རྩོམ་པ་པོ།   བློ་བཟང་ཚེ་སྒྲོན།  ཡིག་བསྒྱུར།       དུས་ཚོད།   2013-04-13   རྩོམ་ཁུངས།   
འཛམ་གླིང་གི་སྙན་ངག་ཀུན་ལྟར་བོད་ཀྱི་སྙན་ངག་གི་གཞི་འདིང་ས་ཡང་དམངས་ཁྲོད་ཀྱི་འཚོ་བ་ཡིན། ཡང་བོད་སྔ་རབས་ཀྱི་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་པའི་སྒྲུང་གི་ནང་དུ་ཚིགས་བཅད་འདུས་པ་ནི་རྗེ་བློན་གྱི་མགུར་ལྟ་བུ་དང་།ལྡེའུའི་སྲིད་པ་ཆགས་གླུ་དང་ཨ་མཚར་མཚར་དགུ་སོགས་ཀྱིས་རང་བྱུང་ཚན་རིག་ལ་ཞིབ་དཔྱོད་བྱས། ད་དུང་མཛའ་བརྩེ་མཚོན་པའི་དམངས་གཞས་སོགས་ཀྱིས་སྙན་ངག་མེ་ལོང་མ་བོད་དུ་མ་དར་གོང་བོད་ལ་སྙན་ངག་ཡོད་པ་བདེན་དཔང་བྱས།
འོ་ན་བོད་ཀྱི་མཁས་པའི་སྙན་ངག་ཅེས་པ་འདི་ཐོག་མར་རབ་བྱུང་བཞི་པའི་དུས་འགྲོ་མགོན་འཕགས་པའི་སྐུ་རིང་ལ་སྙན་ངག་མེ་ལོང་མ་བོད་དུ་བསྒྱུར་པ་ནས་བཟུང་དར་ཞིང་འཕེལ་བ་ཞིག་ཡིན་ལ། དེ་དག་གི་མཚོན་བྱེད་ནི་རྟོགས་བརྗོད་དང་། བསྟོད་ཚིག སྨོན་ལམ་སོགས་ཚིགས་བཅད་རྐང་བཞིའི་རྣམ་པས་སྤེལ་བའི་མཁས་པའི་སྙན་ངག་དག་ཡིན། འདིར་ཚིགས་བཅད་སྙན་ངག་གི་སྐོར་རོབ་ཙམ་གླེང་བ་ལ།
གཅིག ཚིགས་བཅད་ལུས་ཀྱི་རྣམ་པ།
1.ཚིགས་བཅད་རྐང་པའི་ཚེག་བར། ཚིགས་བཅད་རྐང་པའི་ཚེག་བར་ལ༎དྲུག་ནས་ཉེར་བདུན་བར་དུ་སྦྱར༎ཅེས་གསུངས་པ་འདི་ནི་མེ་ལོང་མའི་ལུགས་ལྟར་ཡིན་ལ།བོད་རྣམས་ཀྱི་ཆེས་ཐུང་བའི་ཚིགས་བཅད་རྐང་པ་ཚེག་བར་གསུམ་ཅན་ཡང་ཡོད་དེ། དཔེར་ན། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས། ནམ་མཁའ་ལྟར༎ཐུགས་ཡངས་པའི༎གུ་རུ་མཁྱེན༎ཆོས་དབྱིངས་ཀྱི༎ ཞེས་སོགས་ལྟ་བུ་དང་། ཚེག་བར་ཆེས་རིང་བ་ནི་ཉེར་བདུན་ཅན་ཡིན་ཞེས་སྙན་ངག་མེ་ལོང་དུ་གཏན་འབེབས་བྱས་ཡོད་ལ། ཚེག་བར་བཞི་བཅུ་ཅན་ཡང་མཁས་པ་རྣམས་ཀྱིས་བྲིས་པ་མཐོང་རྒྱུ་ཡོད།
2.ཚིགས་བཅད་ལུང་ལ་གྲགས་པ་ཅན། དེ་ནི་ཚིག་རྐང་ཤོ་ལོ་ཀ་ཡིས་མ་བཅད་པར་ཚིག་རྐང་གསུམ་རེ་མཚམས་རེ་དང་། ཡང་ན་ཚིག་རྐང་དྲུག་གམ་བདུན་རེས་མཚམས་རེ་སྟོན་པ་དེ་ལ་སྟེ། དཔེར་ན། མི་དབང་རྟོགས་བརྗོད་ལས། ལ་ལ་ཚེར་མའི་རེག་བྱ་ནི༎ཕྲ་མོའི་ལུས་ལ་གནོད་འགྱུར་ཀྱང་༎གདུང་བ་མི་བཟོད་འཁུན་པའི་སྒྲ༎ཉམ་ཐག་བཞིན་དུ་འབྱིན་བྱེད་ལ༎ལ་ལ་མཚོན་ཆས་ལུས་རྨས་ཏེ༎མི་བཟོད་ཟུག་རྔུ་དྲག་པོ་ཡིས༎མནར་ཡང་ཇི་མི་སྙམ་བྱས་ཏེ༎དགྲ་ལ་རྒོལ་བ་མཚར་དུ་ཆེ༎ཞེས་པ་ལྟ་བུ་ནི་ཚིག་རྐང་བརྒྱད་པོ་ཕན་ཚུན་ཕྲད་ཀྱིས་སྦྲེལ་བས་ཤོ་ལོ་ཀའི་དབྱེ་བ་འབྱེད་མི་ནུས་པར་བརྗོད་བྱ་གཅིག་ཚིག་རྐང་བརྒྱད་ཀྱིས་བསྟན་པ་ཡིན། འདི་ལྟ་བུ་ཚིགས་བཅད་ལུང་ལ་གྲགས་པ་ནི་མགུར་གླུ་དང་དམངས་གླུ་ལ་དར་ཆེ།
3.སྡེབ་སྦྱོར་མཁན་ལ་གྲགས་པ་ཅན། ཚིག་རྐང་བཞི་རེས་ཤོ་ལོ་ཀ་རེ་དང་། ཤོ་ལོ་ཀ་རེ་དུམ་མཚམས་རེ་གྲུབ་པས། དུམ་མཚམས་དུ་མས་བརྗོད་དོན་རེ་སྟོན་པའི་རྣམ་པ་སྟེ། དཔེར་ན། མི་དབང་རྟོགས་བརྗོད་ལས། གང་ཞིག་སྔོན་ཆད་ཕན་པ་བརྒྱས༎རེ་བ་རྫོགས་པའི་དྲིན་ལྡན་ལའང་༎ཕྱི་ནས་བརྙས་པར་བྱེད་པ་ཡི༎ངན་པའི་རྣམ་ཐར་གཅིག་མིན་མང་༎དམ་པ་བྱས་པ་ཆུང་ངུ་ཡང་༎སྙིང་ནས་འདོར་བ་མི་སྲིད་པས༎དེ་ལ་དྲིན་གཟོའི་དམ་བཅའ་ནི༎ སྲོད་དང་ལྷན་དུ་འཛིན་པར་བྱེད༎ཕལ་ཆེར་རེ་བ་ལྡན་པའི་དུས༎གཉེན་གྲོགས་ཤིན་ཏུ་མང་བ་སྟེ༎ གལ་ཏེ་ཉམས་ཉེས་གྱུར་པའི་ཚེ༎ཕན་པ་སྒྲུབ་པ་ལྷག་པར་ཉུང་༎ གང་གི་མངོན་མཐོ་སྤྱོད་པའམ༎དམན་པ་ཉམས་མཐའ་ལྷུང་ན་ཡང་༎གཅིག་ཏུ་མཛའ་བའི་འཆིང་བ་ནི༎མི་འདོར་དམ་པ་ཁོ་ནའི་ལུགས༎ཞེས་ཤོ་ལོ་ཀ་རེས་དོན་རེ་བྱས་ནས་དོན་ཆེན་གཅིག་རྫོགས་པར་བྱས་པ་ནི་སྡེབ་སྦྱོར་མཁན་ལ་གྲགས་པའི་ལུགས་སོ༎
གཉིས། སྙན་ངག་གི་རྒྱན་གྱི་སྐོར།
