རྩོམ་པ་པོ།   སྐལ་བཟང་བློ་གྲོས།   ཡིག་བསྒྱུར།       དུས་ཚོད།   2013-04-13   རྩོམ་ཁུངས།   
ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་འཕགས་པའི་ཡུལ་དུ་ཟློས་གར་གྱི་རིགས་པ་ཡ་མཚན་ཆེ་བར་གྲགས་ཞེས་གསུངས་པ་བཞིན། རྒྱ་གར་དུ་ཟློས་གར་གྱི་རིགས་པ་དར་བའི་ཚུལ་མདོར་ཙམ་བརྗོད་ན། ཟློས་གར་དར་བའི་ཐོག་མའི་དུས་ནི་ངོས་འཛིན་དཀའ་མོད། འཛམ་གླིང་གི་ཡུལ་གྲུ་སོ་སོའི་མི་རིགས་གཞན་དག་དང་འདྲ་བར། གདོད་མའི་འཚོ་སྡོད་ཀྱི་སྐབས་སུ་རང་བྱུང་གི་ས་མེ་ཆུ་རླུང་གི་འཇིག་པ་དང་། ཉི་ཟླའི་འཆར་ནུབ་སོགས་ལ་ཆོས་ཉིད་ཀྱི་འགྲེལ་བཤད་ཡང་དག་ཅིག་བྱེད་མ་ཐུབ་སྟབས། དེ་ནི་རང་བྱུང་གི་ནུས་པ་ལས་བརྒལ་པའི་འགྲོ་བ་ཞིག་གིས་ཚོད་འཛིན་བྱེད་པའི་འདུ་ཤེས་བཟུང་སྟེ་ལྷ་ཞེས་པ་བྱུང་། དེ་ནི་དད་མོས་ཀྱི་ཐོག་མའི་འབྱུང་ཁུངས་ཡིན་ལ། ཤེས་རིག་གི་མྱུ་གུ་འབུས་སའང་ཡིན། ལྷ་དང་འབྲེལ་བ་བྱེད་པའི་ཐབས་ནི་མཆོད་སྦྱིན་སོགས་ཀྱི་ཐབས་ལ་བརྟེན་ནས་མིའི་འདོད་པའི་རེ་བ་ལྷ་ལ་བརྒྱུད་བསྒྲགས་བྱེད་པ་དེ་ཡིན། མཆོད་སྦྱིན་བྱེད་མཁན་གྱིས་ངག་གི་འདོན་དང་ལུས་ཀྱི་སྟངས་སྟབས་ནི་མིའི་འདོད་པ་བརྒྱུད་བསྒྲགས་བྱེད་པའི་རྟེན་གཙོ་བོར་བྱེད། ཕྱིས་ཀྱི་ཟློས་གར་གྱི་ཁུངས་གཙོ་བོ་ཡང་འདི་ལ་བཅོལ་དགོས་སྙམ། ཟློས་གར་གྱི་རིགས་པ་ལྷའི་ཡུལ་དུ་དར་བའི་བཤད་སྲོལ་ཞིག་ཡོད་པ་ནི། བྷ་ར་ཏ་མུ་ནིས་གསུངས་ལས། སྐྱེ་བོ་ཀུན་ལ་ཟློས་གར་གྱི་རིག་བྱེད་བསྟན་ནས་དབུགས་དབྱུང་བར་བྱའོ་གསུངས་ཏེ་རིག་བྱེད་བཞི་ཡོད་པ་ལས། སྲིད་སྲུང་གི་རིག་བྱེད་ནས་གཏམ་རྒྱུད་དང་། སྙན་ཚིག་གི་རིག་བྱེད་ནས་རྟ་དབྱངས། མཆོད་སྦྱིན་གྱི་རིག་བྱེད་ནས་ལུས་ཀྱི་རྣམ་འགྱུར་དང་གར་གྱི་རོལ་སྟབས། ངེས་བརྗོད་ཀྱི་རིག་བྱེད་ནས་རོའམ་ཉམས་བཅས་བླངས་ཏེ་ཟློས་གར་གྱི་རིག་བྱེད་ཅེས་པ་གཏོད་པར་གྲགས། དེ་རྗེས་ལྷ་ཆེན་དབང་ཕྱུག་གིས་དཎྜ་སྟེ་སྐྱེས་པའི་གར་གྱི་