འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་།

རྩོམ་པ་པོ།   སྲོལ་མ་ལྷ་མཚོས་བསྒྲར།  ཡིག་བསྒྱུར།       དུས་ཚོད།   2013-05-07   རྩོམ་ཁུངས།   

 


 


        1958ལོར། འབའ་ལུང་རྫོང་གི་མངའ་ཁོངས་སུ་ཀོ་ཏེང་རྡོ་ཆས་སྤྱོད་པའི་དུས་རབས་གསར་པའི་རྗེས་ཤུལ་རྙེད་པ། རྫ་ཆུའི་འགྲམ་གྱི་གྲོང་སྡེ་འགའ་རུ་རྡོའི་སྟ་རེ་དང་། རྡོའི་གྲི འཁལ་འཕང་སོགས་རྐོ་ཐོབ་པས། རྡོ་ཆས་སྤྱོད་པའི་དུས་རབས་གསར་པའི་སྐབས་ནས་རྫོང་དེའི་མངའ་ཁོངས་སུ་མིའི་རིགས་ཀྱིས་འཚོ་བ་གནས་པ་དང་རྒྱུད་འཕེལ་བར་མཚོན་ཡོད། རྫོང་དེར་ཐང་དང་སུང་རྒྱལ་རབས་ཀྱི་དུས། སྔ་རྗེས་སུ་བོད་དང་། ནན་ཀྲུའོ། ཏ་ལི་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པ། ཀྲི་ཡོན་ལོ་བཅུ་བཞིར་ལིན་ཞི་རྫོང་འཛུགས་པ། དེ་ནི་ཐོག་མར་སྲིད་གཞུང་འཛུགས་འགོ་ཚུགས་པ་རེད། ཆིན་རྒྱལ་རབས་ཡུང་ཀྲེང་ལོ་ལྔ་པར་འབའ་ལུང་ཐེང་འཛུགས་པ་དང་། མི་སེར་རྒྱལ་ཁབ་ཏུ་ཐེང་དོར་ནས་རྫོང་འཛུགས་པ། དེ་ནས་བཟུང་ད་ལྟའི་བར་དུ་མིང་འདི་སྤྱོད་ཡོད་པ་རེད། 1949ལོའི་ཟླ5པའི་ཚེས12ཉིན། ཀྲུང་གུང་འབའ་ལུང་གི་ཏང་རྩ་འཛུགས་ཀྱིས་མང་ཚོགས་རང་སྲུང་དམག་དཔུང་སྣེ་ཁྲིད་དེ་དྲག་པོའི་གྱེན་ལངས་བྱས་པས། གོ་མིན་ཏང་གིས་འགོ་ཁྲིད་བྱེད་པའི་འབའ་ལུང་རྫོང་སྲིད་གཞུང་མགོ་མཇུག་སློག་ནས། གནས་སྐབས་མི་དམངས་སྲིད་གཞུང་འཛུགས་ཏེ། འབའ་ལུང་རྫོང་གནས་སྐབས་སྤྱི་གྲོས་ལྷན་ཚོགས་ཞེས་མིང་བཏགས་པ། 1949ལོའི་ཟླ10པའི་ཚེས1ཉིན། འབའ་ལུང་རྫོང་མི་དམངས་སྲིད་གཞུང་དབུ་བརྙེས་པ། ཏན་ནུབ་བྱང་མི་དམངས་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས་པ། 1957ལོའི་ཟླ9པའི་ཚེས13ཉིན། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཛུགས་ཏེ། འབའ་ལུང་རྫོང་ལ་བདེ་ཆེན་ཁུལ་དུ་འཇོག་པ་རེད། 1985ལོའི་ཟླ6པའི་ཚེས11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབའ་ལུང་རྫོང་འཐེན་ནས་འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་འཛུགས་པའི་ཆོག་མཆན་སྤྲད་པ། 1985ལོའི་ཟླ10པའི་ཚེས13ཉིན་འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་དངོས་སུ་དབུ་བརྙེས་པར་ཡོངས་བསྒྲགས་བྱས་པ་རེད།
