བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་གནས་ཚུལ་རགས་བསྡུས།

རྩོམ་པ་པོ།   ཆོས་ལྡན་གྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-05-08   རྩོམ་ཁུངས།   

        1958 ལོར།དེང་སང་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་གྱི་ཀོ་ཏིང་གྲོང་སྡེར་ཀོ་ཏིང་རིག་གནས་ཀྱི་རྗེས་ཤུལ་རྙེད་ཅིང་།གནའ་རྫས་རྟོག་ཞིབ་བྱས་པར་བརྒྱུད་ནས་དེ་ནི་ད་བར་ལོ་སྟོང་ཕྲག་བདུན་བརྒྱད་ཙམ་ཡོད་པའི་རྡོ་ཆས་གསར་པའི་རིག་གནས་རྗེས་ཤུལ་ཡིན་པར་གཏན་ཁེལ་བྱས།ཐང་ཝུའུ་ཏའེ་ཁྲི་ལོ་བཞི་པར (སྤྱི་ལོ་ 621 ལོ) ཧྲིང་ཀྲོའུ་བཙུགས་ཏེ།འབའ་ལུང་དང་རྒྱལ་ཐང་ (དེང་སང་གི་སེམས་ཀྱི་ཉི་ཟླ་རྫོང་) གི་ས་ཆ་ཁ་ཤས་ནི་ཐང་རྒྱལ་རབས་ཀྱི་ཅན་ལྷོ་ཏའོ་ཡའོ་ཀྲོའུ་བདེ་སྲུང་དམག་དཔོན་ལས་ཁུངས་ཀྱི་འཇམ་སླུ་ཀྲོའུ་བཅུ་གསུམ་གྱི་ཁོངས་སུ་གཏོགས།རྒྱལ་རབས་ལྔའི་དུས་ཀྱི་ཅིན་རྒྱལ་རབས་རྗེས་མའི་ཐན་ཧྥུ་ལོ་གཉིས (སྤྱི་ལོ་ 937 ལོ) ལ་ཏོན་སི་ཕིང་གིས་དབྱང་ཀང་ཀྲིང་བཀྲོངས་ནས་ས་གནས་སྲིད་དབང་བཙུགས་པ་དང་།མིང་ལ་ཏ་ལི་རྒྱལ་ཁབ་ཞེས་བཏགས་ཏེ།ནན་ཀྲའོ་ཡི་ཚབ་བྱས་པ་རེད།འབའ་ལུང་གི་ཁོངས་གཏོགས་བསྒྱུར་ནས་ཏ་ལི་རྒྱལ་ཁབ་ལ་གཏོགས་པ་རེད།སུང་རྒྱལ་རབས་ཀྱི་སྐབས་སུ (སྤྱི་ལོ་ 960 ནས་སྤྱི་ལོ་ 1254 ལོ་བར) ཏ་ལི་རྒྱལ་ཁབ་ཀྱིས་དྲག་དཔུང་ལས་ཁུངས་མེད་བར་བཟོས་ནས་ཀྲིང་བཞི་དང་ཧྥུ་བརྒྱད་བཙུགས་ཏེ།འབའ་ལུང་རྫོང་ཁོངས་དེ་འཇང་རིགས་ཀྱི་ཚོ་དཔོན་ཆེན་མོའི་ཁོངས་སུ་གཏོགས་པ་རེད་དེ།ཀྲིང་བཞིའི་ནང་གསེས་ཀྱི་ཁྲིང་ཅི་ཀྲིང་དུ་གཏོགས་ཤིང་ཡུལ་མིང་ལ་ལུའོ་ཅན་ཞེས་བཏགས་པ་རེད།དེ་ནི་ཏ་ལི་རྒྱལ་ཁབ་ཀྱི་ཆེས་མཐའ་མཚམས་ཀྱི་བཙན་འགག་ས་ཆ་ཞིག་རེད།མངའ་ཁོངས་ནང་གི་བོད་ཁུལ་ནི་སུང་རྒྱལ་རབས་ཀྱི་སྐབས་སུ་བོད་བརྒྱུད་ནང་བསྟན་དར་བའི་ས་ཆ་ཞིག་ཏུ་གྱུར་ཞིང་།འབྲི་ཆུའི་རྒྱུད་ཀྱི་ས་ཆ་ནི་འཇང་རིགས་ཚོ་དཔོན་ཆེན་མོ་ཡིས་བཟུང་བ་རེད།སུང་རྒྱལ་རབས་ལྷོ་མའི་པའོ་ཡིའུ་ཁྲི་ལོ་དང་པོར (སྤྱི་ལོ་ 1253 ལོ) སེ་ཆེན་གྱིས་དམག་དཔུང་ཆེན་མོ་དྲངས་ནས་ཏ་ལི་རྒྱལ་ཁབ་དབང་དུ་བསྡུས་པ།ཡོན་རྒྱལ་རབས་ཀྱི་ལོ་བརྒྱད་པར་ (སྤྱི་ལོ་ 1271 ལོ) སླེབས་དུས།སེ་ཆེན་གྱིས་ཝུའུ་ཏུའུ་མན་མངགས་ནས་སོག་པོའི་དམག་དཔུང་དྲངས་ཏེ་རྒྱལ་ཐང་དུ་བཅའ་སྲུང་བྱས།ཡོན་རྒྱལ་རབས་ལོ་སུམ་ཅུར(སྤྱི་ལོ་1293ལོའི་ཟླ་9པ)།ཡུན་ནན་གྱི་རྒྱལ་ཐང་ས་ཆ་དེ་ཆོས་སྲིད་སྤྱི་ཁྱབ་ཀྱི་མངའ་ཁོངས་སུ་གཏོགས་པ་རེད།
       མིང་རྒྱལ་རབས་ཀྱི་ཧུང་ཝུའོ་ཁྲི་ལོ་དགུ་པར (སྤྱི་ལོ 1372 ལོ) །འཇོལ་ས་ཆ་དེ་བོད་ཀྱི་སྨར་ཁམས་དང་འབའ་ཐང་གི་ཁོངས་སུ་གཏོགས་པ།ཆིང་རྒྱལ་རབས་ཀྱི་ཁམས་ཞི་ཁྲི་ལོ་དྲུག་པའི་ཟླ་བརྒྱད་པར (སྤྱི་ལོ་ 1667 ལོ) མཚོ་སྔོན་གྱི་སོག་པོ་ཧོ་ཧྲུའོ་ཐེ་ཚོ་པས་དགེ་ལུགས་པའི་གདན་འདྲེན་ཞུས་པ་ལྟར་དམག་དཔུང་དྲངས་ནས་རྒྱལ་ཐང་བཙན་བཟུང་བྱས་ཤིང་།རྒྱལ་ཐང་ལ་རྡོ་མཁར་རྫོང་བཙུགས་པ།རྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་མོས་རྫོང་དཔོན་མངགས་ནས་རྒྱལ་ཐང་ས་ཆ་དོ་དམ་བྱས་པ་དང་ཁྲལ་བསྡུ་བ་རེད།ཁམས་ཞི་ཁྲི་ལོ་ལྔ་བཅུ་ང་གཅིག་པར་ (སྤྱི་ལོ་ 1712 ལོ) རྒྱལ་ཐང་དུ་ས་གནས་ཀྱི་ཆེས་མཐོའི་དབང་འཛིན་ལས་ཁུངས་བཙུགས་པ་སྟེ།དཔོན་ (ཡུལ་དཔོན) དང་དམངས (མི་རྒན) །ལྷ (དགོན་པ) ་བཅས་ཕྱོགས་གསུམ་ནས་གྲུབ་པའི་མཉམ་འབྲེལ་ཚོགས་འདུ་ (ཆོས་ཡོན་ཚོགས་འདུ) བཙུགས་ནས།ཆོས་ལུགས་དང་སྲིད་ཇུས།དཔལ་འབྱོར་སོགས་ཁག་སོ་སོའི་དོན་ཆེན་གྲོས་བསྡུར་བྱས་པ་རེད།ཆིང་ཁམས་ཞི་ཁྲི་ལོ་ལྔ་བཅུ་ང་བརྒྱད་པར (སྤྱི་ལོ་ 1719 ལོ) །ཆིང་རྒྱལ་རབས་ཀྱིས་འབའ་ཐང་ཚུར་ལེན་ནས་འབའ་ཐང་དུ་ཡུལ་དཔོན་རྒན་གཞོན་གཉིས་བཙུགས་ཤིང་།འཇོལ་ས་ཆ་དེ་ཡང་བསྐྱར་འབའ་ཐང་དུ་གཏོགས་པ་རེད།ཆིང་ཡུང་ཀྲིང་ཁྲི་ལོ་དང་པོར་(སྤྱི་ལོ་1723ལོ)།རྒྱལ་ཐང་ཡུན་ནན་ཞིང་ཆེན་གྱི་ཁོངས་སུ་གཏོགས།
       ཆིང་རྒྱལ་རབས་ཀྱི་ཆན་ལུང་ཁྲི་ལོ་ཉི་ཤུ་རྩ་གཅིག་པར (སྤྱི་ལོ་ 1756 ལོ) །ཡུན་ནན་དང་ཀུའེ་ཀྲོའུ་ཡི་ཙུང་ཏུའུ་ཨེ་པི་ད་ཡིས་ཆོག་མཆན་བཀོད་པ་ལྟར།འབའ་ལུང་དང་རྒྱལ་ཐང་གཉིས་ཀྱི་ཁོངས་གཏོགས་བསྒྱུར་ནས་ས་ཐང་ཧྥུ་རུ་གཏོགས་པ་དང་རྒྱལ་ཐང་གི་སྲིད་འཛིན་རིམ་པ་དེ་ཐེང་དུ་སྤར་བ་རེད།ཆིང་ཀོང་ཞུས་ཁྲི་ལོ་སུམ་ཅུ་སོ་གཉིས་པར (སྤྱི་ལོ་ 1906 ལོ) ཆིང་སྲིད་གཞུང་གིས་འཇོལ་ལ་ཨ་བརྟན་ཙི་དྲག་གནོན་ཨུ་ཡོན་བཙུགས་པ་དང་།དེ་འབའ་ལུང་གི་ཁོངས་སུ་གཏོགས་པ།
