2012ལོ་དང་འབྲེལ་བའི་རྩོམ་རིག་གི་སྣང་ཚུལ་འགའ།

རྩོམ་པ་པོ།   རེ་རྐང་གླིང་།  ཡིག་བསྒྱུར།       དུས་ཚོད།   2013-04-13   རྩོམ་ཁུངས།   

       ང་ཚོ་མི་སུ་དང་སུ་ཞིག་ཡིན་ཡང་རང་ཉིད་གང་ནས་འོངས་ཤིང་གང་ལ་འགྲོ་བ་དང་། རང་ཉིད་སུ་ཞིག་ཡིན་པའི་སྐོར་ལ་མནོ་བསམ་གཏོང་ཤེས་པའི་དུས་དེ་ནས་བཟུང་སྟེ། ཤེས་མིན་ཚོར་མིན་དུ་མཚན་ཉིད་རིག་པའི་བསྡོམས་ཚིག་ཆེན་པོ་ཞིག་གི་ཁྲོད་དུ་གོམ་པ་སྤོས་ཚར་ཞིང་། བསམ་བློ་གཏོང་མཁས་མིན་དང་ཡི་གེ་འབྲི་ཤེས་མིན་གྱི་དབྱེ་བ་མེད་པར་ཆུང་བྱིས་པ་ནས་རྒན་མགོ་དཀར་གྱི་བར་དུ་བྱིས་སྒྲུང་དང་གནའ་གཏམ། སྒྲུང་གཏམ་དང་གློག་བརྙན། ཐ་ན་སྙན་ངག་སོགས་ལ་རོལ་མྱོང་དང་དགའ་མོས་བྱེད་པའི་བློ་དེ་སྐྱེས་ཤིང་། སྣང་ཚུལ་དེས་རྦད་དེ་མི་ཞིག་གི་སེམས་ཀྱི་འཁྱེར་སོ་དང་བསམ་བློའི་ཁྱབ་ཁོངས་ལ་ཤན་ཞུགས་ཐེབས་པ་ནས་འགྱུར་ལྡོག་འབྱུང་བཞིན་ཡོད་པ་རེད། 
       ལྷག་པར་དུ་ད་ལྟའི་བརྡ་འཕྲིན་དུས་རབས་ཀྱི་བར་གླགས་འདི་ནས་བལྟས་ན། ཞིང་གྲོང་དང་འབྲོག་སྡེའི་མང་ཚོགས་དག་གིས་ཀྱང་བརྙན་འཕྲིན་ཟློས་གར་སོགས་ཀྱི་འཁྲབ་ཚིག་རྒྱུན་ལྡན་འཚོ་བའི་ཁྲོད་དུ་བཤད་བཞིན་ཡོད་ལ། ཟབ་ཅིང་གནད་ལ་ཁེལ་བའི་ངག་ཚིག་དེ་དག་གིས་སྐད་རྒྱག་པ་པོ་རང་ཉིད་ལ་རྩོམ་རིག་དང་འཚོ་བ་དངོས་ཀྱི་འབྲེལ་བ་དེ་ཕྱོགས་ཙམ་ངེས་སུ་བཅུག་པ་ནས། སྒྱུ་རྩལ་རྩོམ་རིག་ལ་འཛིན་པའི་ལྟ་ཚུལ་དེ་ཡང་རྟ་མོག་མོག་གི་སྤུ་བཞིན་མ་ཡིན་པར། མཚར་སྣང་དང་སློབ་སྦྱོང་བྱ་འདོད་པའི་གནས་བབ་ཏུ་ འཕྲོས་ནས་ཡོད་པ་རེད། 
      དེ་ལ་ཡང་ཤིག་སི་ཕེར་གྱི (莎 士 比 亚)   དུས་སྐབས་སུ་དབྱིན་ཇིའི་རྒྱལ་ཁོངས་ཧྲིལ་བོའི་སྐད་བརྡ་དེ་གར་སྟེགས་སྟེང་གི་འཁྲབ་ཚིག་དང་དབྱེར་མེད་པར། ཕན་ཚུན་ལ་ཉམས་བཟོ་དང་བཅས་དབྱངས་ལ་འགུག་པ་ཞིག་ཆགས་མྱོང་བ་ལོ་རྒྱུས་ཀྱི་དཔེ་དེབ་རྣམས་སུ་གསལ་བ་དེ་བཞིན། རླབས་ཆེན་གྱི་མི་རིགས་ཤིག་དང་ཡང་ན་རླབས་ཆེན་གྱི་དུས་རབས་ཤིག་ལས། རླབས་ཆེན་གྱི་རྩོམ་པ་པོ་ཞིག་གིས་དུས་སྐབས་