རྩོམ་པ་པོ།   ལྷ་མཚོ།   ཡིག་བསྒྱུར།       དུས་ཚོད།   2013-07-09   རྩོམ་ཁུངས།   
རྟ་རྒྱུག་བྱེད་སྒོའི་འགོ་ཚུགས་མཛད་སྒོའི་ཐོག་ཁུལ་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མ་རྣམས་ཀྱིས་ཞབས་བྲོ་འཁྲབ་པ།
སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་བཅིངས་འགྲོལ་གྲོང་གི་གྲོང་མི་རྣམས་ཀྱིས་སྐོར་བྲོ་འཁྲབ་པ།
—2013ལོ་སེམས་ཀྱི་ཉི་ཟླའི་ལྔ་པའི་རྟ་རྒྱུག་བྱེད་སྒོའི་རགས་བྲིས།
ཟླ6པའི་སེམས་ཀྱི་ཉི་ཟླའི་རྩྭ་ཐང་ལྗང་པོར་འགྱུར་ཞིང་མེ་ཏོག་སྣ་མིན་སྣ་ཚོགས་བཞད་པ། ཨ་སྔོན་དྭངས་པོའི་འོག་མི་རིགས་ཁག་གི་མང་ཚོགས་ཀྱིས་དུས་ཆེན་གྱི་གཟབ་གོས་གྱོན་ཏེ། ཚང་མ་སེམས་ཀྱི་ཉི་ཟླ་རྫོང་བཅིངས་འགྲོལ་གྲོང་གི་ཆོས་འཛོམ་གྲོང་སྡེའི་དར་ར་ཐང་ལ་ལྷན་དུ་འཛོམས་ནས་གུར་འཛུགས་པ་དང་། དགའ་དགའ་སྤྲོ་སྤྲོས་སེམས་ཀྱི་ཉི་ཟླའི་ལྔ་པའི་རྟ་རྒྱུག་བྱེད་སྒོ་ལ་དགའ་སྟོན་རྟེན་འབྲེལ་ཞུ་བ། ཡུལ་ལྗོངས་མཛེས་པའི་རྩྭ་ཐང་སྟེང་དུ་འགྲན་བསྡུར་གྱི་རྣམ་པ་རྒྱས་ཤིང་གླུ་གར་གྱིས་ཡིད་དབང་འཕྲོག་པ།
ཚེས11ཉིན་གྱི་སྔ་དྲོའི་ཆུ་ཚོད10རུ་རྟ་རྒྱུག་བྱེད་སྒོ་ལ་སེམས་ཀྱི་ཉི་ཟླའི་གླུ་བ་གྲགས་ཅན་བློ་བཟང་ཤེས་རབ་ཀྱི་བཀྲ་ཤིས་པའི་སྐད་ཆའི་ཁྲོད་དུ་འགོ་ཚུགས་པ། པི་ཝང་གི་སྒྲ་སྙན་པོ་རྩྭ་ཐང་དུ་གཡོ་བའི་དུས། བདེ་ཆེན་ཁུལ་མི་རིགས་ཆེད་ལས་སློབ་གྲྭའི་སློབ་མ་རྣམས་ཀྱིས་ཞབས་བྲོ་འཁྲབ་ནས་ལྟད་མོ་བ་ཚང་མ་དགའ་སྤྲོའི་རྒྱ་མཚོའི་ནང་དུ་འདྲེན་པ། སྐལ་བཟང་མེ་ཏོག་སྒྱུ་རྩལ་ཚོགས་ཁག་གི་བྱིས་པ་ཚོས《རྩྭ་ཐང་གི་རས་པ》འཁྲབ་པས། ཁོ་ཚོས་ཚོན་མདོག་མཛེས་པའི་གོས་གྱོན་ཏེ་ངོ་མཚར་ཆེ་ཞིང་རང་ཉིད་ཀྱང་བརྗེད་པའི་ངང་གར་འཁྲབ་བས། ལྟད་མོ་བས་ཐལ་མོ་ཡང་ཡང་རྡེབ་ནས་དེ་ལ་སྐུལ་འདེབས་བཏང་བ། རྒྱལ་ཡོངས་གཞོན་ནུ་གླུ་བའི་འགྲན་བསྡུར་ཐོག་མཛེས་ཉམས་རབ་ཏུ་སྟོན་མྱོང་བའི་སེམས་ཀྱི་ཉི་ཟླའི་ཚན་སྡེབ་ཀྱིས《ཟླ་འོད》ཅེས་པའི་གླུ་སྙན་པོ་ལེན་པ། བློ་བཟང་ཤེས་རབ་ཀྱིས་བོད་ཀྱི་གླུ་དབྱངས་ལེན་པ། གཞན་ཡང་། རྒྱལ་ཐང་གྲོང་རྡལ་བཅིངས་འགྲོལ་གྲོང་གིས་འཁྲབ་པའི་སྐོར་བྲོ་སོགས་རྣམ་པ་རྒྱས་པའི་འཁྲབ་ཚན་བཅས་ཀྱིས་མཉམ་དུ་མི་རིགས་མཐུན་སྒྲིལ་གྱི་ངང་ཚུལ་སྟོན་པ་རེད།
ཡང་ན་ཆེས་རྣམ་པ་རྒྱས་པའི་འཁྲབ་ཚན་ནི་ངོ་མཚར་ཆེ་བའི་རྟ་ཐོག་ལུས་རྩལ་ཡིན་ལ། སེམས་ཀྱི་ཉི་ཟླ་རྫོང་ཡ་ལ་སའོ་དམངས་ཁྲོད་རྟ་རྩལ་སྤྲོ་སྐྱིད་ཁང་གི་རྟ་རྩལ་པས་རྒྱ་ཆེ་བའི་ཡུལ་སྐོར་བ་དང་ལྟད་མོ་བ་རྣམས་ལ་སེམས་ཀྱི་ཉི་ཟླའི་རྟ་ཐོག་རིག་གནས་སྟོན་པ་རེད།
ལྟོས་དང་། རྟ་རྩལ་པ་རྣམས་ཀྱིས་རྟ་ཐོག་ཏུ་རང་དབང་བག་ཕེབས་ཀྱིས་འགུལ་སྟངས་བརྗེས་ཏེ། འགྲན་བསྡུར་ཐང་ཕྱི་ནང་ཚང་མ་སྙིང་འགུལ་བླ་འདར་བཞིན་བསྟོད་བསྔགས་ཡང་ཡང་བརྗོད་པ། རྟ་རྩལ་པ་ལ་ལས་འཕུར་བ་ལྟར་རྒྱུག་པའི་རྟ་ཐོག་ཏུ་ལངས་ནས་རང་ལའང་རྟ་རྒྱུག་པའི་གོམ་པ་དང་མཉམ་དུ་ནམ་མཁར་ལྡིང་རྒྱུ་ཡིན་པ་ལྟ་བུའི་སྣང་བ་འཆར་བ། ལ་ལས་རྐང་འོག་ལྡེམ་རྩིབ་ཡོད་པ་བཞིན་རླུང་ལྟ་བུར་རྒྱུག་པའི་རྟ་སྒལ་གྱི་གཡས་གཡོན་དུ་ཚུར་འཕག་ཕར་འཕག་པ། ད་དུང་རྟ་རྩལ་པ་ལ་ལས་རྟ་ཐོག་མགོ་བོ་ཐུར་བསྟན་ནས་ལངས་པ་དང་། མི་གསུམ་གྱིས་རྟ་གཅིག་སྐྱ་བ། རྟ་ཐོག་མགོ་ཐུར་དུ་ལངས་ཤིང་བཀལ་བ་སོགས་རྣམ་པ་མང་བའི་ལྟད་མོ་སྟོན་པ་རེད།རྒྱ་ཆེ་བའི་རྩྭ་ཐང་སྟེང་དུ་དགའ་སྤྲོའི་དགོད་སྒྲ་ཁེངས་པ། གྲངས་ལས་འདས་པའི་ཡུལ་སྐོར་བ་རྣམས་ཀྱི་ཡིད་དབང་འཕྲོག་སྟེ། ཁོ་ཚོས་དམིགས་བསལ་གྱི་ལྔ་པའི་ཚེས་ལྔའི་དུས་ཆེན་ཞིག་བཏང་བ་རེད། (སྒྲོལ་མ་ལྷ་མཚོས་བསྒྱུར།)