ལས་ལ་བརྩོན་པའི་སྐྱེས་པ་ཕྱུག་འགྱུར་ལམ་བུ་རུ་བསྐྱོད་པ།

རྩོམ་པ་པོ།   སྒྲོལ་མ་ལྷ་མཚོས་བསྒྱུར།   ཡིག་བསྒྱུར།       དུས་ཚོད།   2013-04-12   རྩོམ་ཁུངས།   

       “ངེད་ཁྱིམ་གྱི་ཕག་ར་གསར་པ་གསར་འཛུགས་བྱས་ཚར་ཡོད། ནང་དུ་ལྟ་སྐོར་བྱེད་རོགས།” བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་དཔལ་འབྱོར་གསར་སྤེལ་ཆུས་ལ་ཐའོ་ལི་གྲོང་དུ་སྡོད་པའི་གྲོང་མི་དབྱང་ཞུའེ་ཡའོ་ཡིས་གད་མོ་དགོད་ཅིང་ཕག་ལྟོའི་ཆུ་ཟོམ་ལག་ཏུ་བཟུང་སྟེ་ཕག་ར་ནས་ཕྱིར་ཐོན་བཞིན་ང་ཚོར་ད་ལྟར་བཤད་བྱུང་། 
       ཉེ་བའི་ལོ་ཤས་རིང་། ལ་ཐའོ་ལི་གྲོང་མི་ཚོ་ཆུང་གིས་གཞན་ན་མེད་པའི་གནམ་གཤིས་དང་ས་གཤིས་ཀྱི་གནས་བབ་ཡག་པོར་བརྟེན་ཏེ། ཤུགས་ཆེན་གྱིས་སྔོ་ཚལ་དང་ཤིང་ཏོག་གི་ཐོན་ལས་གོང་སྤེལ་བཏང་བ། རྒྱ་ཆེ་བའི་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུ་ཐོག་འགྲོ་ཞིང་། གཅིག་རྗེས་གཉིས་མཐུད་ངང་སྔོ་ཚལ་འདེབས་འཛུགས་བྱས་པས། ལ་ཐའོ་ལི་གྲོང་དུ་ལོ་གཅིག་དུས་བཞི་རུ་མ་རྨོས་ལོ་ཏོག་དང་། ཧོང་ཀྭ སྒོག་པ་སོགས་སྔོ་ཚལ་སྣ་མང་མཐོང་ཐུབ།
 དབྱང་ཞུའེ་ཡའོ་ཁྱིམ་ཚང་གིས་ས་ཞིང་མུའུ4ཐོག་སྔོ་ཚལ་འདེབས་ཡོད་པ། ད་དུང་ཤིང་ཏོག་མུའུ་10ལྷག་བཙུགས་ཤིང་། ཐོན་རྫས་ནི་གཙོ་བོར་གསར་སྤེལ་ཆུས་དང་སྟག་མཆོང་གྲོག་རོང་སོགས་ས་ཁུལ་དུ་འཚོང་བ་རེད། ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་67ཙམ་ཟིན་ཐུབ་པ་རེད།
       དབྱང་ཞུའེ་ཡའོ་ནི་ལས་ལ་བརྩོན་ཞིང་ཉེན་འཚོང་བྱེད་ཕོད་པའི་མི་ཞིག་ཡིན་ཏེ། སྔོ་ཚལ་བཏབ་ནས་ཡོང་འབབ་ཡག་པོ་ཡོད་མོད། འོན་ཀྱང་ཁོང་གིས་ད་ལྟའི་གནས་ཚུལ་ཡིད་ཚིམ་གྱི་མེད། སྲིད་གཞུང་གིས་རོགས་སྐྱོར་འོག     དབྱང་ཞུའེ་ཡའོ་ཡིས་ལས་ལམ་གསར་འབྱེད་ཀྱི་དངུལ་སྒོར་ཁྲི8ལེན་པ་དང་། རང་གིས་ལོ་ཤས་རིང་དུ་བྱུང་པའི་དངུལ་འཇོག་ནས། ན་ནིང་གི་ལོ་མཇུག་ཏུ་ཁོས་སོན་ཕག་གསོ་སྤེལ་འཕྲོད་བསྟེན་ཕག་ར་འཛུགས་པ། ཟླ3པའི་ཟླ་འགོར། གསར་འགོད་པས་ཁོའི་སོན་ཕག་གསོ་སྤེལ་འཕྲོད་བསྟེན་ཕག་ར་གསར་པར་ཕག30ལྷག་གསོ་ཡོད་པ་མཐོང་།
       དབྱང་ཞུའེ་ཡའོ་ཡིས་བློ་གཅིག་སེམས་གཅིག་གིས་ཕག་གསོ་བའི་ཆེད་དུ། སྔོ་ཚལ་བཏབ་པའི་རྒྱ་ཁྱོན་ཆུང་དུ་གཏོང་བ་རེད། འཕྲོད་བསྟེན་ཕག་ར་རུ་སོན་ཕག500གསོ་ཆོག་མོད། འོན་ཀྱང་མ་དངུལ་མི་འདང་བའི་ཕྱིར། མིག་སྔར་གྱི་བར་དུ་ཕག30ལྷག་མ་གཏོགས་གསོས་མེད་ལ། ད་ལྟ་ཕག་ཕྲུག་མང་པོ་ཉོ་དགོས་པས། འབྲེལ་ཡོད་སྡེ་ཁག་གིས་རོགས་སྐྱོར་ཐོབ་པའི་རེ་འདུན་ཡོད་པ་རེད།