དེའི་སྐྱེ་བོ་ཡོད་དོ་ཅོག་གི་བསམ་པའི་སྟངས་འཛིན་དང་། འཚོ་བའི་གོམས་གཤིས། སྐད་བརྡའི་འགྱུར་བ་སོགས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་སྲིད་པ་མངོན་གསལ་ཡིན་ཏེ། ཧྥ་རན་སེའི་རྩོམ་པོའི་ཁྱུ་མཆོག་ཕུའུ་ལུའུ་སེ་ཐའེ(普鲁斯特)ཡི་སྒྲུང་རིང་གྲགས་ཅན《རྒྱུག་ཆུ་བཞིན་གྱི་ལང་ཚོའི་དྲན་ཐོ 》(追忆似水年华)ཞེས་པ་དེ་ད་ལྟའི་ཧྥ་རན་སིའི《དག་ཡིག་གསར་བསྒྲིགས》ལྟ་བུར་གྱུར་བ་དག་གིས་ཀྱང་མཚོན་ནས་ཡོད་པ་རེད། 
       ཚུལ་དེ་བཞིན་རང་རེའི་བོད་འདི་ལ་མཚོན་ནའང་། གནའ་བོའི་དུས་ནས་བཟུང་སྟེ་སྒྲུང་ལྡེའུ་བོན་གསུམ་གྱིས་རྒྱལ་ཁམས་སྐྱོང་བའི་བླ་མེད་ཀྱི་སློབ་གསོ་རྒྱག་སྟངས་ནས་བཙན་པོའི་དུས་སྐབས་ཀྱི་མགུར་དང་། རྡོ་རིང་གི་ཡིག་གེ དྲིལ་བུའི་ཁ་བྱང་དང་ཤོག་དྲིལ་བཅས་ཕྱིས་སུ 《མེ་ལོང་མ》 ཡི་གཞུང་དར་བ་སོགས་གང་ཡིན་ཡང་སྒྱུ་རྩལ་རྩོམ་རིག་གི་ངོ་བོ་དང་ཉེ་བར་འབྲེལ་ནས་ཡོད་པ་དེས། རང་རེའི་མི་རིགས་འདིའི་ཤ་རུས་ཀྱི་གཏིང་མར་གྲུབ་པའི་འདུ་ཤེས་ཀྱི་ཀློང་ཡངས་པོ་དེ་ན་སྒྱུ་རྩལ་རྩོམ་རིག་གི་ཤན་དེ་ཆུ་ལ་ཆུ་བཞག་གི་དཔེ་བཞིན་གདོད་མ་ནས་ཞུགས་ཡོད་དེ། འདུ་ཤེས་དེས་བསྐྱེད་པའི་སྒུལ་ཤུགས་སམ་སྩོལ་བ་དེས། རང་ཅག་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དེ་ཡང་འཛམ་གླིང་གི་མི་རིགས་གཞན་རྣམས་དང་དཔུང་བ་མཉམ་གཤིབ་སྒོས་འཕེལ་རྒྱས་ཀྱི་ལམ་ཁར་བུད་ཡོད་ཅིང་། ལོ་ཟླའི་འཕེལ་འགྲིབ་ཀྱི་གཟུང་ཁ་རྣོན་པོ་དེས་ལོ་རེ་རེ་བཞིན་རྣམ་པ་དང་ནང་དོན་མི་འདྲ་བའི་སྒྱུ་རྩལ་གྱི་འཇིག་རྟེན་ཞིག་སློང་སྐྲུན་བྱས་ནས་ཡོད་པས་ན། 
        འདིར་སྐབས་བབ2012ལོའི་རྩོམ་རིག་གི་སྣང་ཚུལ་དང་ཉེ་བར་འབྲེལ་བའི་བྱ་དོན་འགའ་ཞིག་གླེང་བ་ལ། 
        དང་པོ། རྩོམ་རིག་བྱ་དགའ། 