        ཀྲུང་ཧྭ་མི་སེར་རྒྱལ་ཁབ་འཛུགས་པའི་ཐོག་མར།རྒྱལ་ཐང་དང་འབའ་ལུང་།འཇོལ་བཅས་ཀྱི་ས་ཆའི་སྲིད་དབང་དེ་སྔ་ལྟར་ལུགས་རྙིང་གི་སྒྲིག་གཞི་བཞག་ཡོད་པ་རེད།མི་སེར་རྒྱལ་ཁབ་ལོ་སུམ་ཅུ་སོ་དྲུག་པར (སྤྱི་ལོ་ 1947 ལོ) །ཡུན་ནན་ཞིང་ཆེན་ཡོངས་སུ་ས་ཁོངས་བསྒྱུར་བའི་རྐྱེན་གྱིས་སྲིད་འཛིན་གྱི་ལྟ་ཞིབ་ཆུས་དེ་དེ་སྔའི་ཁག་ 7 ནས་ཁག་ 13 དུ་བསྒྱུར་ཏེ།འབའ་ལུང་ནི་སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཨང་བཅུ་གསུམ་པར་གཏོགས་པ།མི་སེར་རྒྱལ་ཁབ་སུམ་ཅུ་སོ་བདུན་ལོར (སྤྱི་ལོ་ 1948 ལོ) །སྲིད་འཛིན་ལྟ་ཞིབ་ཀྲོན་ཡོན་ཀུང་ཧྲུའུ་ཨང་བཅུ་གསུམ་པ་འབའ་ལུང་རྫོང་དུ་བཙུགས་པ།འབའ་ལུང་དང་ས་ཐང་།རྒྱལ་ཐང་།ལན་ཕིང་བཅས་རྫོང་4དང་འཇོལ་དང་ཀུང་ཧྲན།ཧྥུ་ཀུང་།པི་ཅང་བཅས་ཧྲེ་ཀྲི་ཅུས་དེའི་ཁོངས་སུ་གཏོགས་པ་རེད།
       1949 ལོའི་ཟླ་ 5 པའི་ཚེས་ 12 ཉིན།ཀྲུང་གུང་འབའ་ལུང་ཏང་རྩ་འཛུགས་ཀྱིས་མང་ཚོགས་རང་སྲུང་རུ་ཁག་ཁྲིད་ནས་དྲག་པོའི་གྱེན་ལངས་བསླངས་ཏེ་གོ་མིན་ཏང་གིས་འགོ་ཁྲིད་བྱས་པའི་འབའ་ལུང་རྫོང་སྲིད་གཞུང་རྩ་གཏོར་བཏང་སྟེ་གནས་སྐབས་མི་དམངས་སྲིད་དབང་བཙུགས་ནས།མིང་ལ་འབའ་ལུང་རྫོང་གི་གནས་སྐབས་སྤྱི་གྲོས་ལྷན་ཚོགས་ཞེས་བཏགས་པ་རེད།ཟླ་10པའི་ཚེས་1ཉིན།ཀྲུང་ཧྭ་མི་དམངས་སྤྱི་མཐུན་སྒྲིལ་ཁབ་དབུ་བརྙེས་པ་དང་།འབའ་ལུང་རྫོང་མི་དམངས་སྲིད་གཞུང་ཡང་ཉིན་དེར་དབུ་བརྙེས་ཤིང་།ཏན་ནུབ་བྱང་མི་དམངས་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས་པ། 1950 ལོའི་ཟླ་ 5 པའི་ཚེས་ 10 ཉིན།རྒྱལ་ཐང་རྫོང་མི་དམངས་སྲིད་གཞུང་དབུ་བརྙེས་ཤིང་ས་ཐང་ས་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས་པ།ལོ་དེར་ཀྲུང་གུང་ས་ཐང་ས་ཨུས་དམག་དཔུང་དང་མཉམ་ཡོད་འཐུས་མི་མངགས་ནས་བདེ་ཆེན་རྫོང་གི་སྤྱི་གྲོས་ལྷན་ཚོགས་དང་ཧྲེ་ཀྲི་ཅུས་རྩིས་ལེན་བདག་སྤྲོད་བྱས་ཏེ།རྫོང་རིམ་པའི་མི་དམངས་སྲིད་དབང་སྒྲིག་གཞི་(བདེ་ཆེན་རྫོང་ཧྲེ་ཀྲི་ཅུས)བཙུགས་ཤིང་།དེ་ས་ཐང་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས་པ་དང་།འབའ་ལུང་རྫོང་ཡང་ས་ཐང་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས་པ་རེད། 1952 ལོའི་ཟླ་ 5 པར།བདེ་ཆེན་བོད་རིགས་རང་སྐྱོང་ཆུས་དང་རང་སྐྱོང་ཆུས་ཀྱི་མི་དམངས་སྲིད་གཞུང་དབུ་བརྙེས་པ། 1955 ལོའི་ཟླ་ 12 པར།བདེ་ཆེན་རྫོང་སྐབས་དང་པོའི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དྲུག་པའི་ཐོག   བདེ་ཆེན་བོད་རིགས་རང་སྐྱོང་ཆུས་དེ་བདེ་ཆེན་རྫོང་དུ་མིང་བསྒྱུར་བའི་གཏན་འབེབས་བྱས། 1957 ལོའི་ཟླ 9 པའི་ཚེས་ 13 ཉིན།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་ལྟར།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དབུ་བརྙེས་པ་དང་།རྒྱལ་ཐང་རྫོང་དང་འབའ་ལུང་རྫོང་།བདེ་ཆེན་རྫོང་བཅས་དེའི་ཁོངས་སུ་གཏོགས་ལ།ས་ཐང་ཀྲོན་ཆུས་ཀྱིས་ཚབ་ཞུས་ནས་དོ་དམ་བྱས་པ།1973ལོ་ནས་བཟུང་།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བསླར་གསོ་བྱས་ནས་ས་ཐང་ཀྲོན་ཆུས་ཀྱིས་ཚབ་ཞུས་ནས་དོ་དམ་བྱེད་མི་དགོས་གྱུར།
        བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནི་ཏན།ཁྲོན།བོད་བཅས་ཞིང་ལྗོངས་གསུམ་གྱི་འབྲེལ་མཚམས་ཀྱི་འཕྲེད་རྒྱུག་རི་རྒྱུད་ཀྱི་གཙང་གསུམ་མཉམ་བཞུར་ས་ཁུལ་དུ་ཆགས་ཡོད་དེ།མཚོ་བོད་མཐོ་སྒང་གི་ལྷོ་སྣེར་ཆགས་ཡོད་ལ།ཡུན་ནན་ཞིང་ཆེན་གྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་ཆེས་མཐོ་བའི་ས་ཆ་ཞིག་ཡིན།ཤར་ཕྱོགས་སུ་སི་ཁྲོན་ཞིང་ཆེན་གྱི་མུ་ལི་བོད་རིགས་རང་སྐྱོང་རྫོང་དང་ས་ཐང་གྲོང་ཁྱེར་གྱི་ནིང་ལིའང་དབྱིས་རིགས་རང་སྐྱོང་རྫོང་དང་ས་མཚམས་འབྲེལ་ཡོད་པ་དང་།ལྷོ་ཕྱོགས་སུ་ས་ཐང་གཡུ་ལུང་འཇང་རིགས་རང་སྐྱོང་རྫོང་དང་ནུང་ཅང་ལི་སུའུ་རིགས་རང་སྐྱོང་ཁུལ་གྱི་ལན་ཕིང་རྫོང་དང་ཧྥུ་ཀུང་རྫོང་ལ་ས་མཚམས་འབྲེལ་ཡོད།ནུས་ཕྱོགས་སུ་བོད་ལྗོངས་ཀྱི་མཛོ་སྒང་རྫོང་དང་རྫ་ཡུལ་རྫོང་།ནུང་ཅང་ལི་སུའུ་རིགས་རང་སྐྱོང་ཁུལ་གྱི་གོང་ཧྲན་ཏུའུ་ལུང་རིགས་རང་སྐྱོང་རྫོང་དང་ས་མཚམས་འབྲེལ་ཡོད།བྱང་ཕྱོགས་སུ་བོད་ལྗོངས་ཀྱི་སྨར་ཁམས་རྫོང་དང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འབའ་ཐང་རྫོང་དང་སྡེ་རོང་རྫོང་།ཕྱག་ཕྲེང་རྫོང་།འདབ་པ་རྫོང་བཅས་དང་ས་མཚམས་འབྲེལ་ཡོད།
