རྩོམ་པ་པོ།   ཚེ་རིང་དོན་གྲུབ།  ཡིག་བསྒྱུར།       དུས་ཚོད།   2013-05-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།
སེམས་ཀྱི་ཉི་ཟླ་རྫོང་གི་སྔར་མིང་ལ་རྒྱ་སྐད་དུ་ཀྲུང་ཏེན་ཟེར་བ་དང་། བོད་སྐད་དུ་རྒྱལ་ཐང་ཞེས་བརྗོད་ཀྱི་ཡོད། ཐང་རྒྱལ་རབས་ཀྱི་ཧྥན་ཁྲའོ་ཡིས་བྲིས་པའི《ཡུན་ནན་གྱི་ལོ་རྒྱུས་མིང་རིགས་ཀྱི་སྐོར》ཞེས་པའི་ནང་དུ“ཅན་ཏན“ཞེས་འཁོད་འདུག མིང་རྒྱལ་རབས་ཀྱི་སྐབས་སུ། འཇང་སྐད་ནང་དུ་ས་འདི་ལ“ཀྲུའུ་ཏིས“ཞེས་སུ་འབོད་སྲོལ་ཡོད་ལ། དེའི་དོན་ནི“ཚོ་དཔོན་གྱི་ཡུལ་གྲུ“ཞེས་པའི་དོན་དུ་གོ་བ་དང་། རྒྱ་ཡིག་ཏུ་བསྒྱུར་ནས་མིང་ལ“ཀྲུང་ཏེན“ཞེས་པར་བཏགས་ལ། ཕྱིས་ཀྱི་རྒྱལ་རབས་རིམ་བྱོན་ཏུ་མིང་དེ་བེད་སྤྱད་པ་རེད། 1950ལོའི་ཟླ5པའི་ཚེས10ཉིན། ཀྲུང་ཏེན་ཞི་བའི་བཅིངས་འགྲོལ་བཏང་བ་དང་། ས་དམ་ས་ཁུལ་སྲིད་འཛིན་གྱི་ཁོངས་གཏོགས་སུ་བཅད། 1957ལོའི་ཟླ9པར། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དངོས་སུ་བཙུགས་ཤིང་། ཁུལ་སྲིད་གཞུང་གི་ལྟེ་བ་དེ་རྒྱལ་ཐང་རྫོང་མཁར་དུ་བཙུགས་པ་རེད། 2001ལོའི་ཟླ12པའི་ཚེས17ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་གནང་བ་བརྒྱུད། སྔར་གྱི་རྒྱལ་ཐང་རྫོང་དེ་དངོས་སུ་སེམས་ཀྱི་ཉི་ཟླ་རྫོང་དུ་མིང་བསྒྱུར་བ་རེད།
སེམས་ཀྱི་ཉི་ཟླ་རྫོང་དེ་ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་། མཚོ་བོད་མཐོ་སྒང་གི་ཤར་ལྷོའི་རྒྱུད་ཀྱི་རི་ཁུག་ཏུ་ཆགས་ཡོད་ལ། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་རྒྱུད་དུ་གནས་ཡོད། ཤར་ནི་སི་ཁྲོན་ཞིང་ཆེན་གྱི་འདབ་པ་རྫོང་དང་འབྲེལ་ཞིང་། ཤར་ལྷོའི་མཚམས་ནས་ཡུན་ནན་ཞིང་ཆེན་ས་དམ་གྲོང་ཁྱེར་གཡུ་ལུང་རྫོང་དང་། རང་ཁུལ་གྱི་འབའ་ལུང་རྫོང་། བདེ་ཆེན་རྫོང་སོགས་འབྲི་ཆུའི་བཅད་དེ་ཕན