རྩོམ་པ་པོ།   ལྷ་མོ་ཚེ་སྐྱིད  ཡིག་བསྒྱུར།       དུས་ཚོད།   2013-04-12   རྩོམ་ཁུངས།   
ཉེ་ལམ། རྒྱུས་ལོན་བྱུང་བ་ལྟར་ན། སྐབས12པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོན་ལ་ཉེ་བའི་སྐབས་འདིར། ལུན་ཏུང་ཨོ་རྩལ་འགྲན་ཚོགས་སུ་ཟངས་ཀྱི་རྟགས་མ་ཐོབ་མཁན་ཀྲུང་གོའི་བོད་རིགས་བུ་མོ་ཆོས་དབྱིངས་སྐྱིད་ཀྱིས་མཚོ་སྔོན་བསྟོད་པ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་ར་བ་རུ་འདུར་རྒྱུག་སྦྱོང་བརྡར་བྱེད་ཀྱི་ཡོད་ཅིང་། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ལ་སྟ་གོན་ལེགས་པོ་བགྱིད་པ་རེད།
ཆོས་དབྱིངས་སྐྱིད་ཀྱིས་བཤད་རྒྱུར། འདི་ནི་ཁོ་མོ་རྒྱལ་ཁབ་ཀྱི་ལུས་རྩལ་རུ་ཁག་ཏུ་ཞུགས་རྗེས་ཐེངས་དྲུག་པར་བསྟོད་པ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་ར་བ་རུ་ཡོང་བ་ཡིན་པ་དང་། ཕ་ཡུལ་ལ་སྦྱོང་བརྡར་དུ་ཡོང་ཐེངས་རེར་སེམས་ལ་སྤྲོ་བ་དབང་མེད་དུ་དགྱེས་ཤིང་། རུ་མི་གཞན་དང་གོམས་ལོབས་སུའང་འགྲོ་སླ་བར་སྣང་། རྐང་པའི་རྨས་རྙིང་དེས་ལུས་རྩལ་འཕེལ་རྒྱས་ལ་གནོད་སྐྱོན་ཅུང་ཐེབས་སྲིད་མོད། ནམ་ཡང་སྤྲོ་སེམས་ཀྱིས་ཁེངས་པའི་ཁོ་མོར་མཚོན་ན་ཆེས་ཁྱད་དུ་འཕགས་པ་ནི་གློ་སྙིང་གི་རྒྱུ་ནུས་དང་། ལུས་ཕུང་སླར་གསོའི་མྱུར་ཚད། དེ་མིན་འགྲན་བསྡུར་བྱེད་ཐེངས་རེའི་འཕྲོད་བསྟུན་ནུས་པ་ཆེན་པོ་ཡོད་པ་དེ་ཡིན་ལ། མོས་ད་ལྟ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སུ་དམིགས་འབེན་གཏན་འཁེལ་བྱས་ཡོད་ཚུལ་དང་། 2013ལོར་འགྲན་བསྡུར་གང་རིགས་ལ་ཁ་གཏོད་པར་གྲ་སྒྲིག་བྱས་ཤིང་ནམ་ཡང་མདུན་དུ་སྐྱོད་རྒྱུ་ནི་མོའི་ཅོང་སྒྲ་ཡིན་པ་དང་སྔར་ལྟར་མུ་ནས་མུ་མཐུད་དུ་བརྩོན་པ་ལྷུར་ལེན་བྱེད་ངེས་པར་བརྗོད།
ཆོས་དབྱིངས་སྐྱིད་ཀྱི་ཁྲིད་སྟོན་དགེ་རྒན་ཀྲང་ཧྥུ་ཞིན་གྱིས་བཤད་རྒྱུར། ཐེངས་འདིར་བསྟོད་པ་ལུས་རྩལ་སྦྱོང་བརྡར་ར་བ་རུ་སྦྱོང་བརྡར་བྱེད་པ་ནི་ཆོས་དབྱིངས་སྐྱིད་ཀྱི་ལུས་ཕུང་སྔར་ལྟར་སླར་གསོ་འབྱུང་རྒྱུ་དང་། ནུས་ཤུགས་ཡོད་རྒུས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་དང་ཟླ8པར་མོ་སི་ཁོ་རུ་སྤེལ་ངེས་པའི་འཛམ་གླིང་མཆོང་རྒྱུག་གཟེངས་རྟགས་འགྲན་བསྡུར་ལ་སྟ་གོན་བཟང་བོ་བྱ་རྒྱུ་དེ་ཡིན་ལ། ད་ལྟ་ཆོས་དབྱིངས་སྐྱིད་ལ་འཕྲད་པའི་དཀའ་ཁག་ཆེན་པོ་ནི་རྐང་པའི་རྨས་རྙིང་སླར་གསོ་འབྱུང་རྒྱུ་དེ་རེད།