       བདེ་ཆེན་ནི་དྲོ་ཁུལ་དང་དྲོ་གྲང་གཉིས་ལྡན་ས་ཁུལ་གྱི་དུས་རླུང་གནམ་གཤིས་སུ་གཏོགས་པ (རོང་ཁུལ་ནི་ཡ་གླིང་བྱང་མའི་ཚ་ཁུལ་གྱི་དུས་རླུང་གནམ་གཤིས་སུ་གཏོགས་པ) །ལོ་རེའི་ཆ་སྙོམས་དྲོད་ཚད་ནི་4.7℃ནས་16.5 ℃ བར་ཡིན་ཞིང་།ཆེས་ཚ་བའི་ཟླ་བའི་ཆ་སྙོམས་དྲོད་ཚད་ནི་11.7℃ནས་24.1℃བར་ཡིན།ཆེས་གྲང་བའི་ཟླ་བའི་ཆ་སྙོམས་དྲོད་ཚད་ནི་-3.3 ℃ ནས་ 7.7℃ བར་ཡིན།ལོ་ཡོངས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི་268ནས་945བར་ཡིན།ཆར་ཆུ་འབབ་པའི་དུས་ཚིགས་ཀྱི་(ཟླ་5པ་ནས་ཟླ10པའི་བར)ཆར་ཆུ་འབབ་ཚད་ནི་ལོ་ཡོངས་ཀྱི་62.3% ནས་ 94.4% བར་བཟུང་ཡོད།བ་མོ་མེད་པའི་དུས་ཚོད་ནི་ཉིན་ 127 ནས་ཉིན 197 བར་ཡིན།ཁུལ་ཡོངས་ལ་རྫ་ཆུ་དང་འབྲི་ཆུ་བྱང་རྒྱུད་ནས་ལྷོ་རྒྱུད་དུ་བཞུར་ཡོད་དེ།འབྲི་ཆུ་བདེ་ཆེན་ཁུལ་གྱི་མངའ་ཁོངས་སུ་བཞུར་བའི་རིང་ཚད་ནི་སྤྱི་ལེ་430ཡིན་ལ།རྫ་ཆུ་བདེ་ཆེན་ཁུལ་གྱི་མངའ་ཁོངས་སུ་བཞུར་བའི་རིང་ཚད་ནི་སྤྱི་ལེ་320ཡིན་པ།ཁུལ་ཡོངས་སུ་ཆེ་ཆུང་མི་འདྲ་བའི་ཡན་ལག་ཆུ་རྒྱུན་221གཙང་པོ་གཉིས་ཀྱི་རྒྱུད་དུ་ཕྱོགས་བཞིར་ཁྱབ་ཡོད།ཁུལ་ཡོངས་སུ་ཆུའི་ཐོན་ཁུངས་ཀྱི་སྤྱིའི་འབོར་གྲངས་ནི་སྨི་ལྷམ་པ་དུང་ཕྱུར་ 119.73 ཡིན་ཞིང་།བེད་སྤྱོད་ཐུབ་ཚད་སྨི་ལྷམ་པ་དུང་ཕྱུར་ 95.7 ཡིན་པ།གཙང་པོ་གཉིས་བཞུར་རྒྱུད་ཀྱི་རིམ་པ་དང་པོའི་ཆུ་བོ་སྟེ་ཞོ་རྡོ་སྒང་ཆུ་བོ་དང་རྒྱ་ཞིང་ཆུ་བོ།ཨ་དུང་ཆུ་བོ་སོགས་ཀྱི་གསར་སྤེལ་བེད་སྤྱོད་འཐུས་ཚད་ནི་མཐོ་ཤོས་རེད།ཁུལ་ཡོངས་སུ་གསར་སྤེལ་བེད་སྤྱོད་འཐུས་པའི་ཆུའི་ཐོན་ཁུངས་ནི་ཆན་ཝ་ཁྲི་ 1370 ཡན་ཆད་ཡོད།བདེ་ཆེན་ཁུལ་གྱི་མངའ་ཁོངས་ནང་དུ་འོད་ནུས་དང་ཚ་ཚད་ཐོན་ཁུངས་ཧ་ཅང་འབེལ་པོ་ཡོད་ལ།ཆར་ཆུ་འབབ་ཚད་འདང་ངེས་ཡིན་པས།ཞིང་ལས་དང་འབྲོག་ལས་གཉེར་ཆོག་པ་དང་།མ་དངུལ་གཏོང་བ་དང་གསར་སྤེལ་བྱེད་པའི་གནམ་གཤིས་ཁོར་ཡུག་ལེགས་པོ་ཡོད་པ་རེད།