       རྩོམ་རིག་བྱ་དགའ་ལ་དབྱེ་ན་ཚོགས་པའི་མིང་ཐོག་ནས་སྤྲོད་པའི་བྱ་དགའ་དང་ཚགས་དེབ་ཀྱི་མིང་ཐོག་ནས་སྤྲོད་པའི་བྱ་དགའ། མི་སྒེར་གྱི་མིང་གིས་མཚོན་པའི་བྱ་དགའ་སོགས་རིགས་མང་པོ་ཞིག་ཡོད་ནའང་། གལ་ཆེ་བ་ནི་ཐོག་མར་རྩོམ་ཡིག་བརྩམས་ཆོས་ལེགས་པོ་ཞིག་བྱུང་བའི་ཆ་རྐྱེན་གྱི་འོག་ཏུ་ད་གཟོད་ངེས་པ་དོན་གྱི་བྱ་དགའ་ཞིག་སྩོལ་བ་མ་གཏོགས། བརྩམས་ཆོས་ཀྱི་གཞི་མ་གྲུབ་པར་བྱ་དགའ་སྔོན་ལ་སྟེར་བའི་དཔེ་ཞིག་མི་སྲིད་པར་སྣང་། དེ་བཞིན་རྩོམ་རིག་བྱ་དགའ་དེའི་བྱུང་འཕེལ་གྱི་ལོ་རྒྱུས་དང་བརྩམས་ཆོས་ཀྱི་ལེགས་ཉེས་དེས། རྩོམ་རིག་བྱ་དགའ་དེ་ཉིད་ཀྱི་ཚད་གཞི་མཚོན་གྱིན་ཡོད་ལ། མཚན་སྙན་དེ་དུས་ཀྱི་འགྱུར་ལྡོག་ལྟར་རིམ་བཞིན་རྩོམ་རིག་བརྩམས་ཆོས་ལ་འཛིན་པའི་ཚད་ཤིང་དུའང་འགྱུར་གྱིན་ཡོད་པ་རེད། དཔེར་ན་འཛམ་གླིང་གི་རྩོམ་རིག་འཕེལ་རྒྱས་ཀྱི་ངོས་ནས་བཤད་ན་ནའོ་པེར་རྩོམ་རིག་བྱ་དགའ་ནི་ཆེས་མཐོའི་ཚད་གཞིའམ་རྩོམ་པ་པོ་སྒེར་གྱི་བླ་གནས་སུ་གྱུར་ཡོད་པ་དེ་བཞིན་ཀྲུང་གོའི་རྩོམ་རིག་ལ་མཚོན་ནས་བཤད་ནའང་སྒྲུང་རིང་གི་ཚད་མཐོའི་བྱ་དགའ་ལ་མའོ་ཏུང་རྩོམ་རིག་བྱ་དགའ་དང་། སྒྱུ་རྩལ་རྩོམ་རིག་སྤྱིའི་ཚད་མཐོའི་བྱ་དགའ་ལ་ལུའུ་ཞིན་རྩོམ་རིག་བྱ་དགའ་འཇོག་བཞིན་ཡོད་པ་རང་ངོ་།། 
       བོད་རང་ལ་ཆེས་མཐོའི་རྩོམ་རིག་བྱ་དགའ་ནི་འདིའོ་ཞེས་མཚན་ཉིད་བཞག་དང་ཆོག་པ་ཞིག་གྲུབ་ཡོད་མིན་སྐོར་ཁ་ཚོན་གཅོད་དཀའ་ནའང་། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བ་ནས་བཟུང་། རྩོམ་རིག་གསར་བའི་སྐྱེས་སྟོབས་ཀྱི་མྱུ་གུ་རི་བོ་གངས་ཅན་པའི་ལྗོངས་ཆེན་འདིར་གསར་དུ་དར་བ་ནས་རྩོམ་རིག་གསར་བའི་གཤིན་སར་གྱུར་བའི་དུས་དེབ་མང་པོ་ཞིག་སྔ་ཕྱིར་བྱུང་ཡོད་ཅིང་། 《 སྦྲང་ཆར》 དང 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》 གཙོས་པའི་དུས་དེབ་ཁག་དང་། 《མཚོ་སྔོན་བོད་ཡིག་གསར་འགྱུར》 སོགས་ཚགས་པར་མང་པོ་ཞིག་གི་འགྲོས་སྐྱེན་པའི་དར་རྒུད་ཀྱི་བྱུང་འཕེལ་ལྟར། བོད་ཀྱི་དེང་རབས་རྩོམ་རིག་དེ་ཡང་ཐོའུ་བཏང་སྟེ་འདབ་མ་རྒྱས་ཤིང་། སྣ་ཚོགས་པའི་བཀྲག་མདངས་ཀྱི་ཚོན་རྩི་དེས་རང་མི་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ལྡུམ་ར་ཆེན་པ ོ་འདིར་ཁ་དོག་རྣམ་པར་བཀྲ་བའི་མཛེས་དཔལ་བསྐྲུན་ཡོད་པ་རེད། ཚུལ་དེ་བཞིན་ལོ་རབས་དགུ་བཅུ་བའི་ནང་དུ 《སྦྲང་ཆར》 རྩོམ་སྒྲིག་ཁང་གིས་ལོ་གསུམ་རེའི་ནང་སྦྲང་ཆར་རྩོམ་རིག་བྱ་དགའ་ཐེངས་རེ་སྟེར་བའི་ལུགས་སྲོལ་བཙུགས་པ་དང་། 《ཟླ་ཟེར》 དང 《གངས་རྒྱན་མེ་ཏོག》 དུས་དེབ་ཁང་གཉིས་ཀས་ཀྱང་སྔ་ཕྱིར་ལོ་གསུམ་རེའི་ནང་དུ་དུས་དེབ་ཀྱི་མིང་ཐོག་ནས་བྱ་དགའ་སྟེར་བའི་ལམ་སྲོལ་ཞིག་བཙུགས་ཡོད་པ་རེད། དེ་དག་ལས 《སྦྲང་ཆར》 དང 《གངས་རྒྱན་མེ་ཏོག》 གི་བྱ་དགའ་ལྟ་བུར་ཆ་མཚོན་ན་དཔྱད་འདེམ་གྱི་གོ་རིམ་དང་བྱ་དགའི་དངུལ་བུན་གང་ཡིན་ཡང་། འཛམ་གླིང་གི་རྩོམ་རིག་བྱ་དགའ་གཞན་དག་དང་རིགས་འདྲ་བར་ཅུང་འཐུས་ཚང་གི་རང་བཞིན་མངོན་ཡོད་ཙ་ན། རང་ཅག་བོད་ཡུལ་གྱི་རྩོམ་རིག་སྒྱུ་རྩལ་གྱི་ངོས་ནས་བཤད་ན་དྲ་ཚིགས་དང་ཚགས་པར་སོགས་སྨྱན་བྱད་ཀྱི་ལས་གོ་ཆོད་པའི་སྟེགས་བུ་རྣམས་སུ་དོ་སྣང་ཆེན་པོ་བྱུང་ཡོད་ཅིང་། ད་ལྟ་རྒྱུན་ཆགས་སུ་བོད་ཀྱི་རྩོམ་རིག་གི་ཆེས་མཐོའི་བྱ་དགའ་ལ་སྦྲང་ཆར་རྩོམ་རིག་བྱ་དགའ་དང་། སྙན་ངག་གི་ཆེས་མཐོའི་བྱ་དགའ་ལ་གངས་རྒྱན་མེ་ཏོག་སྙན་ངག་བྱ་དགའ་དེ་གཉིས་ལྟོས་བཅས་སུ་གྲུབ་ཚར་ནས་ཡོད་པ་ལྟ་བུར་སྣང་། 
       སྣང་ཚུལ་དེ་ལྟ་བུ་ཞིག་གི་ངོས་ཐད་ནས་བཤད་ན། ༢༠༡༢ ལོ་ནི་བོད་ཀྱི་རྩོམ་རིག་གསར་བའི་འདས་པའི་ལོ་ངོ་གསུམ་གྱི་རྩོམ་རིག་ཕལ་ཆེ་བར་ཕྱོགས་བསྡོམས་བྱས་ཟིན་པའི་ལོ་ཞིག་ཏུ་བཤད་ན་ཆོག་སྟེ། 《སྦྲང་ཆར》 གྱི་འདས་པའི་ལོ་ངོ་གསུམ་གྱི་བརྩམས་ཆོས་དག་ལས་བདམས་པའི་རྩོམ་རིག་བྱ་དགའ་དེ་སྒྲུང་གཏམ་པ་བཀྲ་བྷ་དང་ལྷ་བྱམས་རྒྱལ། ཁྲི་སེམས་དཔའ། རྩོམ་རིག་དཔྱད་བརྗོད་པ་བདུད་ལྷ་རྒྱལ། སྙན་ངག་པ་འབྲོང་ཕྲུག་དང་ཁུ་བྱུག་སྔོན་མོ་བཅས་ཀྱི་བརྩམས་ཆོས་ལ་བསྩལ་ཡོད་པ་དང་། 《ཟླ་ཟེར》 རྩོམ་སྒྲིག་ཁང་གི་བྱ་དགའ་སྒྲུང་གཏམ་པ་སྟག་འབུམ་རྒྱལ་དང་ཁྱུང་ཐར་རྒྱལ། མཛེས་སེ། སྙན་ངག་པ་བྱ་གཞུང་དབྱངས་བྷ་དང་ན་རོ། རྨོག་རུ་ཤེས་རབ་རྡོ་རྗེ་བཅས་ལ་བསྩལ་ཡོད་ལ། དེ་བཞིན་ལོ་མཇུག་ཏུ 