        འབའ་ལུང་རྫོང་ལ་རྒྱལ་ཡོངས་ཀྱི་ལི་སུའུ་རིགས་རང་སྐྱོང་རྫོང་གཅིག་པུ་ཡིན་པས། འཕྲེད་ཐིག་བྱང་མ26°53′~28°02′དང་ཤར་གྱི་གཞུང་ཐིག98°54′~99°34′ཡི་བར་དང་། འབྲི་ཆུ་དང་། རྫ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་གཙང་གསུམ་མཉམ་བཞུར་འཛམ་གླིང་རང་འབྱུང་ཤུལ་བཞག་གི་དཀྱིལ་ཁུལ་དུ་ཆགས་པས། མི་ཡུལ་དུ་ལྷ་ཡུལ་ལྟ་བུའི“སེམས་ཀྱི་ཉི་ཟླ་”ཡི་གྲུབ་ཆ་གཙོ་བོ་ཡིན། རྫོང་དེ་ལ་མཚོ་བོད་མཐོ་སྒང་དང་ཡུན་ཀུའེ་མཐོ་སྒང་གི་བར་བརྒལ་ས་ཁུལ་ཡིན་ལ། ཤར་ཕྱོགས་སུ་སེམས་ཀྱི་ཉི་ཟླ་རྫོང་དང་ས་མཚམས་འབྲེལ་བ། ལྷོ་ཕྱོགས་སུ་ནུ་ཅང་ཁུལ་ལན་ཕིན་རྫོང་དང་འབྲེལ་བ། ཤར་ལྷོ་རུ་ས་ཐང་གྲོང་ཁྱེར་ཡུས་ལུང་རྫོང་དང་མཐུད་པ། ནུབ་ཕྱོགས་སུ་ནུ་ཅང་ཁུལ་གུང་ཧྲང་། ཧྥུའུ་གུང་རྫོང་གཉིས་དང་འབྲེལ་བ། བྱང་ཕྱོགས་སུ་བདེ་ཆེན་རྫོང་ལ་མཐུད་པ་རེད། འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་གི་ས་ཆའི་གནས་བབ་མངོན་གསལ་རང་བཞིན་ལྡན་པས། ཡུན་ནན་ཞིང་ཆེན་ནས་བོད་ལྗོངས་སུ་སྐྱོད་དེ་ཨེ་ཤ་ཡ་ལྷོ་མར་འགྲུལ་པའི་ལམ་བུར་གྱུར་བ་དང་། བོད་ཁུལ་དང་མེས་རྒྱལ་མཉམ་འབྲེལ་བྱེད་པའི་འགག་རྩ་རུ་གྱུར་ཡོད། རྫོང་ཡོངས་ཀྱི་རྒྱལ་ཁབ་ཀྱི་མངའ་ཁོངས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4661ཡོད་དེ། ཤར་ནུབ་ཆེས་རིང་བ་སྤྱི་ལེ70དང་། ལྷོ་བྱང་གི་རིང་ཐང་སྤྱི་ལེ122ཡོད་པ། རྫོང་མཁར་པའོ་ཧོ་གྲོང་རྡལ་ནས་ཡུན་ནན་ཞིང་ཆེན་གྱི་ལྟེ་གནས་ཁུན་མིང་གི་བར་སྤྱི་ལེ689ཡོད་པ་དང་། བདེ་ཆེན་ཁུལ་གྱི་ལྟེ་གནས་སེམས་ཀྱི་ཉི་ཟླ་རྫོང་མཁར་གྱི་བར་སྤྱི་ལེ219ཡོད་པ། པའོ་ཧོ་གྲོང་རྡལ་གྱི་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི2320ཡིན་པ་རེད། འབའ་ལུང་རྫོང་གི་མངའ་ཁོངས་སུ་རྒྱ་མཚོ་ངོས་ལས་མཐོ་ཚད་3000ཡན་གྱི་རི་མགོ164ཡོད་དེ། མངའ་ཁོངས་སུ་རྒྱ་མཚོ་ངོས་ལས་མཐོ་ཚད་མཐོ་ཤོས་ནི་སྨི4880ཡིན་ལ། དམའ་ཤོས་སྨི1486ཡིན་པས། རྒྱ་མཚོ་ངོས་ལས་མཐོ་ཚད་ཀྱི་ཧེ་བག་སྨི3394ཡོད་པ་རེད།