        བདེ་ཆེན་ཁུལ་གྱི་ས་གཤིས་ཀྱི་གྲུབ་ཆ་རྙོག་འཛིང་ཡིན་ཞིང་།ས་བབ་དེ་བྱང་ལ་མཐོ་ཞིང་ལྷོ་རུ་དམའ་བ།ས་ངོས་ཀྱི་ཆགས་ཚུལ་ནི་རི་ཁུལ་དང་།གནའ་སྔའི་མཐོ་སྒང་དང་རི་རྩེ་ཡིས་གཙོ་བོར་གྲུབ་ཅིང་།མངའ་ཁོངས་ནང་གི་ས་གཤིས་དེ་རི་རྒྱུད་གསུམ་གྱིས་གཙང་པོ་གཉིས་ཁྱེར་བའི་རྣམ་པ་མངོན་ཡོད་དེ།རི་རྒྱུད་གསུམ་སྟེ།སྨན་རི་རི་རྒྱུད་དང་ཡུན་ལིན་གངས་རི་རི་རྒྱུད།རྒྱལ་ཐང་གངས་རི་རི་རྒྱུད་བཅས་ཡིན་ཞིང་།རི་རྒྱུད་དེ་དག་ནི་ནུབ་ཕྱོགས་ནས་ཤར་ཕྱོགས་སུ་རིམ་བཞིན་སྟར་རུ་ཆགས་ཡོད།བདེ་ཆེན་ཁུལ་དུ་གཏེར་ཁའི་ཐོན་ཁུངས་ཕུན་སུམ་པོ་ཡོད་དེ།ད་ལྟ་འཚོལ་རྙེད་པའི་གཏེར་རིགས་ནི་གསེར་དང་དངུལ།ཟངས།ཞ་ཉེ།ཏི་ཚའི་གཏེར་ཁ་སོགས་ཡོད།ཁུལ་ཡོངས་སུ་གཏེར་རིགས་ཁག་ 24 དང་གཏེར་འདོན་ས་ཚིགས་ 323 ཡོད།ཁུལ་ནང་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་ཆེས་མཐོ་བ་དེ་ཁ་བ་དཀར་པོ་ཡིན་ཏེ།རྒྱ་མཚོའི་ངོས་ལས་སྨི་ 6740 ཡོད།ཆེས་དམའ་བའི་ས་ཆ་ནི་འབའ་ལུང་རྫོང་པི་གཡུ་ཆུ་བོའི་རྫ་ཆུར་འདུས་ས་ཡིན་ཏེ།རྒྱ་མཚོའི་ངོས་ལས་སྨི་ 1482 ཡོད།ཁུལ་སྲིད་གཞུང་ནི་སེམས་ཀྱི་ཉི་ཟླ་རྫོང་གི་རྒྱལ་ཐང་གྲོང་རྡལ་དུ་ཆགས་ཡོད་ལ།ཞིང་ཆེན་སྲིད་གཞུང་ཆགས་སའི་ཁུན་མིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་ 655 ཡོད།བདེ་ཆེན་ཁུལ་ཡོངས་སུ་ས་བབ་དང་གནམ་གཤིས་ཀྱི་རྐྱེན་གྱིས་སྐྱེ་ཁམས་ཀྱི་ཁོར་ཡུག་མི་འདྲ་བ་ཁག་གསུམ་དུ་བགོས་ཡོད་དེ།མཐོ་གྲང་ས་ཁུལ་ཏེ།རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2800ནས་སྨི་6740བར་ཡིན་པ་དང་།རི་ཁུལ་ཏེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2200ནས་སྨི་2800བར་ཡིན་པ།རོང་ཁུལ་ཏེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་1486ནས་སྨི་2200བར་ཡིན་པ་རེད།  
        ཁུལ་ཡོངས་ལ་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་23870ཡོད།ཤར་ནུབ་ཀྱི་ཞེང་ཚད་ཆེ་ཤོས་ལ་སྤྱི་ལེ་165ཡོད་ལ།ལྷོ་བྱང་གི་རི་ཚད་ཆེ་ཤོས་ལ་སྤྱི་ལེ་225ཡོད།ཁུལ་ཡོངས་ཀྱི་རྨོ་ཞིང་གི་རྒྱ་ཁྱོན་མུའུ་594730ཡོད་ལ།རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི་913.8ཡོད་པ་དང་།ནགས་ས་མུའུ་ཁྲི་1251.61ཡོད།