སྙན་ངག་གི་རྒྱན་ལ། དོན་རྒྱན་སྒྲ་རྒྱན་གབ་ཚིག་གི་རྒྱན་ཏེ་རྣམ་པ་གསུམ་གྱིས་བསྟན་ལ། བོད་ལྟར་ན་ཐུན་མིན་ཅན་ཀཱ་ལིའི་ཕྲེང་བར་བསྟར་བའི་ཚིག་རྒྱན། དཔེར་ན། ཀ་ཡེ་བློ་གསལ་དོན་མཐུན་ཉ་མའི་ཚོགས༎ཁ་སང་བསླབས་པའི་སློབ་ཚན་ཇ་ཡི་རོ༎ག་ལེར་མྱངས་པའི་མྱོང་ཚོར་ཆ་ཤས་ཙམ༎ང་ཡི་ངག་བཞིན་ངག་གི་ཅ་ཅོ་སློངས༎ཞེས་པ་ལྟ་བུ་དང་། ཡང་། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན་སོགས་ཀྱི་རྣམ་གྲངས་སྦྱར་ནས་སྤེལ་བ་ཡོད་དེ། དཔེར་ན། གཏམ་འདི་སྲིད་པའི་ཚ་གདུང་སེལ་བའི་གདུགས༎ སྨྲ་མཁས་ཡོངས་ཀྱི་མགྲིན་པར་ཆོས་ཀྱི་དུང་༎སྐལ་བཟང་ཡིད་ལ་དགེ་མཚན་དཔལ་བེའུ༎ལྟ་བུ་བཀྲ་ཤིས་རྟགས་བརྒྱད་ཀྱི་རྣམ་གྲངས་དག་གཟུགས་རྒྱན་དུ་བཀོད་པའོ༎
འདིར་ཐོག་མར་རྒྱན་ལ་འཇུག་པའི་སྐབས་སུ། རྒྱན་གྱི་མཚན་ཉིད་དང་བསྟུན་ནས་མཚན་གཞི་དཔེ་བརྗོད་འཇོག་རྒྱུ་ནི་རྟ་ཕོ་སྒྲོག་འགྲོས་ལྟ་བུ་སྟེ། དེ་ནི་སྦྱོང་རྡར་གྱི་གནས་སྐབས་ཡིན། དེ་ནས་སྙན་ངག་དངོས་འབྲི་བའི་སྐབས་ལ་ཚིགས་བཅད་ཤོ་ལོ་ཀ་གཅིག་གི་ནང་དུ་རྒྱན་འདྲ་མིན་དུ་མ་འདྲེས་ཀྱང་ཆོག་པ་སྟེ། དེ་ནི་རྟ་ཕོ་སྒྲོག་ལས་ཐར་བའམ་མཁའ་ལྡིང་སྒོ་ང་ལས་གྲོལ་བ་ལྟ་བུ་རྣམ་དཔྱོད་ཡངས་པའི་ཚུར་མཚོན་ཡིན་པ་ནི། དོན་རྒྱན་ནང་གསེས་སོ་བཞི་པ་རབ་སྤེལ་གྱི་རྒྱན་གྱིས་ར་སྤྲོད་བྱས་ཡོད། རྒྱན་རྣམས་བསྲེ་མ་སྤེལ་ཚུལ་བསྟན་པ་ལ། དཔེར་ན། རབ་བརྗིད་ཏི་སེ་གངས་ཀྱི་ལྷ་ཡི་ལམ༎རབ་མཛེས་ཐོར་ཅོག་བྱས་ནས་ཟུར་མིག་གིས༎ རབ་སྙན་རྒྱུད་མངས་སྒྲོག་ལ་ལྟ་བྱེད་ན༎རབ་དཀར་ལྷ་མོ་ཁྱོད་དང་མཚུངས་པར་འགྱུར༎ ཞེས་སྒྲ་རྒྱན་དང་དཔེ་རྒྱན་བསྲེས་པ་ལྟ་བུ་དང་། ཡང་ན། ཞེ་སྡང་ཆུ་ཡིས་ཁྱེར་བ་དེ༎ཚིག་གི་ཆར་ཆུ་མི་འདོད་དེ༎ སོས་ཀའི་ཚ་བས་གདུང་བ་ནི༎མེ་ཡི་འོད་དང་འགྲོགས་པ་མིན༎ ཅེས་གཟུགས་རྒྱན་དང་ཟླ་བོ་དངོས་པོའི་དཔེ་བསྲེས་ཏེ་རབ་ཏུ་སྤེལ་བའོ༎