་ཚུན་མཐོང་ཐུབ་པ་ཡིན། ནུབ་བྱང་གི་མཚམས་ནི་སི་ཁྲོན་ཞིང་ཆེན་གྱི་སྡེ་རོང་རྫོང་དང་། ཕྱག་ཕྲེང་རྫོང་དང་འབྲེལ་ཡོད། ཤར་གྱི་གཞུང་ཐིག99°22'ནས100°19'ཡི་མཚམས་སུ་གནས་པ་དང་། འཕྲེད་ཐིག་བྱང་མ26°52'ནས28°52'ཀྱི་བར་དུ་གནས་ཡོད། རྫོང་མཁར་གྱི་སྣེ་གཉིས་དོག་ཅིང་། བར་ཀྱི་ཁོད་སྙོམས་པ་ཡིན། ཤར་ནུབ་གྱི་ཆེས་ཆེ་བའི་ཁོད་སྙོམས་ཚད་ལ་བར་ཐག་སྟོང་སྨི88ཡོད། ནུབ་བྱང་གི་ཆེས་ཆེ་བའི་རིང་ཚད་ལ་བར་ཐག་སྟོང་སྨི218ཡོད། སྤྱིའི་རྣམ་པ་ཡོངས་ལ་བལྟས་ན། གོས་འཇམ་ནང་དུ་བྱིས་པ་ཞིག་རུམ་ཡོད་པ་དང་འདྲ། རྫོང་འདི་ལེ་དབར་ཁྲི་ཁྲག་བསྐྱོད་པའི་འབྲི་ཆུའི་དཀྱོག་མཚམས་དང་པོའི་མངལ་ན་ག་ལེར་འགྱིང་ཡོད། རྫོང་ཡོངས་ཀྱི་ས་ཆའི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ11613ཡོད། དེའི་ཁྲོད་དུ་རི་རྒྱུད་ཀྱིས་སྤྱིའི་མངའ་ཁོངས་ཡོངས་ཀྱི་རྒྱ་ཁྱོན93.5%ཟིན་ཡོད། ཡུན་ནན་ཞིང་ཆེན་གྱི་རྫོང་དང་གྲོང་ཁྱེར། ས་ཁུལ་129ལས་སའི་རྒྱ་ཁྱོན་ཆེས་ཆེ་བ་དང་རི་རྒྱུད་ཀྱི་རྒྱ་ཁྱོན་ཆེས་ཆེ་བའི་རྫོང་ཁོ་ན་ཡིན། སེམས་ཀྱི་ཉི་ཟླ་རྫོང་གི་མངའ་ཁོངས་ནང་དུ། གངས་རིའི་ཕྲེང་བ་མུ་སྒྲིག་ནས་བསྟར་ཡོད་ལ། གྲོག་རོང་དུ་ཆུ་ཕྲན་མང་བོ་རྒྱུ། ཧྲ་ལོའུ་ལི་རི་རྒྱུད་དེ་སི་ཁྲོན་དཀར་མཛེས་ཁུལ་ནས་མགོ་བརྩམས་ཏེ་རྫོང་འདིའི་བྱང་རྒྱུད་དུ་སྣེ་དྲངས་ནས་ཐོན་པ་དང་། ཤར་ནུབ་རིགས་གཉིས་ཡོད་པ་དེ་རྫོང་འདིའི་ཤར་ནུབ་ནས་འབྲེལ་ཏེ་རྫོང་འདིའི་སྣེ་གཉིས་ཀྱི་བར་མཚམས་སུ་འདྲེས་མཐུད་བྱུང་ཡོད་ལ། རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི3000ལྷག་ཡོད་པའི་གངས་རི507དེའི་བར་དུ་གནས་ཡོད། འབྲི་ཆུ་དེ་ནུབ་རྒྱུད་ཉི་ཤར་ཤང་བདེ་སྐྱིད་གྲོང་ཚོ་ནས་མངའ་ཁོངས་སུ་ཞུགས་ཏེ། ལྷོ་ཕྱོགས་ཀྱི་ཅིན་ཅང་གྲོང་རྡལ་ཞིང་ཝུན་གྲོང་ཚོ་དང་གཡུ་ལུང་རྫོང་གི་ཧྲི་ཀུའུ་གྲོང་རྡལ་བར་དུ་བཞུར་བ་ཡིན། དེ་རྗེས་སུ་125°ཡི་མཚམས་ནས་གློ་བུར་དུ་དཀྱོགས་ཏེ་ཤར་ཕྱོགས་སུ་བཞུར་བ་དང་། ལའོ་ཅི་ཤང་ལའོ་ཅི་གྲོང་ཚོའི་སྐྱིད་ཧན་ནས་ཡང་ཤར་ལྷོའི་མཚམས་སུ་དཀྱོགས་ཤིང་མངའ་ཁོངས་ཕྱི་རུ་བཞུར་བ་ཡིན། མངའ་ཁོངས་སུ་བསྐོར་ནས་བཞུར་བའི་རིང་ཚད་ལ་སྟོང་སྨི375ཡོད་ལ་བརྗིད་ཉམས་ཆེ་བའི་སྣང་ཚུལ་ངོ་མཚར་བ་ཞིག་མ་བཅོས་ལྷུན་ཆགས་སུ་གྲུབ་ཡོད།
སའི་གནས་བབ་ཀྱི་ངོས་ནས་བཤད་ན། ནུབ་བྱང་མཐོ་ལ། ཤར་ལྷོ་དམའ་བ་ཡིན། ཆེས་མཐོ་བའི་གནས་ནི་ཉི་ཤར་ཤང་མངའ་ཁོངས་ནང་གི་འབའ་ལྷ་དཀར་འཛོམས་གངས་རི་ཡིན་ལ། མཐོ་ཚད་ལ་སྨི5545ཡོད། ཆེས་དམའ་བའི་ས་གནས་ནི་ལའོ་ཅི་ཤང་མངའ་ཁོངས་ནང་གི་སྐྱིད་ཧན་འབྲི་ཆུའི་ཉེ་འདབས་ཡིན་ལ། མཐོ་ཚད་ལ་སྨི1503ལས་མེད། རྒྱ་མཚོའི་ངོས་ལས་བརྩིས་པའི་མཐོ་ཚད་ཀྱི་ཧེ་བག་ལ་སྨི4042ཡོད་པ་དང་། ཆ་སྙོམས་བྱས་ན་མཐོ་ཚད་ཀྱི་ཧེ་བག་ལ་སྨི3459ཡོད། སའི་ཆགས་དབྱིབས་དེ་རྒྱ་མཚོའི་ངོས་ལས་མཐོ་ཚད་ཆེ་ཤོས་དང་། འཕྲེད་ཐིག་གི་ཚད་དམའ་ཤོས་ཀྱི་མཚམས་སུ་ཆགས་ཡོད། ནམ་ཟླ་དེ་མཐོ་ཚད་དང་བསྟུན་ནས་འགྱུར་ལྡོག་བྱུང་བ་ཡིན། ཆུ་ཤུར་གྲོག་རོང་ཡ་གླིང་བྱང་མའི་ཚ་བའི་ས་ཁུལ་དང་། རི་ཁུལ་གྱི་དྲོད་འཇམ་ས་ཁུལ། རི་ཁུལ་གྱི་ཚ་བའི་ས་ཁུལ། རི་ཁུལ་གྱི་གྲང་ངར་ས་ཁུལ། མཐོ་སྒང་གི་ཡ་གླིང་འཁྱགས་སའི་ས་ཁུལ། མཐོ་སྒང་གི་འཁྱགས་ཁུལ་སོགས་ནམ་ཟླའི་ཆ་རྐྱེན་མི་འདྲ་བའི་ས་ཁུལ6ཡོད་པས། ནམ་ཟླའི་ཁྱད་ཆོས་ཧ་ཅང་མངོན་གསལ་ཡིན་པ་རེད།
2011ལོར། ཆ་སྙོམས་ཀྱི་དྲོད་གྲང་དེ7℃ཡིན། ལོའི་ཆེས་མཐོ་བའི་དྲོད་གྲང་ནི་24.6℃ཡིན། (ཟླ8པའི་ཚེས31ཉིན)ལོའི་ཆེས་དམའ་བའི་དྲོད་གྲང་ནི-18.9℃ཡིན། (ཟླ་དང་པོའི་ཚེས18ཉིན) དུས་ཚོད་རེར་ཉི་ཟེར་གྲངས2407.4འཕྲོ་བ་ཡིན། ལོའི་ཆར་བ་འབབ་ཚད་ཧའོ་སྨི482.9ཡིན། ཉིན་རེའི་ཆེས་ཆེ་བའི་ཆར་བ་འབབ་ཚད་ཧའོ་སྨི23.2ཡིན། ལོ་ཧྲིལ་བོར་བ་མོ་མི་ཆགས་པའི་དུས་ཡུན་ཉིན162ཡིན། ཐོག་མའི་བ་མོ་ཆགས་པའི་ཉིན་མོ་ནི2010ལོའི་ལོ་འཁོར་གྱི་ཟླ10པའི་ཚེས29དང་། བ་མོ་མཚམས་འཇོག་པའི་དུས་ཚད་ནི་ལོ་འཁོར་གྱི་ཟླ5པའི་ཚེས19ཡིན། ནམ་ཟླའི་གནོད་སྐྱོན་གཙོ་བོར། གངས་སྐྱོན་དང་། འདམ་རྡོའི་བཞུར་བའི་གནོད་འཚེ། ཐན་པ། གློག་དམར་གྱི་ཉེན་ཁ། འདམ་རྡོ་ཉིལ་བ། རླུང་ནག་སོགས་ཡོད་ལ། གཞན་ཡང་ས་ཆར་ཁ་ཤས་སུ་འབུ་སྲིན་གྱིས་གནོད་འཚེ་བཏང་བའང་ཡོད། ནམ་ཟླ་དང་སའི་ཆགས་དབྱིབས་ཀྱི་ཤུགས་རྐྱེན་ཐེབས་འོག སེམས་ཀྱི་ཉི་ཟླའི་མངའ་ཁོངས་ནང་གི་སྐྱེ་དངོས་དང་། ཞིང་ས། ལོ་ཏོག ཕྱུགས་ཟོག་དང་དེར་མ་ཟད་པའི་གཞིས་སྡོད་མི་རིགས་སོགས་ཆ་སྙོམས་དང་ལུགས་མཐུན་གྱི་ངང་ནས་གང་སར་ཁྱབ་ཡོད་པ་རེད།
སེམས་ཀྱི་ཉི་ཟླའི་མངའ་ཁོངས་ནང་དུ་ཆེ་ཆུང་མི་འདྲ་བའི་ཆུ་རྒྱུན244ཡོད་ཅིང་། རིམ་པ་དང་པོའི་ཐད་བཞུར་ཆུ་བོ13ཡོད། སྤྱིའི་རིང་ཚད་ལ་སྟོང་སྨི545ཡོད། ལོ་མང་བོའི་རིང་ལ་ཆ་སྙོམས་བྱས་ན་ཆུའི་ཐོན་ཚད་ནི་སྨི་གྲུ་བཞི་མ་དུང་ཕྱུར48.69ཡིན། སེམས་ཀྱི་ཉི་ཟླའི་ནགས་ལས་ཀྱིས་ཟིན་པའི་རྒྱ་ཁྱོན་ཀུང་ཆིང950911.7ཡིན་ཞིང་། དེས་རྫོང་ཡོངས་ཀྱི་མངའ་ཁོངས་སྤྱིའི་རྒྱ་ཁྱོན་གྱི83.3%ཟིན་ཡོད། སེམས་ཀྱི་ཉི་ཟླ་རྫོང་ལ་ནགས་ཚལ་གྱིས་ཁེབས་ཚད74.99%ལ་སླེབས་ཡོད། སེམས་ཀྱི་ཉི་ཟླ་དེ་ཡུན་ནན་ཡ་གླིང་ཚ་བའི་ས་ཁུལ་ལྗང་མདོག་ས་ཁུལ་ནས་མཚོ་བོད་མཐོ་སྒང་འཁྱགས་ཁུལ་གཉིས་བར་དུ་མཐོ་བརྒལ་བྱས་ཡོད་པའི་ཁྱད་ཆོས་ལྡན། ལྷོ་བྱང་ཕྱོགས་སུ་བསྲིངས་པའི་རི་རྒྱུད་ཀྱི་ཚོགས་དང་རྫ་ཆུའི་རྒྱུད་ཀྱི་ཆུ་ཤུར་གྲོག་རོང་སོགས་ཀྱིས་ཚ་བ་དང་འཁྱགས་པའི་ས་ཁུལ་གྱི་འབྲེལ་འདྲིས་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་བསྐྲུན་ཡོད་པས། ལྷོ་བྱང་གི་བར་ཐག་ལ་འཕྲེད་ཐིག2མ་གཏོགས་ཀྱིས་ཆོད་མེད་པའི་སེམས་ཀྱི་ཉི་ཟླའི་མཐོ་སྒང་ལ་སྐྱེ་དངོས་སྣ་ཚོགས་པ་ཞིག་འདུས་ཡོད། སྐྱེ་དངོས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པས། གནས་འདི་ནི་སྐྱེ་དངོས་དང་སྲོག་ཆགས་ཀྱི་ཞིང་ཁམས་དང་། རང་བྱུང་མཐོ་སྒང་སྐྱེ་དངོས་གླིང་ཞིག་ཏུ་གྲུབ་ཡོད། སྐྱེ་དངོས་ཀྱི་རིགས3870ལྷག་དང་། འོ་འཐུང་སྲོག་ཆགས97 ནུར་གོག་བྱེད་པའི་སྲོག་ཆགས18 བྱ་རིགས170 ཉ་རིགས75ལ་སོགས་པ་ཡོད། དབྱར་རྩྭ་དགུན་འབུ་དང་། སྙི་བ་སོགས་གཙོ་བྱས་པའི་རྩྭ་སྨན་གྱི་རིགས830ལྷག་ཡོད། སྟག་མ་མེ་ཏོག་གཙོ་བྱས་པའི་རིགས1241གི་སྐྱེ་དངོས་དེ་གསར་སྤེལ་བེད་སྤྱོད་བྱེད་བཞིན་ཡོད་ལ། ནགས་ཁུལ་གྱི་བེ་ཤ་ཤ་མོ་སོགས་ལྗར་པན་གཙོ་བྱས་པའི་རྒྱལ་ཁབ་ཕྱི་ནང་ལ་འགྲེམས་བཞིན་ཡོད། ཡུན་ནན་གྱི་མེ་ཏོག་གྲགས་ཅན་བརྒྱད་དུ་འབོད་པའི་སུ་རུ་དང་། སྟག་མ། ལུང་ཏན། པའོ་ཁྲོན། ཡུའུ་ལན། པའེ་ཧི། ལན་ཧྭ། ལོས་རོང་ཀའོ་སོགས་ནི་སེམས་ཀྱི་ཉི་ཟླ་ནས་གཅིག་ཀྱང་མ་ལུས་པར་སྐྱེས་ཐུབ་པ་ཡིན། དེ་དང་ཆབས་ཅིག སེམས་ཀྱི་ཉི་ཟླར་རང་བྱུང་སྲོག་ཆགས་ཀྱི་གླིང་ག་ཞེས་པའི་མཚན་སྙན་ཡོད་པ་དང་། འདིའི་མངའ་ཁོངས་ནང་དུ་གངས་གཟིག་དང་བྱི་ལི་དོམ་ཆུང་། ཁྲུང་ཁྲུང་སྐེ་ནག་སོགས་རྩ་ཆེའི་སྲོག་ཆགས་དང་འདབ་ཆགས་མང་པོ་གནས་ཡོད།
སེམས་ཀྱི་ཉི་ཟླའི་ས་བབས་ཆགས་ཚུལ་རྙོག་འཛིང་ཆེ་ཞིང་། གཙང་གསུམ་མཉམ་བཞུར་མདོག་ལྡན་ལྕགས་རིགས་གཏེར་ཁའི་དཀྱིལ་སྙིང་དུ་ཆགས་ཡོད། གཏེར་ཁའི་ཆ་རྐྱེན་བཟང་ཞིང་། ད་ལྟ་སྔོག་འདོན་བྱས་ཡོད་པའི་སྐོར་ལ། གསེར་དང་། དངུལ། ལྕགས། ཞེན། མེན། ཏ་ལི་རྡོ་སོགས་བྱུང་ཡོད། སེམས་ཀྱི་ཉི་ཟླ་འདི་ནི་སྙན་པའི་གྲགས་པ་གོ་ལའི་ཁྱོན་ན་ལྡིར་བའི་གཙང་གསུམ་མཉམ་བཞུར་ལྗོངས་ཁུལ་གྱི་ལྟེ་བར་ཆགས་ཡོད་པས། གངས་རིའི་ཕྲེང་བ་མུ་ཆགས་ནས་སྒྲིག་ཅིང་། རྩྭ་ཐང་ཁོད་སྙོམས་པ་མ་ཟད། ཆུ་ཤུར་གྲོག་རོང་ཧ་ཅང་གཏིང་ཟབ་པ་ཡིན། གནས་འདི་ན་ས་བབ་ཀྱི་ལོ་རྒྱུས་ཐོག་ཆེས་ངོ་མཚར་བའི་འབྲི་ཆུའི་དཀྱོག་མཚམས་དང་པོ་དེ་ཡོད་ལ། འཛམ་གླིང་ན་མིང་གྲགས་ཡོད་པའི་སྟག་མཆོང་གྲོག་རོང་དང་སེམས་ཀྱི་ཉི་ཟླའི་གྲོག་རོང་ཚོགས་ཀྱིས་དབྱིབས་Vཆགས་པའི་མཚོན་བྱེད་འབུར་ཐོན་ཅན་གྱི་གྲོག་རོང་གྲུབ་ཡོད། གངས་རིའི་རྩེ་མོ་དང་རྩྭ་ཐང་གི་ལྟོ་བ། ཡང་ན་ནགས་ཚལ་གྱི་ཀློང་དུ། མཐོ་སྒང་གི་མུ་ཏིག་ཏུ་མཆེད་པའི་བལ་འཐག་འཚོ་དང་། ཞོ་རྡོ་མཚོ། ཁྲུང་ཁྲུང་སྐེ་ནག་གི་སྤྲོ་སྐྱིད་ཀྱི་ཞིང་ཁམས་སུ་གྲུབ་པའི་ནགས་ཕག་མཚོ་ལ་སོགས་པ་ཆགས་ཡོད། ཆུ་དཀར་ཆུ་ནག་དང་བྲག་དཀར་ཚ་ཁ རྡོ་ཟམ་ཚ་ཁ་སོགས་ཀྱང་གནས་འདིའི་མཛེས་སྡུག་གི་རྒྱན་ལ་ཆགས་ཡོད། ཟླ5པ་ནས་ཟླ9པའི་བར་གངས་རི་དང་རྩྭ་ཐང་། ནགས་ཀློང་བཅས་སུ་མེ་ཏོག་སྣ200ལྷག་ག་ལེར་བཞད་པས། གནས་འདི་ནི་མེ་ཏོག་གི་འཇིག་རྟེན་དུ་གྱུར་ཞིང་། ལྗང་མདོག་གི་ཞིང་ཁམས་འདིའི་རི་སྔོ་ཞིང་ཆུ་དྭངས་ལ་ཀུན་གྱི་སྨོན་པ་བྱེད་ཡུལ་གྱི་གནས་མཆོག་ཅིག་ཏུ་གྱུར་ཡོད། སེམས་ཀྱི་ཉི་ཟླའི་མངའ་ཁོངས་ན་རྡོ་ཆས་རྙིང་བའི་དུས་རབས་ཀྱི་ཚུན་ནས་མིའི་རིགས་ཀྱིས་འགུལ་སྐྱོད་བྱས་པའི་ལོ་རྒྱུས་ཡོད་ཅིང་། རྡོ་ཆས་གསར་བའི་དུས་སྐབས་ནས་མིའི་རིགས་དངོས་སུ་གཞིས་སྡོད་བྱས་ཡོད། གནས་འདི་ཀན་སུའུ་དང་། མཚོ་སྔོན། སི་ཁྲོན། བོད་ལྗོངས། ཡུན་ནན་བཅས་མི་རིགས་བར་ཁྱམས་ཀྱི་འདྲེས་མཚམས་སུ་གནས་པས། མི་རིགས་སོ་སོ་གནས་འདི་རུ་འགྲོ་འོང་བྱེད་སྲོལ་ཡོད། ཤར་བགྲོད་ནུབ་འབུད་བྱས་པ་དེས་ས་འདིའི་མི་རིགས་ཀྱི་གྲུབ་ཚུལ་ཧ་ཅང་རྙོག་འཛིང་ཆེ་བ་ཞིག་ཏུ་གྱུར་ཞིང་། མི་རིགས25ཡོད་པའི་ཁྲོད་དུ། ས་འདི་ནས་ལོ་བརྒྱ་ཡན་ལ་འཚོ་བ་རོལ་ཟིན་པ་དང་། མི་གྲངས་སྟོན་ཡན་ཟིན་པའི་གཞིས་སྡོད་མི་རིགས་ལ་བོད་རིགས་དང་། འཇང་རིགས། དབྱི་རིགས། ལི་སུའུ་རིགས། པའེ་རིགས། ཁ་ཆེ་རིགས། མའོ་རིགས། ཕུའུ་མི་རིགས་བཅས་ཡོད། གནས་འདིར་གཞིས་སྡོད་བྱེད་པའི་མི་རིགས་དགུ་ཡོད་པ་དང་། སྐད་རིགས་བདུན་འཆད་ཀྱི་ཡོད། འབྲི་ཤེས་པའི་ཡི་གེ་རིགས་ལྔ་ཡོད། མི་རིགས་སོ་སོས་རང་གི་ཁྱད་ཆོས་ལྡན་ཞིང་ཡང་ཕན་ཚུན་འཆམ་མཐུན་ཡིན་པའི་སྲོལ་རྒྱུན་གྱི་གོམས་སྲོལ་རྒྱུན་འཛིན་བྱས་ཡོད། ཚོན་མདོག་སྣ་ལྔའི་མི་རིགས་གོན་ཆས་དང་། མི་རིགས་ཀྱི་གླུ་གར། ཁྱད་ཆོས་ལྡན་པའི་ཁང་བ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཟའ་བཏུང་། དམངས་ཁྲོད་ཀྱི་གཉེན་སྟོན། སྲོལ་རྒྱུན་དུས་སྟོན་སོགས་ཅི་རིགས་པ་ཡོད།
སེམས་ཀྱི་ཉི་ཟླ་རྫོང་ནི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་གཏོགས་པ་དང་། འདིའི་མངའ་ཁོངས་ནང་དུ་གྲོང་རྡལ4དང་ཤང7 (དེ་དག་རེ་རེ་ནི་རྒྱལ་ཐང་གྲོང་རྡལ་དང་། ཡང་ཐང་གྲོང་རྡལ། གཏེར་མ་རོང་ཤང་། སྐད་ཚག་ཤང་། ཉི་ཤར་ཤང་། ལྔ་ཤོག་ཤང་། ཧྲང་ཅང་ཤང་། ཅིན་ཅང་གྲོང་རྡལ། སྟག་མཆོང་གྲོག་རོང་གྲོང་རྡལ། སན་པ་ཤང་། ལའོ་ཅི་ཤང་བཅས་ཡིན།)ཡོད་ལ། གྲོང་མི་ཨུ་ལྷན(སྡེ་ཁུལ)63ཡོད། གྲོང་མི་ཚོ་ཆུང688དང་། རང་བྱུང་གྲོང་སྡེ818ཡོད། རྫོང་མཁར་སྡོད་ས་དེ་རྒྱལ་ཐང་གྲོང་རྡལ་དུ་ཆགས་ཡོད་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི3300ཡོད། བདེ་ཆེན་ཁུལ་སྲིད་གཞུང་གནས་ས་དང་སེམས་ཀྱི་ཉི་ཟླ་རྫོང་སྲིད་གཞུང་གནས་ས་ཚང་མ་རྒྱལ་ཐང་རྫོང་ཡིན་ལ། ཞིང་ཆེན་གྱི་ལྟེ་བ་ཁུན་མིང་གྲོང་ཁྱེར་དང་བར་ཐག་སྟོང་སྨི706ཡོད། 2011ལོའི་ལོ་མཇུག་ཏུ་ཁྱིམ་ཐོའི་མི་གྲངས174585ཡོད། དེའི་ཁྲོད་དུ་ཞིང་ལས་མི་གྲངས་མ་ཡིན་པའི་མི27025ཡོད། རྒྱ་རིགས་མི20765ཡོད། གྲངས་ཉུང་མི་རིགས་མི124500ཡོད། གྲོང་རྡལ་གྱི་མི་གྲངས36788ཡོད་ལ། མི་གྲངས་ཤི་ཚད་ནི་སྟོང་ཆའི4.8ཡིན། མི་གྲངས་སྐྱེས་ཚད་ནི་སྟོང་ཆའི10.68ཡིན། མི་གྲངས་རང་བྱུང་གིས་འཕར་ཚད་དེ་སྟོང་ཆའི5.88ཡིན།