       1950 ལོར།བདེ་ཆེན་ཁུལ་གྱི་མངའ་ཁོངས་ཡོངས་སུ་ཞི་བས་བཅིངས་འགྲོལ་ཐོབ་པ། 1957 ལོའི་ཟླ་ 9 པར།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་པ། ཁུལ་ཡོངས་ལ་རྒྱལ་ཐང་རྫོང་དང་འབའ་ལུང་རྫོང་།བདེ་ཆེན་རྫོང་བཅས་གསུམ་ཡོད། 1985ལོའི་ཟླ6 པར།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པར་བརྒྱུད་ནས་འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་དབུ་བརྙེས་པ། 2001ལོའི་ཟླ་ 12 པའི་ཚེས་ 17 ཉིན།རྒྱལ་ཁབ་དམངས་སྲིད་པུའུ་ཡིས་ཆོག་མཆན་བཀོད་པར་བརྒྱུད་ནས་རྒྱལ་ཐང་རྫོང་དེ་སེམས་ཀྱི་ཉི་ཟླ་རྫོང་དུ་མིང་བསྒྱུར་བ་རེད། 2011 ལོར་ཁུལ་ཡོངས་སུ་རྫོང་ 3 ་དང་གསར་སྤེལ་ཆུས་གཅིག   ཤང་20དང་།གྲོང་རྡལ་9     གྲོང་མིའི་ཨུ་ཡོན་ལྷན་ཁང་(དོན་གཅོད་ཁང་)188ཡོད།
      2011 ལོའི་ལོ་མཇུག་བར།ཁུལ་ཡོངས་ལ་སྤྱིའི་མི་གྲངས་ཁྲི་ 40.28 ཡོད་པ།དེའི་ནང་དུ། ཐེམ་ཐོའི་དོ་དམ་མི་གྲངས་ 360.518 ཡོད་པ།ལོ་ཡོངས་སུ་མི་གྲངས་ 3744 སྐྱེས་པ་དེ།  མི་གྲངས་ཀྱི་སྐྱེས་ཚད་ 10.12‰ ཟིན་པ།  ཤི་བའི་མི་གྲངས་ 2151 ཟིན་པ་དེ།མི་གྲངས་ཀྱི་ཤི་ཚད་ 5.81 ‰ ཟིན་པ། མི་གྲངས་ཀྱི་རང་བྱུང་འཕེལ་ཚད་ནི་ 4.31‰ ཡིན་པ།མི་གྲངས་ཀྱི་གྲོང་རྡལ་ཅན་དུ་གྱུར་ཚད་ 25.3% ཡིན་པ།དེའི་ནང་དུ།གྲངས་ཉུང་མི་རིགས་ཀྱི་མི་གྲངས་ནི་ 315147 ཟིན་པ་དེ།ཐེམ་ཐོའི་མི་གྲངས་ཀྱི་ 88.15% ཟིན་པ།དེའི་ནང་དུ།བོད་རིགས་ཀྱི་མི་གྲངས་ 127233 ཟིན་པ་དེ།ཐེམ་ཐོའི་མི་གྲངས་ཀྱི་35.59%ཟིན་པ་དང་།  ལི་སུའུ་རིགས་ཀྱི་མི་གྲངས་ 107416ཟིན་པ་དེ།ཐེམ་ཐོའི་མི་གྲངས་ཀྱི་ 30.06%ཟིན་པ་རེད།
       བདེ་ཆེན་ཁུལ་གྱི་མངའ་ཁོངས་ནང་དུ་གྲངས་ཉུང་མི་རིགས་ 26 ཡོད་ལ་མི་རིགས་དེ་དག་ཀུན་ལ་རང་མི་རིགས་ཀྱི་སྐད་ཡོད།དེའི་ནང་དུ་རང་མི་རིགས་ཀྱི་ཡི་གེ་ཡོད་པའི་མི་རིགས་ནི་བཞི་ཡོད་དེ།བོད་ཡིག་དང་འཇང་རིགས་ཀྱི་འདྲ་གཟུགས་ཡི་གེ།ལི་སུའུ་རིགས་ཀྱི་ཚེག་བར་ཅན་གྱི་ཡི་གེ།དབྱིས་རིགས་ཡི་གེ་བཅས་རེད།བདེ་ཆེན་ཁུལ་གྱི་བོད་སྐད་དེ་རྒྱ་བོད་སྐད་ཁོངས་བོད་འབར་སྐད་རིགས་ཀྱི་བོད་ཡན་ལག་སྐད་རིགས་ཁོངས་གཏོགས་ཁམས་སྐད་ལྷོ་ཁུལ་གྱི་ཡུལ་སྐད་དུ་གཏོགས་པ།བདེ་ཆེན་ཁུལ་ལི་སུའུ་རིགས་ཀྱི་ཡུལ་སྐད་དེ་རྒྱ་བོད་སྐད་ཁོངས་བོད་འབར་སྐད་རིགས་ཀྱི་དབྱིས་རིགས་ཡན་ལག་སྐད་རིགས་སུ་གཏོགས་ཏེ།འཇང་རིགས་དང་དབྱིས་རིགས་ཀྱི་སྐད་དང་ཉེ་པོ་ཡོད།སྐད་གདངས་ཀྱི་ཐད་ལ་ཡུལ་གྲུའི་ཁྱད་པར