སྙན་ངག་ལེགས་པོ་ཞིག་གི་ཉམས་ཐོན་པར་བྱ་བ་ལ། སྙན་གཞུང་ཁྲོད་ཀྱི་རྒྱན་སྦྱོར་སྟངས་མ་ཟད། ད་དུང་འཚོ་བ་དངོས་ལ་ཟབ་ཞུགས་དང་རྒྱུས་ལོན་བྱ་རྒྱུ་ནི་ཆེས་གལ་ཆེན་ཞིག་སྟེ། དོན་རྒྱན་གྱི་སྐབས་སུ་ཐོག་མར་རང་བཞིན་བརྗོད་པའི་རྒྱན་གྱི་འབྲི་ཚུལ་བསླབ་པ་ནི་དངོས་པོའི་རིགས་དང་། བྱ་བ། ཡོན་ཏན། རྫས་བཅས་ལ་རྒྱུས་ལོན་ལེགས་པོ་ཡོང་ཆེད་ཡིན་ལ། དེ་ནི་རྩོམ་འབྲིའི་གཞི་རྩ་ཡིན་པ་ཤུགས་བསྟན་བྱས། ཡང་སྙན་ངག་ནི་བསམ་པའི་ཚོར་རྟོག་ཐད་ཀར་བརྗོད་བྱེད་ཡིན་པས། དེ་ནི་དབང་ལྔས་ཡུལ་ལྔ་མཐོང་ཚུལ་ཞིབ་མོ་འབྲི་རྒྱུ་ནི་ཚོར་རྟོག་ཟབ་མོ་མཚོན་བྱེད་ཀྱི་ལག་ཆ་གཙོ་བོ་ཡིན་པས། གཟུགས་སྒྲ་དྲི་རོ་རེག་བྱ་མེད་པའི་རྩོམ་ནི་བྲོ་བ་མེད་པའི་རྩོམ་ཡིན་པས། དེའི་ཐད་ལ་ཡིད་འཇོག་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཞིག་སྟེ། དཔེ་མཚོན་ཙམ་བཀོད་ན། ངུར་སྨྲིག་རྒྱལ་མཚན་འཛིན་པའི་སྡེ་བ་ན༎ཕན་བདེའི་དུང་གི་སྒྲ་དབྱངས་མཚམས་མི་ཆད༎ཅེས་པ་ལྟ་བུ་ནི་དགོན་པའི་ཆོས་ཚོགས་ཤིག་གི་རྣམ་པ་བྲིས་པ་ཡིན་ལ། འདིའི་ནང་གཙོ་བོ་ཁ་དོག་དང་སྒྲ་ཡིས་སྐྱེད་པའི་ཚོར་བ་བསྟན་ཡོད། ཡང་ན། ལྷག་བསམ་སྤོས་ཀྱི་དྲི་བསུང་འཐུལ་བ་ཡི༎བྱང་ཆུབ་ལྗོན་པའི་བསིལ་གཡབ་ཉམས་མེད་ཤར༎ལྟ་བུ་ནི་དྲི་དང་རེག་བྱའི་སྒོ་ནས་སྐབས་བབ་ཀྱི་ཚོར་རྟོག་མཚོན་པར་བྱས། ཡང་ན། ཡིད་ལ་བུད་ཤིང་མེད་ན་ཡང་༎སྡུག་བསྔལ་མེ་ཆེན་རབ་འབར་ཞིང་༎ལྟ་བུས་ཡིད་ཀྱི་ཚོར་བ་དེ་ཚ་གདུང་གི་རེག་བྱས་མཚོན་པ་ཡིན། ཡང་ན། དཀར་གསལ་བཅོ་ལྔའི་ཟླ་བ༎མི་ཤར་རྒྱུ་མཚན་ཅི་ཡིན༎ནུབ་ཕྱོགས་སྲིན་པོའི་གླིང་ན༎ཟླ་འཛིན་ཡོད་པ་མིན་ནམ༎ཞེས་པ་ནི། སེམས་ཀྱི་དྲན་གདུང་དེ་དངོས་པོ་ཞིག་ལ་བཅོལ་བའི་འབྲི་ཐབས་ཏེ། དེ་ནི་བསྡུས་བརྗོད་ཀྱི་རྒྱན་གྱི་ཁོངས་སུ་གཏོགས་པ་ཡིན། དེ་བས་སྙན་ངག་གི་རྒྱན་གྱི་རྣམ་པ་ཇི་འདྲ་ཞིག་ཡིན་ཡང་དེས་སྐབས་བབ་ཀྱི་ཚོར་རྟོག་ཚུར་མཚོན་བྱེད་ཐབས་ཞབས་ཞུ་བསྒྲུབ་དགོས་པ་ཡིན།
གསུམ། སྙན་ངག་གི་སྲོག་གི་གོ་དོན།
སྲོག་གི་དབང་པོ་མ་ཞུགས་ན༎ མི་རོ་བཟང་ཡང་སུ་ཞིག་ལེན༎ ཞེས་གསུངས་པ་ལྟར། རྩོམ་རིག་ནི་སྤྱི་ཚོགས་ཀྱི་འཚོ་བ་ཚུར་མཚོན་གྱི་ཐབས་ལམ་མམ་ཡིད་ཀྱི་ཚོར་རྟོག་མཚོན་པའི་བརྡ་རིས་ཏེ། བརྗོད་བྱ་རི་དང་རྒྱ་མཚོ་ཉི་ཟླ་སོགས་གང་ཡིན་ཡང་། ཁ་བ་ནག་པོ་འབབ་ཀྱང་སྲིད། ཅེས་པ་ལྟར། རྩོམ་པ་པོའི་ཁྱད་པར་གྱི་དབང་གིས་དེ་དག་ལ་ལྟ་ཚུལ་འདྲ་མིན་འབྱུང་བ་ཡོད་པས་བརྗོད་བྱ་གཅིག་ལ་སྲོག་ཐ་དད་ཞུགས་པ་ཡིན། དེ་ནི་དཔེར་ན་སེམས་ཁམས་སྐྱིད་པོ་ཅན་གྱི་མི་ཞིག་ལ་མཚོན་ན་ཉི་མའི་འོད་ཟེར་ཤར་བ་དེ་བདེ་སྐྱིད་དུ་སྣང་ལ། སེམས་ཁམས་སྐྱོ་གདུང་གིས་ཁེངས་པ་ཅན་ཞིག་ལ་སྐབས་དེའི་ཉི་མའི་འོད་ཟེར་ནི་ཚ་གདུང་གི་སྡུག་བསྔལ་ལྟ་བུ་ཞིག་སྣང་སྲིད་པས། བརྗོད་བྱ་གཅིག་ལ་སྲོག་ཐ་དད་ཡིན་པའི་རྒྱུ་མཚན་ཡང་དེ་ཡིན་ནོ་སྙམ་མོ༎འདིའི་ཐད་ལ་མཁས་པ་རྣམས་བཞེད་པ་མི་མཐུན་པ་འགའ་རེ་ཡོད་པས་རིག་པས་དཔྱད་པ་ཞིབ་ཏུ་བྱ་རྒྱུ་གལ་ཆེ་ལ། ཁོ་མོས་ནི་རང་གི་འདོད་ཚུལ་ཙམ་བརྗོད་པ་ཡིན།
མདོར་ན། ང་ཚོས་སྙན་ངག་འབྲི་སྦྱོང་གི་ཁྲོད་དུ་མཁས་པའི་བརྡ་ཆད་ཀྱིས་བཅིངས་ཤིང་སྡེབ་སྦྱོར་རིག་པའི་ཚངས་ཐིགས་ལས་དྲངས་པའི་མེ་ལོང་མའི་འགྲོས་དང་བསྟུན་ནས་སྒྱུ་རྩལ་གྱི་བྲོ་གར་བསླབ་པ་ལ། ད་དུང་བོད་སྔ་རབས་ཀྱི་རྩོམ་རིག་དང་དམངས་ཁྲོད་ཀྱི་གླུ་གཞས་མགུར་གསུམ་གྱི་བཅུད་ཀྱིས་ཤ་ཐང་རྒྱས་པར་བྱ་རྒྱུ་ནི་མི་རིགས་རང་གི་ཁྱད་ཆོས་འཛིན་ཚུལ་ཡིན་ལ། མི་རིགས་གཞན་གྱི་སྙན་ངག་འབྲི་སྲོལ་གསར་དར་ཅན་ལ་ལྟད་མོ་ལྟ་རྒྱུ་ཡང་རང་ཉིད་མཐོང་རྒྱ་ཇེ་ཆེར་འགྲོ་བའི་ ཐབས་ཡིན་པས། ཐབས་མང་གང་ལེགས་ཀྱིས་རྩོམ་རིག་སྒྱུ་རྩལ་གྱི་དགའ་ཚལ་དབྱར་གྱི་དཔལ་ལ་འབད་རྒྱུ་ནི་རྩོམ་རིག་ལ་དགའ་ཞེན་ཆེ་བ་དག་གི་ཕྲག་ལ་བབ་པའི་འོས་འགན་ཡིན་ནོ་སྙམ་མོ༎