《གངས་རྒྱན་མེ་ཏོག》 སྙན་ངག་བྱ་དགའ་དེ་སྙན་ངག་པ་བྱ་གཞུང་དབྱངས་བྷ་དང་འཆི་མེད། གེ་སར། ཁ་པ་དཀར་པོ། དཔྱད་བརྗོད་པ་བདུད་ལྷ་རྒྱལ་བཅས་ལ་བསྩལ་བ་སོགས་ཀྱིས་མཚོ་སྔོན་དང་ཀན་སུའུ་ཡི་དུས་དེབ་ཆེ་ཁག་དག་གི་རྩོམ་ཡིག་བརྩམས་ཆོས་ཀྱི་རིན་ཐང་ལ་ལྟོས་བཅས་ཀྱིས་གདེང་འཇོག་ཐོབ་པ་དེས་རང་རེའི་བོད་ཀྱི་རྩོམ་རིག་གི་འཕེལ་རྒྱས་དང་ཚད་གཞི་དེ་ཕྱོགས་ཙམ་མཚོན་ཐུབ་པའི་དགེ་མཚན་མངོན་ཐུབ་ཡོད་མོད། ཡིན་ནའང 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》 སོགས་དབུས་གཙང་ཕྱོགས་ཀྱི་རྩོམ་རིག་དུས་དེབ་གལ་ཆེན་དག་ལ་གཏན་འཁེལ་གྱི་རྩོམ་རིག་བྱ་དགའ་སོགས་འཛུགས་གྲུབ་བྱས་མེད་པ་དེས་ལོ་རྒྱུས་ཀྱི་ཁུང་བུ་ཞིག་གསབ་ཐུབ་མེད་པའི་ཕངས་སེམས་མངོན་ནས་ཡོད་འདུག 
       དེ་ལྟར་ནའང་། 2012 ལོར་ཀྲུང་གོའི་ཀྲུང་ཉུང་མི་རིགས་ཀྱི་རྟ་མཆོག་བྱ་དགའ་དེ་བོད་ཀྱི་སྒྲུང་གཏམ་པ་བཀྲ་བྷའི་སྒྲུང་གཏམ་ཕྱོགས་བསྒྲིགས་དེབ 《འཚུབ་མ་ཁེར་སྐྱེས》 ཞེས་པར་བསྩལ་བ་དང་། མཚོ་སྔོན་གྱི་སྐབས་དང་པོའི 《འབྲོང》   བོད་ཀྱི་རྩོམ་རིག་བྱ་དགའ་རྩོམ་པ་པོ་སྟག་འབུམ་རྒྱལ་ལ་བསྩལ་བ་སོགས་བྱུང་དང་འབྱུང་བཞིན་པའི་རྩོམ་རིག་བྱ་དགའི་གནས་ཚད་འདི་དག་གིས 2012 ལོའི་བོད་ཀྱི་རྩོམ་རིག་ལ་སྔར་མེད་ཀྱི་སྲོལ་རྒྱུན་ནམ་ལེགས་རྗེས་བླ་མེད་ཅིག་བསྐྲུན་ནས་ཡོད་པ་ནི་དགའ་བའི་དཔྱིད་དུ་སྤྲོས་ཡོད་མོད། འོད་ཟེར་གྱིས་གྲིབ་མ་བསྐྲུན་ངེས་པ་ཇི་བཞིན་ད་ལོར་དྲ་ངོས་སོགས་སུ་མི་ཕལ་བའི་མིང་གིས་བཟོས་པའི་བྱ་དགའ་རེ་གཉིས་བོད་ཀྱི་གྲགས་ཅན་མི་སྣ་དག་ལ་སྟེར་བའི་ཕུང་གསུམ་གྱི་ལས་ཀ་རེ་གཉིས་ཤིག་བྱུང་དང་འབྱུང་གིན་པ་དེ་དག་གིས་བོད་ཀྱི་རྩོམ་རིག་བྱ་དགའི་འཕེལ་རྒྱས་ཀྱི་ལམ་ཁ་དེ་ལ་མི་སྡུག་པའི་གེག་བྱ་བའི་བྱུང་ཚུལ་རེ་གཉིས་ཀྱང་ཡོད་མོད། རྩ་བའི་ཆ་ནས་བོད་ཀྱི་རྩོམ་རིག་བྱ་དགའི་ལམ་སྲོལ་དེ་ལོ་རེ་ནས་ལོ་རེ་བཞིན་གྲ་རྒྱས་དང་ཕུན་ཚོགས་ཀྱི་གནས་སུ་འཕེལ་ཞིང་ལོངས་ནས་ཡོད་དོ།།