རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2013-05-08   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་ཀྲུང་གོ་གནམ་གཤིས་ལས་ཁུངས་ཀྱིས“རྫོང་བརྒྱ་ཤང་སྟོང”གི་ཞིང་ལས་གནམ་གཤིས་ཞབས་ཞུའི་དཔེ་སྟོན་ཁུལ་གསར་འཛུགས་བྱ་རྒྱུའི་ལས་དོན་སྤེལ་འགོ་བཙུགས་ཤིང་།ལོ་2ནས་3བར་གྱི་དུས་ཚོད་ནང་དེང་རབས་ཀྱི་ཞིང་ལས་གནམ་གཤིས་ཞབས་ཞུའི་དཔེ་སྟོན་རྫོང་100ཡས་མས་དང་གནམ་གཤིས་གནོད་འཚེ་འགོག་སྲུང་དཔེ་སྟོན་ཤང(གྲོང་རྡལ)1000ཡས་མས་བསྐྲུན་རྒྱུ་རེད།
ལས་ཀའི་ཇུས་གཞི་ལྟར་ན་དེང་རབས་ཞིང་ལས་གནམ་གཤིས་ཞབས་ཞུའི་དཔེ་སྟོན་རྫོང་དེ་རྒྱལ་ཁབ་དང་།ཞིང་ཆེན།གྲོང་ཁྱེར་བཅས་ཀྱི་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་ལམ་ཡང་ན་ཞིང་ལས་པུའི་ལེགས་ལྡན་ཞིང་ལས་ཐོན་རྫས་ཁུལ་ཁོངས་བཀོད་སྒྲིག་འཆར་གཞི་དང་།རེས་སྐོར་གསར་པའི“ཤ་ཚལ་སྒོང”གསུམ་གྱི་འདུ་འགོད་འཆར་གཞི།ཁྱད་ལྡན་ཞིང་ལས་ཐོན་རྫས་ཁུལ་ཁོངས་བཀོད་སྒྲིག་འཆར་གཞི་བཅས་ནང་གཏན་འཁེལ་བྱས་པའི་ཁྱབ་ཁོངས་སུ་ཡོད་དགོས་པ་དང་གནམ་གཤིས་གནོད་འཚེ་འགོག་སྲུང་དཔེ་སྟོན་ཤང(གྲོང་རྡལ)དེ་རྒྱ་མཚོའི་རླུང་འཚུབ་དང་།དྲག་ཆར།ཆུ་ལོག་དང་ཞོད་སྐྱོན།གློག་དམར།དེ་བཞིན་དྲག་ཆར་ལས་ཐོན་པའི་ཤྭ་འོད་དང་ས་གཤིས་གནོད་འཚེ་སོགས་ཐོན་ཆེ་ཁུལ་དུ་ཡོད་དགོས་ཀྱི་ཡོད་པ་རེད།
ཀྲུང་གོ་གནམ་གཤིས་ལས་ཁུངས་ཀྱིས་དེང་རབས་ཞིང་ལས་གནམ་གཤིས་ཞབས་ཞུའི་དཔེ་སྟོན་རྫོང་དུ་ཞིང་ལས་གནམ་གཤིས་ཞབས་ཞུའི་ལས་གནས་བཀོད་སྒྲིག་བྱེད་དགོས་པ་དང་དེར་བལྟོས་བཅས་གཏན་འཇགས་ཀྱི་ཆེད་ལས་ཞིང་ལས་གནམ་གཤིས་ཞབས་ཞུའི་མི་སྣ་2ཡན་ཡོད་དགོས་ཤིང་།དེའི་ནང་ཉུང་མཐར་ཡང་མི་1ཞིང་ལས་གནམ་གཤིས་ཆེད་ལས་སམ་ཡང་ན་ཞིང་ཆེན་རིམ་པ་དང་ཞིང་ཆེན་རིམ་པ་ཡན་གྱི་གནམ་གཤིས་སྡེ་ཚན་གྱིས་སྒྲིག་འཛུགས་བྱས་པའི་ཞིང་ལས་གནམ་གཤིས་ཆེད་ལས་གསོ་སྦྱོང་ནང་ཞུགས་མྱོང་ཡོད་པ་དང་འབྲེལ་ཐོབ་ཐང་ལག་ཁྱེར་ཡང་ལྡན་པ་ཞིག་ཡིན་དགོས་པ་དང་།གནམ་གཤིས་གནོད་འཚེ་འགོག་སྲུང་དཔེ་སྟོན་ཤང(གྲོང་རྡལ)དུ་ཉུང་མཐར་ཡང་གནམ་གཤིས་ལས་རོགས་པ་1དགོས་པ།ཁོངས་གཏོགས་གྲོང་ཚོ་ཁག་ཏུ་ཉུང་མཐར་ཡང་གནམ་གཤིས་ཆ་འཕྲིན་པ་1དགོས་པ།ཞིང་ལས་གླིང་ཁུལ་ལམ་ཡང་ན་ཞིང་ལས་ཆེད་ལས་ཐོན་སྐྱེད་ཁེ་ལས་དང་།སློབ་གྲྭ་ཁགསྨན་ཁང་སོགས་གཙོ་གནད་སྡེ་ཚན་དུ་ཉུང་མཐར་ཡང་གནམ་གཤིས་འབྲེལ་གཏུག་པ་1དགོས་པ།གནམ་གཤིས་གནོད་འཚེའི་སྔོན་བརྡའི་ཆ་འཕྲིན་ཡོངས་བསྒྲགས་དང་བརྒྱུད་གཏོང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་།རླུང་འཕྲིན་དང་།བརྙན་འཕྲིན།མཉམ་འབྲེལ་དྲ་རྒྱ།འཕྲིན་ཐུང་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་སྤྱི་ཚོགས་ཐོག་གི་སྤྱི་དམངས་ལ་གནམ་གཤིས་གནོད་འཚེའི་སྔོན་བརྡའི་ཆ་འཕྲིན་རིན་མེད་པར་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།