རོལ་སྟབས་དང་ལྷ་མོ་ཨུ་མས་བུད་མེད་ཀྱི་གར་གྱི་རོལ་སྟབས་བཅས་གནང་། ཁྱབ་འཇུག་གིས་ཟློས་གར་གྱི་ཚུལ་བཞི་སོགས་བསྟན་ཅིང་། བཟོ་ཡི་རྒྱལ་པོ་བི་ཤྭ་ཀརྨས་ཟློས་གར་གར་སྟེགས་གསར་དུ་བསྐྲུན། དེ་ནས་ལྷའི་ཡུལ་དུ་ཟློས་གར་འཁྲབ་སྟོན་བྱས་པས་ལྷ་རྣམས་དགའ་མགུ་ཡི་རངས་ཏེ་ཚངས་པ་ཆེན་པོ་ལ་ལེགས་སོ་ཞུས་སོ། །ཞེས 《གླུ་གར་ཚངས་པའི་ཆབ་རྒྱུནནང་གསལ་ལོ། ། ལྷ་ཡུལ་དུ་ཟློས་གར་དར་བའི་བཤད་སྲོལ་འདི་ནི་མིའི་བློ་ངོར་ཤོངས་དཀའ་བའི་གནས་ཤིག་ཡིན་པས། བཤད་རྒྱུན་ཙམ་ལས་དཔྱད་བརྗོད་སྤེལ་བར་སྨྲ་བས་དབེན་པ་ཞིག་རེད། གང་ལྟར་ཟློས་གར་གྱི་འབྱུང་ཁུངས་ནི་ཆེས་དར་སྔ་བའི་རིག་བྱེད་བཞི་ལས་བྱུང་བ་གོང་གི་གཏམ་རྒྱུད་ལས་རྗེས་སུ་དཔག་ནུས། སྤྱི་ལོ་སྔོན་གྱི་དུས་རབས་བཞི་པའི་མཇུག་ཏུ་ཨེ་ལག་གཟན་རྡར་གྱིས་རྒྱ་གར་ལ་བཙན་འཛུལ་བྱས་རྗེས་རྒྱ་གར་ནུབ་ཕྱོགས་སུ་གྷི་རིགས་ཀྱིས་སྲིད་དབང་བཙུགས་པ་རེད། དེའི་རྐྱེན་གྱིས་རྒྱ་གར་གྱི་ཟློས་གར་ནི་གྷི་རིགས་ཟློས་གར་གྱི་ཤུགས་རྐྱེན་འོག་ཏུ་བྱུང་བར་འདོད་མཁན་ཡང་ཡོད།ལེགས་སྦྱར་གྱི་ཟློས་གར་གྲགས་ཅན 《འདམ་བུའི་གྲུ་ཆུང》 ཞེས་པ་དེར་རྣམ་པའི་ཆ་ནས་རྒུ་རིགས་ཀྱི་ཟློས་གར་རྩོམ་པ་པོ་མེ་ནན་ཏིག་གིས་ཟློས་གར་གསར་རྩོམ་གྱི་རྩོམ་གཤིས་དང་འདྲ་བའི་ཕྱོགས་མང་པོ་འདུག་ཅེས་འདོད་མཁན་ཡོད། གྷི་རིགས་ཀྱིས་རྒྱ་གར་ནུབ་ཕྱོགས་སུ་སྲིད་དབང་བཟུང་རྗེས་ཕོ་བྲང་དུ་ཟློས་གར་གྱི་འཁྲབ་སྟོན་བགྱིས་མྱོང་ཡོད་པ་དང་། དེའི་ཤུགས་རྐྱེན་ཀྱིས་རྒྱ་གར་གྱི་སྙན་ངག་པས་རྩོམ་གཤིས་དེར་དཔེ་བྱས་ཏེ་ཟློས་གར་གསར་རྩོམ་གྱི་ལམ་ལ་ཞུགས་པར་བཤད་པ་ནི་ལུང་གིས་དབེན་པའི་རིགས་པའི་རྩེད་མོ་ཞིག་རེད། ཁོ་བོས་ནི་སྔར་བཤད་པ་ནང་བཞིན་རྒྱ་གར་གྱི་ཡུལ་དུ་སྔ་མོ་ནས་མཆོད་སྦྱིན་གྱི་རིགས་པ་ཕུན་སུམ་ཚོགས་པ་ཞིག་དར་ཡོད་པའི་ནང་དུ། ངག་གི་འདོན་དང་ལུས་ཀྱི་སྟངས་སྟབས་ཀྱིས་རྣམ་པས་ལྷ་མཉེས་པར་བྱེད་པའི་ཆོ་ག་ནི་ཟློས་གར་གྱི་ཐོག་མའི་འབྱུང་ཁུངས་ཡིན། དེ་ནས་རིམ་བཞིན་རིག་བྱེད་བཞི་བྱུང་བ་ལས་གྲུབ་ཆ་རེ་བླངས་ཏེ་ཟློས་གར་ཅུང་ཆ་ཚང་བ་ཞིག་གྲུབ་པ་རེད། སྤྱི་ལོ་ཚུགས་ཁ་མའི་སྔ་རྗེས་སུ་བྱུང་བའི 