        རྫོང་དེར་ཚ་ཁུལ་དང་དྲོ་ཁུལ་དུས་རླུང་མཐོ་སྒང་རི་ཁུལ་གྱི་གནམ་གཤིས་སུ་གཏོགས་པ། མངའ་ཁོངས་ཀྱི་ས་གཤིས་སྒྲིག་གཞི་སྣ་མང་ཞིང་རྒྱ་མཚོ་ངོས་ལས་མཐོ་ཚད་ཁྱད་པ་ཆེ་བས། འོད་དང་། དྲོ་ཚད། གནམ་ཆུ་འབབ་པ་སོགས་ཚང་མ་མི་འདྲ་བས། ལངས་གཟུགས་ཀྱི་གནམ་གཤིས་ཆགས་ཡོད་པ། 
        འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་ལ་རྒྱུན་དུ“འཕྲེད་རྒྱུག་རི་རྒྱུད་ནང་གི་མར་གད”དང་“གཙང་གསུམ་གྱི་ནོར་བུ”ཡི་མཚན་སྙན་ཡོད་པ་དང་། “སྨན་རིགས་འབེལ་པོ་ཡོད་པའི་ས་ཁུལ”དང་། “ཀྲུང་གོའི་སྣ་མའི་མེ་ཏོག་འབེལ་པོ་ཡོད་པའི་ས་ཁུལ”“རྩེ་ཤིང་གི་ཐོན་ཁོངས་འབེལ་པོ་ཡོད་པའི་ས་ཁུལ”“སྲོག་ཆགས་འབེལ་པའི་ས་ཁུལ་”“ཀྲུང་གོའི་ལི་སུའུ་རིགས་ཀྱི་རིག་གནས་འབྱུང་གནས”སོགས་ཀྱི་མཚན་སྙན་ཡང་ཡོད། མངའ་ཁོངས་སུ་ས་བོན་གྱི་རྩི་ཤིང་རིགས2537ཡོད་པ། དེའི་ནང་དུ་ཐུའུ་ཧྲན་དང་། ཡུན་ནན་གྱི་ཧྥེ་ཤིང་། རྫ་ཆུ་ས་ཁུལ་གྱི་ཧོང་ཧྲན་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོ་དང་། གཉིས་པ། གསུམ་པའི་སྲུང་སྐྱོང་རྩི་ཤིང་སྣ་ཁ7ཡོད། སྨན་རིགས་རྩི་ཤིང་རིགས867ཡོད་དེ། དེའི་ནང་དུ་རྩ་ཆེ་བའི་སྨན་རིགས་སྣ་ཁ10ལྷག་ཡོད་པ་རེད། གཞན་ཡང་འབའ་ལུང་རྫོང་དུ་མིའི་ཐབས་ཀྱིས་སྨན་རིགས་འདེབས་པའི་ལོ་རྒྱུས་རིང་པོ་ཡོད་པས། ཁྱད་པར་དུ་ལྕ་བ་དང་། ཡུན་མུ་ཤང་། ཀླ་བདུད་རྡོ་རྗེ། ཀྱི་ལྕེ། སྡོང་ཕུང་། ཁྲུང་ལོའུ་སོགས་ཅུང་མིང་གྲགས་ཡོད་པ་ཡིན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་“རྒྱལ་ཡོངས་སྨན་རིགས་རྟེན་གཞིའི་རྫོང་”གཏན་འཁེལ་བྱེད་མྱོང་རེད། རེ་སྐྱེས་མཛེས་ཅན་རྩི་ཤིང་དང་རི་མཐོའི་མེ་ཏོག་གི་རྣམ་གྲངས་ཧ་ཅང་མང་པོ་ཡོད་དེ། སྟག་མ་དང་། སྣ་མའི་མེ་ཏོག ཡུན་ནན་གྱི་རི་སྐྱེས་དཔྱིད་འགོའི་མེ་ཏོག་སོགས་སྣ་ཁ360ལྷག་ཡོད་པས། རྒྱལ་ཁབ་ཕྱི་ནང་ས་ཆ་མང་པོར་འཚོང་བ་ལ། ཚོང་པ་རྣམས་ཀྱི་དགའ་བསུ་ཐོབ་པ་རེད། གཞན་ཡང་། འབའ་ལུང་རྫོང་དུ་སྣ་མའི་མེ་ཏོག་གྲགས་ཅན་མང་པོ་ཡོད་པས། བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ཚུན། འབའ་ལུང་རྫོང་གི་སྣ་མའི་མེ་ཏོག་ཞིང་ཆེན་ཕྱི་ནང་དང་རྒྱལ་སྤྱིའི་སྣ་མའི་མེ་ཏོག་གི་བཤམས་སྟོན་དུ་ཐེངས་མང་པོ་ཞུགས་མྱོང་བ་རེད།
        འབའ་ལུང་ནི“རི་སྐྱེས་སྲོག་ཆགས་ཀྱི་སྐྱིད་ཚལ”ཡིན་པ། མངའ་ཁོངས་སུ་རི་སྐྱེས་སྐལ་རུས་ཅན་གྱི་སྲོག་ཆགས་རིགས716ཡོད་དེ། ཡུན་ནན་ཞིང་ཆེན་གྱི་རིགས་ཀྱི་བསྡོམས་གྲངས་ཀྱི47.7%ཟིན་པ་དང་། རྒྱལ་ཡོངས་ཀྱི་རིགས་ཀྱི་བསྡོམས་གྲངས་ཀྱི25.9%ཟིན་པ། དེའི་ནང་དུ་རྒྱལ་ཁབ་ཀྱིས་སྲུང་སྐྱོང་བྱེད་པའི་གལ་ཆེའི་སྲོག་ཆགས་ཏན་སྤྲེའུ་སྤུ་སེར་དང་། ཡུན་ནན་གྱི་གཟིག དོམ་ལྟ་བུ་རིགས་བརྒྱ་ཙམ་ཡོད་པ། རྒྱལ་ཁབ་ཀྱི་ནོར་བུ་བྱི་ལེ་དོམ་དང་སྐད་གྲགས་མཉམ་པའི་ཏན་སྤྲེའུ་སྤུ་སེར་གྱི་སྡོད་ས་གལ་ཆེན་ཡིན་པས། “ཏན་སྤྲེའུ་སྤུ་སེར་གྱི་ཕ་ཡུལ”གྱི་མཚན་སྙན་ཡོད། མིག་སྔར་རྫོང་དེའི་མངའ་ཁོངས་ཀྱི་ནགས་ཚལ་དུ་ཏན་སྤྲེའུ་སྤུ་སེར་གྱི་རིགས་ཚོགས11ཡོད་དེ། མགོ་གྲངས1000ལྷག་ཟིན་པ། གཞན་ཡང་། རྫོང་དེར་ལྟོ་འགྲོ་དང་ཆུ་སྐྱེས་སྲོག་ཆགས་ཀྱང་རིགས་སྣ་མང་པོ་ཡོད་པ་རེད།
        འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་དུ་ཆུ་ནུས་ཐོན་ཁུངས་ཧ་ཅང་འབེལ་པོ་ཡོད་པ། རྫ་ཆུ་མངའ་ཁུངས་སུ་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་སྤྱི་ལེ165བཞུར་བ་དང་། འབྲི་ཆུ་རྫོང་དེའི་ཤར་བྱང་དུ་སྤྱི་ལེ13བཞུར་བ། རྫོང་ཡོངས་སུ་ཆུ་བོ་ཆེ་ཆུང་མི་འདྲ་བ་བསྡོམས་ནས763ཡོད་དེ། རྫ་ཆུ་དང་འབྲི་ཆུ་རུ་འཛོམས་པ། དེའི་ནང་དུ་ཡུང་ཁྲུན་ཆུའི་འབབ་རྒྱུན་སྤྱི་ལེ57ཡིན་པ་དང་། བླ་ཕུ་ཆུའི་འབབ་རྒྱུན་སྤྱི་ལེ74ཡིན་པས། ཆུ་བོ་ཆེན་པོ་གཉིས་ཀྱི་གཞུང་རྒྱུན་གཙོ་བོ་གཉིས་ཡིན་རེད། 
