟག་དཔྱད་ཀྱི་འབྲས་བུ་ལས་ཐོན་ཡོད།དེ་བས་གློག་གཡིས་འདྲ་མིན་གྱི་རིགས་ནི་གཞི་གཅིག་ཏུ་བསྡུ་རུག་གི་བྱ་བ་སྤེལ་ནས་བཟོ་གྲྭ་རུ་བེད་སྤྱོད་གཉིས་པའི་ཚོང་སྒོ་གཉེར་བའི་འདུ་ཤེས་ཡོད་དགོས།
གཉིས། བཟོ་ལས་སྣུམ་རིགས་ཀྱི་གད་སྙིགས།
བཟོ་ལས་སྣུམ་རིགས་ནི། བཟོ་གྲྭ་ལས་ཐོན་པའི་ཚོན་སྣུམ་དང་། འཕྲུལ་འཁོར་སོགས་ལ་བཀོལ་བའི་སྣུམ་རིགས་ལ་གོ དེ་དག་གར་ཡན་འཕོ་དོར་བྱུང་ན། རྩྭ་ས་ལ་གནོད་པ་དང་སེམས་ཅན་སྲོག་ཆགས། བྱ་བྱེའུ་འབུ་རིགས་སོགས་ལ་གནོད་པ་ཆེ་བས་བདག་གཙང་ལེགས་པོ་བྱ་རྒྱུ་ཤིན་ཏུ་གལ་ཆེ།
གསུམ། ཆུ་ཤོག་རིགས་ཀྱི་གད་སྙིགས།
ཆུ་ཤོག་རིགས་ཀྱི་གད་སྙིགས་ནི་རྫས་འགྱུར་ལས་གྲུབ་པའི་ཅ་ལག་བསྡུ་སྣོད་ཀྱི་ཆུ་ཤོག་ཁུག་མ་དང་།འབྲུ་རིགས་སོགས་ཀྱི་སྒྱེ་སྣོད་བྱས་པའི་ཆུ་ཤོག་རིགས་དང་། དངོས་པོ་ཤུན་ལྐོག་གི་ཆུ་ཤོག་རིགས་འདྲ་མིན་ལ་གོའདི་དག་ནི་འབྲོག་ཁུལ་དུ་དགུན་དུས་ཀྱི་ཁ་བ་ལས་ཀྱང་མང་པའི་རྣམ་པ་ཡིས་རླུང་གིས་བར་སྣང་དུ་ཁུར་བཞིན་ཡོད་ལ།ཟོག་ལུག་སེམས་ཅན་གྱི་ཁ་ནང་དུ་སོང་ཚེ་ཕོ་མིད་དགག་ནས་འཆི་བ་ཡང་ཤིན་ཏུ་མང་པས།གད་སྙིགས་དེ་དག་བསྡུ་རུག་གིས་མེ་ལ་སྦར་རྒྱུ་ཤིན་ཏུ་གལ་ཆེ།
བཞི། གོས་རྙིང་གི་གད་སྙིགས།
མི་རྣམས་ཀྱི་འཚོ་བ་ནི་ཉིན་བཞིན་ཡར་རྒྱས་གོང་འཕེལ་དུ་འགྲོ་བཞིན་ཡོད་ལ།ལོ་རེའི་ནང་དུ་དེང་རབས་གྱོན་གོས་སྣ་ཚོགས་བརྗེ་རྒྱུའི་ཆ་རྐྱེན་བཟང་པོ་གྲུབ་ལ།གོས་དེ་དག་ཟད་རྙིང་ཆེར་མ་སོང་ཡང་།གོས་གསར་གཞན་ཞིག་སླར་དར་ནས་གོས་རྙིང་རྣམས་གང་སར་གད་སྙིགས་སུ་དོར་ནས་ཁོར་ཡུག་སྦགས་བཙོག་ཤོར་བ་ནི་ཤིན་ཏུ་མང་ས།ྟེདེ་དག་གི་རྒྱུ་ཆ་མང་ཆེ་ཤོས་ནི་རྫས་འགྱུར་ཆུ་ཤོག་ལས་གྲུབ་པ་མང་པས་ཉི་འོད་དང་རླུང་གིས་མི་འཇིག་པས་རྩྭ་ས་ལ་གནོད་པ་ཤིན་ཏུ་ཆེ་བ་ནི་ང་ཚོས་མངོན་སུམ་མཐོང་ཐུབ་པ་དེ་ཡིན་པས། ངེས་པར་དེའི་ཐད་ལ་བསམ་གཞིག་ནན་མོ་བྱ་དགོས།
ལྔ། འཛུགས་སྐྲུན་གྱི་གད་སྙིགས།
འཛུགས་སྐྲུན་གད་སྙིགས་ཞེས་པ་ནི་ཁྱིམ་གཞི་ཁང་སྐྲུན་བྱས་རྗེས་ཀྱི་ཨར་འདམ་ལྷག་མ་དང་།རྡོ་ཞོ་རིགས་ཀྱི་དཀར་རྩི་དང་།ལྕགས་མཛེར།འགྱིག་ཀོ་སོགས་ལ་གོ་ཆོགདེ་དག་གང་སར་དོར་ན་མི་ཕྱུགས་སོགས་ལ་གནོད་པ་ཆེ་ཞིང་།ཁོར་ཡུག་མཛེས་ཆོས་ལ་ཡང་གནོད་པ་ཆེ་བས།གཙང་ཕགས་ཀྱི་གཞི་གཏན་འཁེལ་གྱིས་དེ་ལ་བདག་གཙང་ལེགས་པོ་བཟོ་རྒྱུ་གལ་ཆེའོ༎
དྲུག ཤེལ་ཆག་རིགས་ཀྱི་གད་སྙིགས།
ཤེལ་ཆག་གང་སར་གཏོར་ན། མི་ཕྱུགས་གཉིས་ཀར་ལུས་རྨས་འབྱུང་བའི་ཉེན་ཁ་ཡོད་པས།རྩྭ་ཐང་མེ་ཏོག་གི་གདན་གཞི་ལ་དེ་ལྟ་བུའི་འཚེ་བ་མེད་པར་བཟོ་རྒྱུ་ནི་རྩྭ་ཐང་བདག་པོའི་རང་འགན་ཡིན།དེ་ཡང་དབྱར་དུས་སོགས་ལ་རྩྭ་ཐང་དུ་ཟས་རིགས་དང་ཆང་རིགས་ཁྱེར་ནས་སྤྲོ་བསང་ཕེབས་པ་ལ།ཆང་དམ་གང་སར་བཅག་དཀྲུག་དང་།ཉོབ་ཉུད་གང་འདོད་གཏོར་བ་ནི་གཤིས་ཀ་ངན་པ་ཡིན་པས། དེའི་ཐད་ལ་རང་ཉིད་ཀྱིས་དོགས་ཟོན་དང་གཞན་ལ་སློབ་གསོ་གཏོང་རྒྱུ་ནི་ཤིན་ཏུ་གལ་ཆེའོ༎
གོང་ནས་འབྲོག་ཁུལ་དུ་གསར་དར་བྱུང་བའི་གད་སྙིགས་རིགས་ཁ་ཤས་བསྟན་པ་ཡིས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་གསར་བའི་ཐད་ལ་འབོད་སྐུལ་ཙམ་བཏང་བ་ཡིན་ལ།དེ་ཡང་གད་སྙིགས་བདག་གཙང་གི་བྱ་གཞག་འདི་འབྲོག་མི་གཅིག་གི་འོས་འགན་ཙམ་དང་།ཁྱིམ་ཚང་གཅིག་གི་འོས་འགན་ཙམ་མིན་ཏེ།དེ་ནི་ཐུན་མོང་དང་སྲིད་གཞུང་གི་སྒྲིག་གཞི་རུ་ལག་བསྟར་དགོས་པ་ཞིག་ཡིན་ལ།དེའི་ཐད་ལ་འབྲོག་ཁུལ་གྱི་རུ་ཁག་སོ་སོ་དང་།དགོན་པ་དག་གིས་རང་རང་གི་གཞི་ཁོངས་སུ་གད་སྙིགས་འདོར་སའི་ས་ཚིགས་འཛུག་རྒྱུ་དང་།དུས་ཚོད་ལྟར་གད་སྙིགས་མེད་པར་བཟོ་རྒྱུའི་བྱ་ལས་སྤེལ་རྒྱུ་ནི་མཛེས་པའི་ཕ་ས་བདག་སྐྱོང་གི་དོན་ཆེན་ཡིན་ལ་མི་ཆོས་བཟང་པོ་ཞིག་ཀྱང་ཅིས་མ་ཡིན་ཏེ། དེ་ནི་མི་ལ་བདེ་ཐང་ཡོང་བ་དང་ཕྱུགས་ལ་གོད་ཆག་མེད་པའི་སྔོན་འགྲོའང་ཡིན་ནོ།།
ཡང་འདིར་འབྲོག་ཁུལ་དུ་ཁོར་ཡུག་སྦགས་བཙོག་ཤོར་བའི་གནད་དོན་གཞན་ཞིག་གི་སྐོར་རོབ་ཙམ་གླེང་ན་འདི་ལྟར་སྟེ།
1 རི་ཐང་ལ་རླུང་རྟ་གཏོར་ཆེ་བ།མི་ཁ་ཤས་ཀྱིས་ཕྱི་ནས་བལྟས་ན་བསམ་པ་དགེ་བའི་རྣམ་པ་ཡིན་ཡང་།དོན་དངོས་སུ་སྒེར་གྱི་འདོད་མོས་ཤིག་གིས་རི་ཐང་ལུང་གསུམ་ལ་བསོ་བསོ་མཆོད་མཆོད་ཀྱིས་རླུང་རྟ་སྤུར་བ་ཡིན་ལ།དེང་དུས་ཀྱི་རླུང་རྟ་བཟོ་བྱེད་ནི་སྔར་གྱི་རླུང་རྟ་དང་མི་འདྲ་ལ།སྔར་གྱི་རླུང་རྟ་ནི་རེ་ལྕག་པའི་རྩ་བས་བཟོས་པའི་ཤོག་བུ་ཡིན་ལ་སྣག་ཚ་ཡང་རང་བྱུང་རྡོ་ཚོན་ཡིན་པས་རླུང་དང་ཉི་མས་ཞིག་སླ་ལ།རྩྭ་ཆུ་ལ་གནོད་པ་གང་ཡང་མེད།དེང་དུས་རླུང་རྟ་བཟོ་ཆས་ནི་ཤོག་བུའི་རྒྱུ་ཆ་འདྲ་མིན་ཅི་རིགས་ཡོད་ལ་སྣག་ཚ་ནི་རྫས་འགྱུར་ཚོན་རྩིས་བྱས་པས་རྩྭ་ཆུ་ལ་གནོད་པ་ཤིན་ཏུ་ཆེ་བ་ཡིན་ལ་ཕྱུགས་ཟོག་གི་ཁ་ནང་དུ་སོང་ན་ཕྱུགས་རིགས་ལ་གནོད་པ་ཆེ།དེ་བས་རླུང་རྟ་ཡང་རྟགས་ཙམ་མ་གཏོགས་འབོར་ཆེན་གཏོར་ན་རང་ཉིད་ཀྱི་རླུང་རྟ་གནས་སྐབས་ཙམ་དར་ཡང་ཁོར་ཡུག་དང་སྲོག་ཆགས་ལ་གནོད་པས་མཐར་རང་ཉིད་ཀྱང་རྒུད་ངེས་ཡིན་སྙམ།