《བྲོ་གར་སྨྲ་བ་ཞེས་པའི་བསྟན་བཅོས》 ནི་རྒྱ་གར་གྱི་ཆེས་སྔ་བའི་ཟློས་གར་གྱི་གཞུང་ལུགས་རེད། བསྟན་བཅོས་འདིའི་གཞུང་ལུགས་ཀྱི་ཞིབ་ཚགས་དང་རྗོད་པ་གང་གི་ཆ་ནས་བལྟས་ན་སྐབས་དེའི་རྒྱ་གར་གྱི་ཟློས་གར་རྩོམ་རིག་ཤིན་ཏུ་དར་རྒྱས་ཆེ་བ་རྟོགས་ཐུབ། མིག་སྔར་ལག་སོན་བྱུང་བའི་ཟློས་གར་གྱི་བསྟན་བཅོས་ཐོག་མ་ནི་ལི་ཡུལ་ནས་རྙེད་པའི་སློབ་དཔོན་རྟ་དབྱངས་ཀྱི་ཟློས་གར་གྱི་བསྟན་བཅོས་གསུམ་ཡོད་པ་དེ་རེད། བསྟན་བཅོས་འདི་གསུམ་ཆ་མི་ཚང་། རྒྱ་གར་གྱི་ལོ་རྒྱུས་སྟེང་དུ་རྟ་དབྱངས་ཞེས་པའི་མིང་འདི་འགའ་བྱུང་ཡོད་པར་བཤད། འདིར་བརྗོད་པའི་རྟ་དབྱངས་ནི་ཚེ་སྟོད་ལ་ཕྱི་རོལ་གྱི་རྟོག་གེ་ལ་བྱང་བ་དང་སློབ་དཔོན་འཕགས་པ་ལྷ་ལས་ཕམ་རྗེས་ནང་པར་ཞུགས་ཏེ་ངག་གི་སྡིག་པ་བཤག་པའི་ཆེད་དུ་སངས་རྒྱས་ལ་བསྟོད་པ་མང་པོ་བརྩམས་པའི་སྙན་ངག་མཁན་གྲགས་ཆེན་དེ་ཡིན། ཁོས་ནང་བསྟན་བརྗོད་བྱ་ཡིན་པའི་བསྟན་བཅོས་མང་པོ་བརྩམས་ཏེ་སངས་རྒྱས་ཀྱི་དགོངས་པ་དྲིལ་བསྒྲགས་བྱེད་པ་དམིགས་སུ་བཟུང་ནས་བསྟན་པ་རྒྱས་པའི་ཆེད་དུ་ཚེ་གང་བོར་རྩོམ་པའི་ལས་ལ་འབད། སྐབས་འདིར་ཟློས་གར་གྱི་ལམ་ནས་ནང་བསྟན་བརྗོད་བྱ་ཡིན་པའི་བསྟན་བཅོས་མཛད་པ་ལ་དམིགས་ན། སྐབས་དེའི་རྒྱ་གར་ཡུལ་དུ་ཟློས་གར་གྱི་རིག་པ་འདིར་མི་མང་པོས་དགའ་མོས་བྱས་ཏེ་འཐུས་ཚང་ཅན་དུ་གྱུར་ཡོད་པ་རྟོགས་ཐུབ། ད་སྐབས་ཉར་ཚགས་བྱས་ཡོད་པའི་ཟློས་གར་གྱི་བསྟན་བཅོས་ཆ་ཚང་བ་ནི་ཕའོ་སོ་ཡིས་བརྩམས་པའི་ཟློས་གར་གྱི་བསྟན་བཅོས་བཅུ་གསུམ་ཡོད་པ་དེ་རེད། བསྟན་བཅོས་འདི་དག་ལ་རྩོམ་མཁན་གྱི་མིང་བཀོད་པ་གཅིག་ཀྱང་མེད། ཕའོ་སོ་ཡིས་བརྩམས་ཆོས་ཡིན་པའི་སྒྲུབ་བྱེད་ནི་ཕྱིས་སུ་བྱུང་བའི་ལེགས་སྦྱར