        འབའ་ལུང་རྫོང་ལ“གཙང་གསུམ”གྱི་གཏེར་ཁ་ཆགས་རྒྱུད་དུ་གནས་པས། གཏེར་མའི་ཐོན་ལས་གོང་འཕེལ་གྱི་མི་མངོན་པའི་ནུས་ཤུགས་ཆེན་པོ་ཡོད་པ། མངའ་ཁོངས་སུ་རྩད་ཆོད་པའི་གཏེར་རིགས་ལ་ལྕགས་དང་། ཟངས། དངུལ། གསེར་སོགས་སྣ་ཁ་20ཙམ་ཡོད་དེ། ཁྱད་པར་དུ་ལྕགས་གཏེར་ཅུང་འབེལ་པོ་ཡོད། ཚུའུ་གེ་ཙ་ལྕགས་གཏེར་དང་། ཆིན་ཧྥུའུ་ལྕགས་གཏེར། ཁྲང་ཕུའུ་ཐང་ལྕགས་གཏེར་ལ་འབའ་ལུང་རྫོང་གི་གཞི་ཁྱོན་ཅུང་ཆེ་བའི་ལྕགས་གཏེར་ཁག་གསུམ་རེད། གཞན་ཡང་མདོག་ལྡན་ལྕགས་རིགས་ཀྱི་གཏེར་རིགས་དང་ལྕགས་རིགས་མིན་པའི་གཏེར་རིགས་ཀྱང་མངའ་ཁོངས་ཀྱི་ཁག་འགའ་རུ་ཡོད།
        འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་ལ་ལི་སུའུ་རིགས་གཙོ་བོ་ཡིན་པའི་མི་རིགས་མང་པོ་འདྲེས་སྡོད་བྱེད་པ་དང་ཆོས་ལུགས་མང་པོ་མཉམ་དུ་གོང་འཕེལ་གཏོང་བའི་རྫོང་ཞིག་ཡིན་པས། ལོ་རྒྱུས་རིང་པོ་དང་འབུར་དུ་ཐོན་པའི་རིག་གནས་སྣ་མང་རང་བཞིན་གྱི་ཁྱད་ཆོས་ལྡན་པ་རེད། རྒྱ་རིགས་མ་གཏོགས་པར་རྫོང་ཡོངས་སུ་གྲངས་ཉུང་མི་རིགས20ཡོད་ལ། རྫོང་ཡོངས་ཀྱི་མི་གྲངས་སུ་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཁྲི12.39ཡོད་དེ། མི་གྲངས་སྤྱིའི85.17%ཟིན་ཡོད་པ་དང་། ལི་སུའུ་རིགས་ཀྱི་མི་གྲངས་ལ་སྤྱིའི་མི་གྲངས་ཀྱི56.23%ཟིན་ཡོད། གྲངས་ཉུང་མི་རིགས་ཀྱི་སྤྱིའི་མི་གྲངས་ཀྱི66.02%ཟིན་ཡོད་པ། གནའ་རྫས་དཔྱད་ཞིབ་མང་པོས་ར་སྤྲོད་བྱས་པར་ལྟར། རྡོ་ཆས་སྤྱོད་པའི་དུས་རབས་སྔ་མའི་དུས་ནས་བཟུང་། ས་ཆ་དེར་མིའི་རིགས་ཀྱིས་འཚོ་སྡོད་བྱེད་ཡོད་པ། ཐང་རྒྱལ་རབས་ནས་མིང་དང་ཆིན་རྒྱལ་རབས་བར། སྔ་རྗེས་སུ་རྒྱ་རིགས་དང་། འཇང་རིགས། པའེ་རིགས་སོགས་མི་རིགས་མང་པོ་འབའ་ལུང་དུ་སླེབས་པ། མི་རིགས་སོ་སོའི་རིག་གནས་ཁག་རང་གི་ཁྱད་ཆོས་ལྡན་ཞིང་ཕན་ཚུལ་ཤུགས་རྐྱེན་ཐེབས་པ་དང་མཉམ་འབྲེལ་བྱེད་ཡོད་པ། འབའ་ལུང་རྫོང་གི་སྐད་གྲགས་ཆེ་བའི་དམངས་ཁྲོད་གླུ་གར་ལ་ལི་སུའུ་རིགས་ཀྱི“ཨ་ཁྲེ་མུའུ་ཀུའོ་”དང་“ཝ་ཆི་ཆི།” མཐའ་ཆུ་བོད་ཀྱི་“རལ་པ།” འཇང་རིགས་ཀྱི་གླུ་རྙིང་“ཨ་ལེ།” པའེ་རིགས། ཕུའུ་མི། དབྱི་རིགས་སོགས་གྲངས་ཉུང་མི་རིགས་རྣམས་ཀྱི་དམངས་ཁྲོད་གླུ་གར་མང་པོ་ཡོད། ལི་སུའུ་རིགས་ཀྱི་གནམ་དཔྱད་དང་། སྐར་རྩིས། མོ་རྒྱག་པ། ལྷ་སྒྲུང་དང་གཏམ་རྒྱུད། དམངས་ཁྲོད་གླུ་གཞས་སོགས་ལ་ཅུང་མཐོ་བའི་ཚན་རིག་ཞིབ་འཇུག་གི་རིན་ཐང་ཡོད་པ་རེད། “ཀྲུང་གོའི་ཟློས་གར་ལོ་རྒྱུས་ཐོག་གི་འགྱུར་རྡོ་གསོན་པའི་”མཚན་སྙན་ཡོད་པའི་ཏ་ཚིའི་ཟློས་གར་ཡོད་པས། མིག་སྔར་རྒྱལ་ནང་ལ་འབའ་ལུང་རྫོང་པའོ་ཧོ་གྲོང་རྡལ་ཏེ་ས་ཆ་གཅིག་པུའི་རྒྱ་རིགས་ཁྲོད་དུ་དར་བཞིན་ཡོད། རྒྱལ་ཡོངས་ཟློས་གར་རྣམ་གྲངས300ལྷག་གི་ནང་དུ་ཅུང་རྩ་ཆེ་བའི་ས་གནས་ཀྱི་ཟློས་གར་རིགས་ཤིག་ཡིན། ལི་སུའུ་རིགས་ཀྱི་མི་སེར་ཝ་རིན་པའོ་ཡིས་ཅུང་འཐུས་སྒོ་ཚང་ཞིང་གོ་རིམ་ལྡན་པའི་ལི་སུའུ་རིགས་ཀྱི་ཚེག་བར་ཅན་གྱི་ཡི་གེ་གསར་གཏོད་བྱས་ཏེ། ལི་སུའུ་རིགས་ལ་ཡི་གེ་མེད་པའི་ལོ་རྒྱུས་མཇུག་སྒྲིལ་བ། འབའ་ལུང་རྫོང་དུ་བོད་བརྒྱུད་ནང་བསྟན་དང་། གནམ་བདག་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་ཏེ་ཆོས་ལུགས་ཆེན་པོ་གསུམ་མཉམ་གནས་བྱེད་པ། དེ་དང་ཆབས་ཅིག་གྲངས་ཉུང་མི་རིགས་སོ་སོ་མང་ཆེ་བར་རང་གི་གདོད་མའི་ཆོས་ལུགས་ཡོད་པས། ཡིན་ན་ཡང་ཆོས་ལུགས་སྣ་ཚོགས་དང་མི་རིགས་སོ་སོ་མཐུན་སྒྲིལ་ཞིང་མཉམ་གནས་བྱེད་ཡོད་པ་རེད།
        འབའ་ལུང་རྫོང་ལ་ཤང་7དང་གྲོང་རྡལ3(པའོ་ཧོ་གྲོང་རྡལ་དང་། ཡུང་ཁྲུན་ཤང་། མཐའ་ཆུ་གྲོང་རྡལ། ཝེ་ཏེང་ཤང་། ཀྲུང་ལུའུ་ཤང་། པེ་ཅི་ཤུན་ཤང་། ཁང་ཕུའུ་ཤང་། ཡེ་ཀྲི་གྲོང་རྡལ། འབའ་སྡེ་ཤང་བཅས་ཡིན།)ཡོད་པ་དང་། བསྡོམས་ནས་གྲོང་མི་ཨུ་ཡོན་ལྷན་ཁང་79དང་། ཡུལ་མི་ཨུ་ཡོན་ལྷན་ཁང་3  གྲོང་མི་ཚོ་ཆུང་1026ཡོད་པ་རེད།
        2011ལོའི་ལོ་མཇུག་ཏུ་མི་གྲངས་བསྡོམས་ནས154997(སྤྱི་བདེ་ཅུས་ཀྱིས་འབུལ་བའི་ཁྱིམ་ཐོའི་མི་གྲངས)ཡོད་པས། དེའི་ནང་དུ་ཞིང་ལས་མི་གྲངས་ལ་142154ཡིན་ཏེ། མི་གྲངས་བསྡོམས་འབོར་གྱི91.71%ཟིན་ཡོད་པ། མི་གྲངས་བསྡོམས་འབོར་གྱི་ནང་དུ་གྲངས་ཉུང་མི་རིགས86.59%ཟིན་པ་དང་། ལི་སུའུ་རིགས56.72%ཟིན་ཡོད། ལོ་ནང་དུ་སྐྱེ་བའི་མི་གྲངས1512ཡོད་པ་དང་། ཤི་བའི་མི་གྲངས1020ཡོད་དེ། མི་གྲངས་ཀྱི་རང་བྱུང་འཕར་ཚད་ལ་3.2%ཡིན་པ་རེད།(སྒྲོལ་མ་ལྷ་མཚོས་བསྒྱུར།)