རྒྱལ་ཡོངས་ཀྱིས་རང་བྱུང་སྲུང་སྐྱོང་ཁུལ་2669བསྐྲུན་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-04-18   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།

        ཟླ་4ཚེས་13ཉིན་གློག་གཉེར་བའི་ཀྲུང་གོ་ཚན་རིག་ཁང་དང་ཁོར་ཡུག་སྲུང་སྐྱོང་པུས་ཀོང་ཏུང་ཏིང་ཧུའུ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་མཉམ་སྐྲུན་བྱ་རྒྱུའི་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོའི་ཐོག་ཁོར་ཡུག་སྲུང་སྐྱོང་པུའི་པུའུ་ཀྲང་གཞོན་པ་ལི་ཀན་ཅེས་མིག་སྔའི་བར་རྒྱལ་ཡོངས(ཤང་ཀང་དང་།ཨའོ་མོན།ཐའེ་དབེན་བཅས་ས་ཁུལ་ཚུད་མེད)ཀྱིས་རང་བྱུང་སྲུང་སྐྱོང་ཁུལ་ཁྱོན་2669བསྐྲུན་པའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་149.65ཟིན་པ་དང་སྐམ་སའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་ས་ཆའི་རྒྱ་ཁྱོན་གྱི་14.93%ཙམ་ཟིན་ཡོད།དེའི་ནང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཁྱོན་363ཡོད་པ་དང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་94.15ཟིན་ཡོད་ཅེས་བཤད་པ་རེད།
        ལི་ཀན་ཅེས་རང་རྒྱལ་དུ་ཁྱབ་ཚུལ་ཅུང་ལུགས་དང་མཐུན་པ་དང་།རྣམ་པ་ཅུང་ཆ་ཚང་བ།ནུས་པ་ཅུང་འཐུས་སྒོ་ཚང་བ་བཅས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དྲ་རྒྱ་ཞིག་རགས་ཙམ་ཆགས་ཏེ་སྐམ་སའི་རང་བྱུང་སྣོད་བཅུད་མ་ལག་གི་རིགས་90%དང་།བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྱུ་ཚོགས་85% མཐོ་རིམ་རྩི་ཤིང་ཚོམ་བུ་དང་རང་བྱུང་དང་ལོ་རྒྱུས་ཀྱི་གནའ་ཤུལ་གལ་ཆེན་60%བཅས་སྲུང་སྐྱོང་ཐུབ་ཡོད་ཀྱང་རང་རྒྱལ་གྱི་རང་བྱུང་སྲུང་སྐྱོང་ཁུལ་འཕེལ་རྒྱས་འགྲོ་སྟངས་དེ་གྲངས་འབོར་གཞི་ཁྱོན་རྣམ་པ་ནས་སྤུས་ཀའི་ཕན་ནུས་བར་འགྱུར་ལྡོག་ཕྱིན་པ་དང་ཆབས་ཅིགགནད་དོན་གསར་པ་ཁག་གཅིག་རྒྱུན་ཆད་མེད་པར་མངོན་གསལ་དོད་དུ་ཕྱིན་ནས་རང་བྱུང་སྲུང་སྐྱོང་ཁུལ་གྱི་བྱ་གཞག་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་ཚོད་འཛིན་ཐེབས་ཀྱི་ཡོད།ལྷག་པར་དུ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དང་བསྡུར་ཚེ་ང་ཚོའི་དོ་དམ་བྱེད་ཐབས་དང་།ལྟ་ཞིབ་ཚད་ལེན་ལག་རྩལ།ཚན་རིག་ཞིབ་འཇུགསྡེ་ཁུལ་མཉམ་སྡོམ།སྣོད་བཅུད་ཁ་གསབ་སོགས་ཐད་ལ་ཧེ་བག་མངོན་གསལ་དོད་པོ་ལྡན་ཡོད་ཅེས་བཤད་པ་རེད།
        གསར་འགོད་པས་མིང་རྟགས་འགོད་པའི་མཛད་སྒོའི་ཐོག་ཤེས་རྟོགས་བྱས་པར།ཏིང་ཧུའུ་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ་ནི་རང་རྒྱལ་གྱིས་བསྐྲུན་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་པོ་དེ་ཡིན་པས་རང་རྒྱལ་གྱི་རང་བྱུང་སྲུང་སྐྱོང་ཁུལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད།ཏིང་ཧུའུ་རི་བོའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་ཨེ་ཤེ་ཡ་ལྷོ་མའི་ཚ་ཁུལ་དུས་རླུང་གནམ་གཤིས་ཀྱི་རྒྱུན་ལྗང་ལོ་མའི་ནགས་ཚལ་སྣོད་བཅུད་མ་ལག་དེ་སྲུང་སྐྱོང་བྱ་ཡུལ་གཙོ་བོར་བརྩི་གི་ཡོད་པ་དང་སྐྱེ་དངོས་སྣ་མང་རང་བཞིན་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས་རང་རྒྱལ་གྱི“སྐྱེ་དངོས་རིགས་ཀྱི་བང་མཛོད”དང“གཞི་རྒྱུ་གསོག་མཛོད”གལ་ཆེན་ཡིན་སྟབས་སྲུང་སྐྱོང་གི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད་པ་རེད།