་གྱི་ཟློས་གར་རྩོམ་པ་པོ་ལ་ལས་ཕའོ་སོ་དང་ཁོང་གིས་བརྩམས་པའི་ཟློས་གར་རྨི་ལམ་མྱུལ་བའི་གཏམ་གཉིས་ཀྱི་མིང་གླེང་ཡོད་པས་རེད། བསྟན་བཅོས་འདི་དག་ལ་དམངས་ཁྲོད་ཟློས་གར་གྱི་བབ་ཆགས་རང་བཞིན་ལྡན་ལ། སྙན་ངག་གི་རང་བཞིན་ཆེས་ཆེར་ལྡན་པས། དེ་ནི་དམངས་ཁྲོད་ཀྱི་ཟློས་གར་ནས་རྩོམ་པ་པོས་བརྩམས་པའི་ཟློས་གར་ལ་འཕོ་འགྱུར་བྱུང་བའི་རྟགས་མཚན་ཞིག་ཡིན། སློབ་དཔོན་རྟ་དབྱངས་རྗེས་ཀྱི་དུས་རབས་གསུམ་མམ་བཞིའི་ནང་དུ་བྱོན་པའི་ཕའོ་སོ་ཡིས་བརྩམས་པའི་ཟློས་གར་གྱི་བསྟན་བཅོས་བཅུ་གསུམ་ནི་སྐབས་དེའི་རྩོམ་རིག་བརྩམས་ཆོས་ཀྱི་ཚབ་བྱེད་རྩོམ་རིག་ལ་བཞག་ཆོག དེ་དང་དུས་མཉམ་པར་བྱུང་བའི་ཧྲི་ཐོ་ལོ་ཅ་ཡི 《འདམ་བུའི་གྲུ་ཆུང》 ནི་གནའ་རབས་ལེགས་སྦྱར་ཟློས་གར་ཁྲོད་བརྗོད་བྱ་ཐུན་མོང་མ་ཡིན་པ་ཞིག་ཡིན། དེར་སྤྱི་ཚོགས་གྲལ་རིམ་གྱི་མཐར་འཚོ་སྡོད་བྱེད་བཞིན་པའི་མིའི་འཚོ་བ་བརྗོད་བྱར་བཟུང་བས་དངོས་ཡོད་འཚོ་བའི་གནས་བབ་སུན་འབྱིན་གྱི་རང་བཞིན་ཆེ་ཆེར་ལྡན།
སློབ་དཔོན་རྟ་དབྱངས་ཀྱི་བརྩམས་ཆོས་ལ་ཟློས་གར་གྱི་གྲུབ་ཆ་དག་ཚང་ཡོད་ལ། ཕའོ་སོ་ཡི་ཟློས་གར་གྱི་བསྟན་བཅོས་བཅུ་གསུམ་གྱི་ནང་དུ་གྲུབ་ཆ་དག་སིམ་འཛུལ་སྒོས་བཀོད་སྤྱོད་བྱས་ཡོད། 《འདམ་བུའི་གྲུ་ཆུང》 བྱུང་བ་ནས་ལེགས་སྦྱར་གྱི་ཟློས་གར་བསྟན་བཅོས་ཕྱོགས་ཡོངས་ནས་ཕུན་སུམ་ཚོགས་པར་གྱུར་ཡོད། སྤྱི་ལོའི་དུས་རབས་བཞི་པའི་གཡས་གཡོན་ནི། གནའ་རབས་ལེགས་སྦྱར་རྩོམ་རིག་འཕེལ་རྒྱས་ཀྱི་ཡང་རྩེར་སོན་པའི་སྐབས་ཡིན་ལ། དེ་དུས་སུ་སློབ་དཔོན་ནག་མོ་ཁོལ་བྱོན་པ་ཡིན། གནའ་དེང་གི་མཁས་པ་ཡོངས་མགྲིན་མཐུན་པར་ཁོའི་བརྩམས་ཆོས་ནི་ལེགས་སྦྱར་རྩོམ་རིག་དར་བའི་རྩེ་མོར་སོན་པའི་རྟགས་མཚན་དུ་བཞེད། ལོ་ངོ་སྟོང་ཕྲག་དུ་མའི་རིང་ཁོའི་བརྩམས་པའི 《སྤྲིན་གྱི་ཕོ་ཉ》 དང 《བྱ་ལེན་མའི་ཟློས་གར》 ནི་རྒྱ་གར་གྱི་མིས་ལེགས་སྦྱར་གྱི་བསྟན་བཅོས་སྦྱངས་སྐབས་ངེས་ཀློག་གི་དཔེ་ཐོ་རུ་བཟུང་ཡོད། དེ་ལས 