རྩོམ་པ་པོ།   ཚུལ་ཁྲིམས་ཀྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2013-07-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་དྲ་བ།
ཚེས19ཉིན།ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་འཆམ་མཐུན་དགོན་པ་གསར་འཛུགས་བྱེད་པའི་གཟེངས་བསྟོད་ཚོགས་འདུའི་ཐོག ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཏེང་ལིའང་གིས་གཟེངས་བསྟོད་ཐོབ་མཁན་ལ་བྱ་དགའ་གནང་བཞིན་པ། ( ཕུའུ་ཙི་ལིན་གྱིས་པར་བླངས།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་19ཉིན། ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་འཆམ་མཐུན་དགོན་པ་གསར་འཛུགས་བྱེད་པའི་གཟེངས་བསྟོད་ཚོགས་ཆེན་དེ་སེམས་ཀྱི་ཉི་ཟླ་རྫོང་མཁར་དུ་འཚོགས་པ། ཚོགས་འདུས་ན་ནིང་བོད་བརྒྱུད་ནང་བསྟན་གྱི་འཆམ་མཐུན་དགོན་པ་གསར་འཛུགས་བྱ་འགུལ་ཁྲོད་ཐོན་པའི་སྔོན་ཐོན་དགོན་པ་དང་། སྔོན་ཐོན་གྲྭ་བཙུན། སྔོན་ཐོན་ཚོགས་ཁག་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ། ཚོགས་འདུས་ནན་བསྟན་བྱས་དོན། འཆམ་མཐུན་དགོན་པ་གསར་འཛུགས་བྱེད་པའི་དོན་སྙིང་ལ་གོ་བ་ཟབ་མོ་ལོན་ནས། ཧུར་ཐག་གིས་བོད་བརྒྱུད་ནང་བསྟན་དགོན་པའི་ཡུན་རིང་གོ་ཆོད་པའི་དོ་དམ་ནང་རྐྱེན་འཚོལ་ཞིབ་བྱེད་དགོས་ཤིང་། དགོན་པའི་དམངས་གཙོའི་དོ་དམ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་རུ་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། བོད་བརྒྱུད་ནང་བསྟན་དགོན་པ་དང་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་མི་སྣའི་ཕན་ནུས་མཁོ་འདོན་འདང་ངེས་བྱེད་དགོས། འཆམ་མཐུན་དགོན་པ་གསར་འཛུགས་བྱེད་རྒྱུ་དེ་དེ་བས་གཏིང་ཟབ་ཏུ་གཏོང་དགོས།
ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཏེང་ལིའང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ། མ་ཝུན་ལུང་། ལུའུ་ཡུང་མིང་། ཆི་ཅན་ཞིན། སུའུ་ཡུས། ཧོ་ཧྲི་ཚུང་། པད་དཀར། ཝང་ཐེན་ཞི། ཧོ་ཀྲེང་ཏུང་། ཀྲང་ཅེ་ཆིང་། ཞའོ་ཐུབ་བསྟན། ཧོ་ལི་ཕིང་བཅས་འགོ་ཁྲིད་ཚོགས་འདུར་ཞུགས་པ། ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་ཨུའི་འཐབ་ཕྱོགས་གཅིག་འགྱུར་པུའུ་ཡི་པུའུ་ཀྲང་ནོར་བུ་ཚེ་རིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
མུ་མཐུད་དུ་འཆམ་མཐུན་དགོན་པ་གསར་འཛུགས་བྱ་འགུལ་གཏིང་ཟབ་ཏུ་སྤེལ་རྒྱུར་དམིགས་ནས། ཀྲང་ཏེང་ལིའང་གིས་ནན་བསྟན་བྱས་དོན། དགོན་པའི་སྤྱི་ཚོགས་ཅན་གྱི་དོ་དམ་ལས་ཀ་ཡག་པོ་སྒྲུབ་རྒྱུ་ནི། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་མཐུན་པའི་དགོས་ངེས་ཡིན་ཞིང་། ཁ་བྲལ་ལ་ངོ་རྒོལ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ་གཏོང་བ། སྤྱི་ཚོགས་ལྷིང་འཇགས་ལ་འགན་སྲུང་བྱེད་པ། མཆོང་སྐྱོད་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བར་གལ་ཆེའི་དོན་སྙིང་ལྡན། ཚང་མས་ངོས་འཛིན་ཇེ་མཐོར་གཏོང་ཞིང་། འཆམ་མཐུན་དགོན་པ་གསར་འཛུགས་བྱེད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། ཧུར་ཐག་གིས་གསར་འཛུགས་བྱ་འགུལ་གྱི་གོ་རིམ་ཧྲིལ་པོར་ཞུགས་ཏེ། བྱ་འགུལ་གྱིས་གྲུབ་འབྲས་བླངས་ཐུབ་པར་ཁག་ཐེག་བྱེད་དགོས། འཆམ་མཐུན་དགོན་པ་གསར་འཛུགས་བྱེད་པར་བརྟེན་ནས། རིམ་པ་ཁག་གི་ཏང་ཨུ་སྲིད་གཞུང་གིས་འགན་ཁུར་བ་དང་། འཐབ་ཕྱོགས་གཅིག་འགྱུར་པུའུ་ཡིས་མཐུན་སྦྱོར་བྱེད་པ། ཆོས་ལུགས་ལས་ཀའི་སྡེ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་དོ་དམ་བྱེད་པ། ཤང་གྲོང་སྲིད་གཞུང་དང་གྲོང་སྡེ་རིམ་པའི་རྩ་འཛུགས་ཀྱི་དོ་དམ་ནུས་པ་མཁོ་འདོན་བྱེད་པའི་བོད་བརྒྱུད་ནང་བསྟན་དགོན་པའི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ་དང་། ཏན་ཏིག་གིས་ཆོས་ལུགས་བྱ་འགུལ་སྤེལ་ཡུལ་གྱི་སྤྱི་ཚོགས་ཅན་གྱི་དོ་དམ་ལས་ཀའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས།
འབྲེལ་ཡོད་སྔོན་ཐོན་ཚོགས་པའི་འཐུས་མིས་ཚོགས་འདུའི་ཐོག་སྤེལ་རེས་བྱས་པ།