རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-04-18   རྩོམ་ཁུངས།    《བོད་ལྗོངས་ཡུལ་སྐོར་སྣེ་ཤན》ལས་བཏུས།
ཞ་ལུ་དགོན་པ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རྒྱ་མཚོ་ཆུས་ཁོངས་སུ་གནས་ཤིང་། བསྟན་པ་ཕྱི་དར་གྱི་དུས་འགོར་བཏབ་པའི་གྲགས་ཅན་གྱི་དགོན་གནས་རྙིང་ཁུངས་ཤིག་ཡིན། དེ་ནི་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་ཉེ་གནས་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་རབ་བྱུང་དང་པོའི་མེ་ཡོས་སྤྱི་ལོ1027ལོ་ནས་བཟུང་རིམ་པས་རྒྱ་སྐྱེད་དུ་བཏང་། དེ་ཡང་ཞ་ལུ་གསེར་ཁང་འདི་ནི་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་ལོ་སྟོན་ལ་བདག་གིས་མདའ་རྒྱང་གང་གི་སར་གནས་གཞི་ཞ་ལུ་ཙམ་ཞིག་བརྩིག་པར་ཞུ་ཞུས་པས་དེ་བཞིན་གྱིས་གསུངས། ཕྱག་མདའ་གསེར་གྱིས་བཀང་ནས་ཕུལ་བས་ལོ་སྟོན་གྱིས་ཕྱག་མདའ་བསེར་བསེར་ལན་གསུམ་མཛད་དེ་ལྕེ་བཙུན་ཤེས་རབ་ཆེ་གསུངས་ནས་འཕངས་པས་ད་ལྟའི་གཙང་ཁང་རྙིང་མའི་མདའ་འབུམ་དུ་གྲགས་པ་འདི་ཡིན། མདའ་དེ་པད་ཁའི་ཞ་ལུར་ཕོག་པས་ན་ཞ་ལུ། མདའ་གསེར་གྱིས་བཀང་བས་ན་གསེར་བཀང་སྟེ་དཔལ་ཞ་ལུའི་གསེར་ཁང་དུ་གྲགས།
མཁན་རབས་གསུམ་པ་ལྕེ་གཡུ་ཐོག་སྒྲ་གསེར་བཟང་གིས་ཐོབ་རྒྱལ་བྱེ་མ་གཡུ་ཟུར་ནས་འཇིག་རྟེན་མགོན་པོའི་རྡོ་སྐུ་ རང་བྱོན་ཐུགས་རྗེ་ཆེན་པོ་གཙང་འགྲམ་གྱི་ལྷ་ཁང་དུ་བཞུགས་པ་ཞ་ལུར་སྤྱན་དྲངས། གནས་དེར་ལྕགས་རི་བཏབ་པ་དང་ཆོས་སྡེའི་ནང་དུ་ཁྲོན་པ་བརྐོས། བོད་རབ་བྱུང་ལྔ་པའི་ཤིང་སྟག་སྤྱི་ལོ1314ལོར་གངས་ཅན་ལྗོངས་སུ་སྙན་གྲགས་ཀྱི་བ་དན་ལྷབ་ལྷུབ་ཏུ་གཡོ་བའི་མཁས་མཆོག་བུ་སྟོན་རིན་ཆེན་གྲུབ་ཀྱིས་ཞ་ལུ་རི་ཕུག་བདེ་ཆེན་ཆོས་ཀྱི་ཕོ་བྲང་གི་གཙུག་ལག་ཁང་ཆེན་པོ་དགེ་འདུན་སྡེ་དང་བཅས་པ་གསར་སྐྲུན་མཛད་ནས་རྟེན་གཙོ་དཔལ་དུས་ཀྱི་འཁོར་ལོ་དང་། ཐུབ་དབང་བྱམས་པ་སོགས་རྒྱུ་རིན་པོ་ཆེ་ལས་གྲུབ་པ་དུ་མ་དང་། གསུང་རྟེན་དུ་རྒྱལ་བའི་བཀའ་འགྱུར་དང་། བསྟན་འགྱུར་སོགས་གླེགས་བམ་མཐའ་ཡས་པ་དང་། ཐུགས་རྟེན་དུ་བུ་སྟོན་རིན་ཆེན་གྲུབ་ཀྱིས་དགུང་ལོ་དྲུག་ཅུ་རེ་གསུམ་པ་ཆུ་འབྲུག་ལོར་བཞེངས་པའི་སྐུ་འབུམ་ཆེན་པོ་མཐོང་གྲོལ་མར་གྲགས་པ་འདི་ཉིད་དང་། ཕྱོགས་བཞིའི་གཞལ་ཡས་ཁང་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་སོགས་མང་པོ་བཞེངས་ཤིང་མདོ་སྔགས་ཀྱི་བཤད་གྲྭ་བཙུགས། བུ་སྟོན་རིན་ཆེན་གྲུབ་ཀྱི་དངོས་སློབ་སྔགས་འཆང་གཡུ་སྟོན་རྡོ་རྗེ་དཔལ་གྱིས་ཞ་ལུར་མ་ཧེ་མཆོད་པའི་འཆམ་གྱི་སྲོལ་རྒྱུན་བཙུགས་སོ། །