《བྱ་ལེན་མའི་ཟློས་གར》 ནི་སྙན་དངགས་ཀྱིས་བཅིངས་པའི་གར་སྟེགས་གླེང་བརྗོད་དང་ཐུན་མོང་མ་ཡིན་པའི་མཛེས་པའི་ངག་གིས་ལེགས་པར་བརྒྱན་པས་ལེགས་སྦྱར་ཟློས་གར་གྱི་བསྟན་བཅོས་ཀུན་ལས་མཆོག་ཏུ་གྱུར་པར་བརྩི་རིགས་ཏེ། སློབ་དཔོན་ནག་མོ་ཁོལ་འཚོ་སྡོད་སྐབས་ཀྱི་གུཔྟའི་རྒྱལ་རབས་ནི་གནའ་རབས་ལེགས་སྦྱར་རྩོམ་རིག་འཕེལ་རྒྱས་ཀྱི་རྩེ་མོར་སོན་ཡོད་ན། དེའི་རྗེས་ཀྱི་དུས་རབས་གཉིས་ལྷག་གི་རིང་བྱོན་པའི་རྒྱལ་པོ་ཚུལ་ཁྲིམས་ཉི་མ་དང་པོ་ཕོ་ཕའོ་ཐའེ། པའེ་ཧྲི་ཆི་ཏ་ཏོ་བཅས་ནི་ལེགས་སྦྱར་རྩོམ་རིག་འཕེལ་རྒྱས་ཀྱི་རྗེས་བསྲིངས་བའི་ཕུལ་བྱུང་གི་རྩོམ་རིག་མཁན་པོར་བགྲང་ཆོག དུས་རབས་བདུན་པའི་སྐབས་ཀྱི་རྒྱལ་པོ་ཚུལ་ཁྲིམས་ཉི་མ་ནི་ཟློས་གར་རྩོམ་མཁན་ཞིག་ཡིན། རྩོམ་པ་པོའི་ཐོབ་ཐང་གི་དབང་གིས། ལ་ལས་ཁོང་གི་བསྟན་བཅོས་འདི་དག་མི་གཞན་གྱིས་བརྩམས་པར་བཤད། དུས་རབས་བརྒྱད་པའི་ནང་དུ་བྱོན་པའི་ཟློས་གར་རྩོམ་པ་པོ་པོ་ཕོ་ཕའོ་ཐའེ་ནི། ལེགས་སྦྱར་ཟློས་གར་རྩོམ་རིག་ཁྲོད་དུ་སློབ་དཔོན་ནག་མོ་ཁོལ་གྱི་ཞོལ་དུ་བགྲང་ཆོག་པའི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན། ད་སྐབས་མཇལ་ཐུབ་པའི་ཁོའི་བརྩམས་ཆོས་གསུམ་ཡོད། ཁོ་ནི་དམའ་རིམ་སྤྱི་ཚོགས་ནས་ནར་སོན་པ་ཞིག་ཡིན་ལ། ཁོང་གི་བསྟན་བཅོས་དག་ཏུ་དམའ་རིམ་སྤྱི་ཚོགས་ཁྲོད་གནས་པའི་འཚོ་བའི་དཀའ་ངལ་དང་། གྲལ་རིམ་སྤྱི་ཚོགས་ལ་རྒོལ་བའི་བསམ་བློ་སོགས་བླ་ལྷག་ཏུ་མཚོན་ཡོད། ཁྱད་ཆོས་དེ་ནི་གནས་རབས་ལེགས་སྦྱར་ཟློས་གར་ཁྲོད་ཆེས་དཀོན་པའི་ནང་དོན་ཞིག་ཡིན། པོ་ཕོ་ཕའོ་ཐའེ་རྗེས་སུ་གནའ་རབས་ལེགས་སྦྱར་ཟློས་གར་ཁྲོད་དུ་འཐུས་ཚབ་རང་བཞིན་གྱི་བསྟན་བཅོས་ཤིག་མ་བྱུང་ལ། བསམ་བློ་དང་། སྒྱུ་རྩལ་ཕྱོགས་གང་གི་ཆ་ནས་ཀྱང་རིམ་བཞིན་འགྲིབ་པའི་ལམ་ལ་ཕྱོགས་ཏེ་གནའ་རབས་ལེགས་སྦྱར་ཟློས་གར་གྱི་འོད་སྟོང་འབར་བའི་དུས་རབས་རྫོགས་སོ། །