2 མཚོ་ཆུ་ལ་ཀླུ་གཏེར་སྦས་དྲགས་པ། ཡང་འགའ་ཞིག་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོང་བྱེད་ཚུལ་གྱི་རྣམ་པ་ཞིག་ལ་ཁ་གཡར་ནས།རང་ཉིད་རྒྱུ་འབྱོར་འཕེལ་ཆེད།འབྲུ་རིགས་རས་སྒྱེ་བྱས་པ་གྲངས་མེད་དར་དཀར་པོས་ཁ་བསྡམས་ནས་མཚོ་མཚེའུ་མིང་གྲགས་ཅན་གྱི་ནང་དུ་འཕངས་ལ། མཚོ་མཚེའུ་ནང་གི་ཉ་རིགས་དར་གྱིས་བསྡམས་ནས་ཤི་བ་མང་ལ། མཚོ་ཡི་སྟོང་ཆའི་བར་གསེང་ཇེ་དོག་གིས་མཚོ་ལ་གནོད་པ་འགྲོ་བ་ནི་དེང་དུས་དགེ་སྒྲུབ་ཀྱི་ཞོར་སྐྱོན་དུ་ཆགས་འདུག་པས་ངེས་པར་ཚན་རིག་དང་མཐུན་པའི་སྒོ་ནས་བསམ་གཞིག་ལེགས་པོ་བྱ་དགོས་པའི་གནས་ཤིག་ཡིན་འདུག་སྙམ།
3 རི་ཆུ་ལ་དར་ཆ་སྒྲོན་དྲགས་པ།འཆམ་མཐུན་དང་ཞི་བདེ་ནི་ང་ཚོའི་རེ་བ་ཡིན་ལ།ཆོས་སྒྲ་རླུང་ལ་བསྐུར་པ་ནི་ང་ཚོའི་ལྷག་བསམ་ཡིན་ཡང་།དེང་དུས་འབྲོག་ཁུལ་ཁ་ཤས་སུ་ཆོས་དར་གྱིས་རི་བོ་ཡོངས་སུ་གཡོགས་པ་ཡང་ཤིན་ཏུ་མཐོང་རྒྱུ་མང་འདུག འོན་ཀྱང་ཡུན་རིང་དུ་སོང་རྗེས་དར་རས་ས་ལ་དྲུད་ནས་སྔོ་ལྗང་ལ་གནོད་པ་འབྱུང་བ་དང་།དར་ཆད་ཕྱུགས་ཀྱིས་ཟོས་ནས་ཕྱུགས་རིགས་ཕོ་བའི་ནད་ཀྱིས་འཆི་བ་སོགས་ཀྱི་གནས་ཚུལ་ལ་དོ་སྣང་བྱ་རྒྱུ་གལ་ཆེ་སྟེ།རྒྱུ་མཚན་ནི།དར་ཆ་དེ་དག་གི་རྒྱུ་ཆ་ནི་རྫས་འགྱུར་ཆུ་ཤོག་གི་རིགས་ཡིན་ལ།དེ་ནི་རང་བྱུང་ཉི་འོད་དང་ཆར་ཆུ་ཡིས་ཞིག་མི་ཐུབ་པའི་དངོས་པོ་སྲ་མཁྲེགས་ཅན་ཡིན་པ་དང་།དར་ཆ་སྟེང་གི་ཡི་གེ་དང་རི་མོ་ཡང་རྫས་འགྱུར་གྱིས་བཟོས་པའི་ཚོན་རྩི་ལས་གྲུབ་པས་ས་ཆུ་ལ་གནོད་པ་ཆེ་བ་ནི་ཚན་རིག་པས་གཏན་ཕབ་བྱས་ཡོད་པས་དེ་རིགས་ཀྱི་ཤེས་བྱའི་སྐོར་ལ་རྒྱུས་ལོན་བྱ་རྒྱུ་ཡང་ཤིན་ཏུ་གལ་ཆེའོ༎