ཞ་ལུར་བུ་སྟོན་རིན་པོ་ཆེ་གདན་པ་དང་པོ་མཛད་སྐབས་ཚོགས་པ་ཀུན་བསྡོམས་ཉིས་བརྒྱ་ཙམ་ཡོད་པ་དེ་ནས་རིམ་པས་དགེ་འདུན་གྱི་ཞལ་གྲངས་དབར་གྱི་ཆུ་གཏེར་སྟར་འཕེལ་ཏེ་ཚོགས་པ་རྒྱུན་བཞུགས་མཁན་ཕྱེད་ལྔ་སྟོང་དང་། ཕྱོགས་ནས་ཕེབས་པའི་གྲྭ་རྒྱུན་བཅས་ཀུན་བསྡོམས་བདུན་སྟོང་སུམ་བརྒྱ་ཉེར་བཞི་ལྷག་ཙམ་བར་འཕེལ་རྒྱས་བྱུང་བར་གྲགས་སོ། ཞ་ལུ་གསེར་ཁང་ཆེན་མོའི་གཙུག་ལག་ཁང་གི་སྟོང་དུ་གཡུ་རྩིའི་རྒྱ་ཕིབས་ཀྱིས་བརྒྱན་ཞིང་བཟོ་སྐུན་གྱི་བཀོད་པ་ཤིན་ཏུ་དམིགས་བསལ་ཅན་ཞིག་ཡོད། དེ་ནི་རྒྱ་ལུགས་དང་བོད་ལུགས་ཟུང་དུ་སྦྲེལ་བའི་སྒྱུ་རྩལ་གྱི་འབྲས་བུ་གཞན་མཚུངས་མ་མཆིས་པ་ཞིག་ཡིན། དགོན་པ་འདིར་གྲྭ་ཚང་བཞི་དང་། ཚོགས་ཆེན། གྲྭ་ཤག་བཅས་ཡོད། གྲྭ་ཚང་བཞི་ཀར་རྫ་གཡམ་གཡུ་རྩིའི་ཐོག་བཀབ་ཡོད་པ་དེ་དག་བཟོ་དབྱིབས་བབ་ཆགས་ལ་གནའ་ཉམས་དང་ལྡན་པར་སྣང་།
དགོན་ནང་གི་སྐྱ་ལྡེབས་སུ་ལྡེབས་བྲིས་མཛེས་ཤིང་ཕུན་སུམ་ཚོགས་པ་དེ་རྣམས་ཀྱི་སྒྱུ་རྩལ་གྱི་ཉམས་འགྱུར་ཐད་ཕལ་ཆེ་བ་ནང་སའི་ལག་རྒྱུན་དེད་ནས་བྲིས་འདུག་པས་གསོན་ཉམས་བྱོན་གཙང་ལེགས་པར་སྣང་། ཁག་གཅིག་ནི་བལ་པོ་དང་། རྒྱ་གར་གྱི་ལག་རྒྱུན་བཞིན་བྲིས་འདུག་པ་དེ་དག་སྒེག་ཉམས་ལྷག་པར་ལྡན། ད་དུང་རི་མོ་མི་ཉུང་བ་ཞིག་གི་ནང་སྐབས་དེའི་དུས་ཀྱི་ནང་སའི་གྱོན་ཆས་དང་འཚོ་བའི་ཡོ་བྱད། ཁང་པའི་བཟོ་དབྱིབས་སོགས་ཀྱང་མཚོན་པར་བྱས་འདུག ཞ་ལུ་དགོན་དུ་གནའ་བོའི་རིག་དངོས་མི་ཉུང་བ་ཞིག་ཡོད་པའི་ནང་དུ་རྒྱ་གླིང་དང་། མཆོད་ཞི་ཡོ་བྱད། ཤིང་ཏ་ལའི་ལོ་མའི་ཐོག་བྲིས་པའི་རྒྱ་དཔེ། རྒྱ་གར་གྱི་གྲུབ་ཆེན་བིརྺ་པ་ནས་བརྒྱུད་དེ་བུ་སྟོན་གྱི་ཕྱག་ཏུ་གསོན་པའི་བྱིན་རླབས་ཅན་གྱི་དངོས་པོ་བུམ་པ་མྱོང་གྲོལ་དང་། བུ་སྟོན་ཉིད་ཀྱིས་རབ་གནས་བརྒྱ་ཚར་སོང་བ་བྱིན་རླབས་ཀྱི་ཚན་ཁ་ཆེ་བ།བཏགས་གྲོལ་ཞེས་པ་སོགས་ཡོད་པ་ཕུད་། ད་དུང་ཆོས་རྒྱལ་འཕགས་པའི་བཀའ་ཤོག་ཁག་བརྒྱད་ཉར་ཚགས་བྱས་ཡོད། དེ་དག་ནི་སྐབས་དེར་འཕགས་པས་ཡོན་གོང་མའི་བཀའ་ཡིག་གི་ཕེབས་དོན་རྣམས་བོད་ལྗོངས་ས་གནས་ཁག་ལ་སྤེལ་བའི་བཀའ་ཤོག་ཡིན་པས་ཤིན་ཏུ་གཙིགས་ཆེ།དགོན་དེར་རིག་གསར་སྐབས་གཏོར་བཤིག་ཕོག་ཡོད་ཀྱང་། རྩ་ཆེའི་རིག་དངོས་ཁག་གཅིག་སྲུང་ཉར་བྱེད་ཡས་འགྲིག་པ་བྱུང་ཡོད། ཞ་ལུ་དགོན་ནི་སྤྱི་ལོ1988ལོ་ནས་བཟུང་རང་སྐྱོང་ལྗོངས་ཀྱི་རྩ་ཆེའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་གྲས་སུ་གཏོགས།