་ཡོད་ལ།རྒྱ་སྐད་ཀྱི་གཡར་ཚིག་མང་པོ་ཞིག་སྤྱོད་ཀྱི་ཡོད།ལི་སུའུ་རིགས་ཀྱི་མི་མང་པོ་ཞིག་གིས་རྒྱ་སྐད་བཤད་ཤེས་པ་རེད།ལི་སུའུ་རིགས་ཀྱིས་སྤྱོད་པའི་ཡི་གེ་དེ་ཡིག་རྙིང་དང་ཡིག་གསར་ཁག་གཉིས་ཡོད་ཀྱང་།དེ་གཉིས་པོ་སྤྱོད་པའི་ཁྱབ་རྒྱ་ཆེན་མོ་མེད།བདེ་ཆེན་ཁུལ་གྱི་འཇང་རིགས་ཀྱི་སྐད་དེ་རྒྱ་བོད་སྐད་ཁོངས་བོད་འབར་སྐད་རིགས་ཀྱི་དབྱིས་རིགས་ཡན་ལག་སྐད་རིགས་ཁོངས་གཏོགས་འཇང་རིགས་ཀྱི་ནུབ་རྒྱུད་ཡུལ་སྐད་དུ་གཏོགས་པ།སེམས་ཀྱི་ཉི་ཟླ་རྫོང་སན་པ་ཡི་འཇང་སྐད་དང་དེ་མིན་ས་ཆའི་འཇང་སྐད་བར་ཁྱད་པར་ཆེན་མོ་ཡོད་དེ།དེ་ལ་གནའ་སྔ་མོའི་སྐད་ཀྱི་ཁྱད་ཆོས་ལྡན།བདེ་ཆེན་དབྱིས་རིགས་ཀྱི་སྐད་དེ་རྒྱ་བོད་སྐད་ཁོངས་བོད་འབར་སྐད་རིགས་ཀྱི་དབྱིས་རིགས་ཡན་ལག་སྐད་རིགས་ཁོངས་གཏོགས་ཀྱི་བྱང་རྒྱུད་ཡུལ་སྐད་དུ་གཏོགས་པ།དབྱིས་རིགས་ཀྱི་ཡི་གེ་དེ་ཚེག་བར་ཅན་གྱི་ཡི་གེ་ཡིན་པ་རེད།
      བདེ་ཆེན་ཁུལ་གྱི་བོད་རིགས་ཀྱིས་གཙོ་བོ་བོད་བརྒྱུད་ནང་བསྟན་ལ་དད་གུས་བྱེད་ཀྱི་ཡོད་ལ།ཉུང་ཤས་ཀྱིས་གནམ་བདག་ཆོས་ལུགས་ལ་དད་གུས་བྱེད་ཀྱི་ཡོད།ལི་སུའུ་རིགས་ཀྱིས་རང་བྱུང་ཁམས་ལ་དད་གུས་བྱེད་པ་དང་།གདོད་མའི་མཚོན་ཆོས་ལ་དད་གུས་བྱེད་རྒྱུ་ནང་དོན་གཙོ་བོར་གྱུར་པའི་གདོད་མའི་ཆོས་ལུགས་ལ་དད་གུས་བྱེད་ཀྱི་ཡོད་ལ།ནད་ཕོག་པ་དང་གནོད་སྐྱོན་བྱུང་དུས་ཕྱུགས་བསད་ནས་ལྷ་ལ་མཆོད་པ་དང་འདྲེ་སྐྲོད་པའི་བྱེད་སྒོ་སྤེལ་རྒྱུ་དེ་ཆོས་ལུགས་བྱེད་སྒོའི་རྣམ་པ་གཙོ་བོ་ཡིན།ལི་སུའུ་རིགས་ཀྱིས་ལྷ་པ་ལ་ནི་ཕ་ཞེས་འབོད་པ་དང་ཆོས་པ་ལ་ནི་ཀུའུ་ཕ་ཞེས་འབོད་ཀྱི་ཡོད།འཇང་རིགས་ཀྱིས་ཕལ་ཆེར་གཏོ་པའི་ཆོས་ལུགས་ལ་དད་གུས་བྱེད་ཀྱི་ཡོད་ལ་གཏོ་པའི་སྲོལ་འབྱེད་མཁན་གཏོ་པ་གཤེན་རབ་ལ་དད་གུས་བྱེད་ཀྱི་ཡོད་པ་དང་།གདོད་མའི་མཚོན་ཆོས་ལ་དད་གུས་བྱེད་པ་ནི་ཆོས་ལུགས་དེའི་ཁྱད་ཆོས་ཤིག་ཡིན།སན་པ་ཆུ་དཀར་ཆུ་ནག་ལ་ཨ་མེས་ཀྱི་སྒྲུབ་ཕུག་དང་ཆུ་དཀར་སྡིངས་ཆའི་གནས་མཆོག་ཡོད།དབྱིས་རིགས་ལ་མི་རིགས་ཡོངས་ཀྱི་ཐུན་མོང་གི་གདོན་མའི་མཚོན་ཆོས་ཀྱི་དད་གུས་བྱ་ཡུལ་མེད་ལ།གཙོ་བོ་ནི་གདོད་མའི་ཆོས་ལུགས་ཀྱི་ཕ་མེས་ལ་དད་གུས་བྱེད་ཀྱི་ཡོད།ཆོས་པ་ལ་པི་སུའུ་ཞེས་དང་སུའུ་ནི་ཞེས་འབོད་ཀྱི་ཡོད།