རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་ཞིང་ལས་ཐོན་ཟོག་གལ་ཆེན་ཐོན་སྐྱེད་སྲུང་སྐྱོང་ཁུལ་བསྐྲུན་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམས་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།   

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཙུང་ལི་ལི་ཁེ་ཆང་གིས་མཆན་འགོད་གནང་བ་བརྒྱུད་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་ཞིང་ལས་ཐོན་ཟོག་གལ་ཆེན་ཐོན་སྐྱེད་སྲུང་སྐྱོང་ཁུལ་བསྐྲུན་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་ཞིང་ལས་ཐོན་ཟོག་གལ་ཆེན་ཐོན་སྐྱེད་སྲུང་སྐྱོང་ཁུལ(གཤམ་དུ“བྱེད་ནུས་ཁུལ་གཉིས”ཞེས་བསྡུ་རྒྱུ)དབྱེ་འབྱེད་གཏན་འབེབས་དང་འཛུགས་སྐྲུན་ལས་ཀ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད།

《བསམ་འཆར》ནང་། “བྱེད་ནུས་ཁུལ་གཉིས”བསྐྲུན་རྒྱུ་ནི་འབྲུ་རིགས་ས་ཞིང་ལ་བརྟེན་པ་དང་འབྲུ་རིགས་ལག་རྩལ་ལ་བརྟེན་པའི་འཐབ་ཇུས་ལག་ལེན་བསྟར་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ཞིང་ལས་ཐོན་ཟོག་གལ་ཆེན་མཁོ་སྤྲོད་ནུས་ལྡན་འགན་ལེན་བྱ་རྒྱུ་དམིགས་ཡུལ་དང་། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་གཏིང་ཟབ་གཏོང་རྒྱུ་གཙོ་རྐང་། བྱེད་པོའི་བྱེད་ནུས་ཁུལ་འཆར་འགོད་དང་ལེགས་ལྡན་ཞིང་ལས་ཐོན་ཟོག་བཀོད་སྒྲིག་འཆར་འགོད་བྱ་རྒྱུ་གཞི་རྟེན། གཞི་རྩའི་རྒྱུན་གནས་ཞིང་ཁ་རྨང་གཞི་བཅས་སུ་བྱས་ནས་འབྲུ་རིགས་དང་ཞིང་ལས་ཐོན་ཟོག་གལ་ཆེན་ཐོན་སྐྱེད་བྱེད་པའི་ནུས་པ་ས་ཞིང་ལ་ཞིབ་པར་བགོ་བ་དང་ས་ཁོངས་བཀོད་སྒྲིག་དང་རྒྱུ་རྐྱེན་མཐུན་སྦྱོར་བཟང་སྒྲིག་བྱས་ཏེ། ཞིང་ལས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་མ་གཏོང་བ་དང་ཞིང་ལས་ཐོན་ཟོག་གི་སྤུས་ཚད་ཀྱི་ཕན་འབྲས་དང་ཁྲོམ་རའི་འགྲན་རྩོད་ནུས་པ་མཐོ་རུ་བཏང་ནས་ཞིང་ལས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་སྤེལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་ཡིན་ལུགས་བསྟན་ཡོད།

《བསམ་འཆར》ནང་། “མཐའ་ཚད་ཀྱི་བསམ་བློ་གཏོང་བ་དང་། ཚན་རིག་དང་མཐུན་པའི་ངང་འཆར་འགོད། སྤྱི་འདོམས་ལྟ་རྟོག རྒྱུན་སྲིང་འཕེལ་རྒྱས། སྲིད་ཇུས་ཀྱིས་ཁྲིད་སྟོན། ཞིང་འབྲོག་པ་ཞུགས་པ། ལམ་སྲོལ་འཐུས་ཚང་། འཛུགས་སྐྲུན་དང་དོ་དམ་གལ་ཆེ་མཉམ་དུ་འཛིན་པའི”གཞི་རྩའི་རྩ་དོན་མཐའ་འཁྱོངས་བྱེད་པའི་ཁར། ལོ་གསུམ་རིང་མུའུ་དུང་ཕྱུར་10.58ཀྱི“བྱེད་ནུས་ཁུལ་གཉིས”ཀྱི་ས་ཞིང་དབྱེ་འབྱེད་གཏན་འབེབས་ལས་འགན་འགྲུབ་པའི་བརྩོན་ལེན་བྱས་ཏེ། “བྱེད་ནུས་ཁུལ་གཉིས”ཀྱི་ས་ཞིང་ཚང་མར་ཡིག་ཚགས་དང་གཱ་བཟོ་བ་དང་དེ་བཞིན་པར་རིས་མཛོད་ཉར་བྱས་ནས་དོ་དམ་ཆ་འཕྲིན་དུ་འགྱུར་བ་དང་གནད་ལ་འཕིགས་པ་ཡོང་བ་བྱེད་པ་དང་། ལོ་ལྔའི་ནང“བྱེད་ནུས་ཁུལ་གཉིས”ཀྱི་འཛུགས་སྐྲུན་ལས་འགན་སྤྱིར་ན་ཚར་བའི་བརྩོན་ལེན་བྱས་ནས་བཀོད་སྒྲིག་ལུགས་དང་མཐུན་པ་དང་། གྲངས་ཚད་འདང་ངེས། སྒྲིག་བཀོད་ཆ་ཚང་བ། ཐོན་ནུས་མཐོར་གཏོང་། དོ་དམ་གནད་ལ་འཁེལ་བ། ཐོན་སྐྱེད་དེང་རབས་ཅན་དུ་འགྱུར་བའི་འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་ཞིང་ལས་ཐོན་ཟོག་གལ་ཆེན་ཐོན་སྐྱེད་སྲུང་སྐྱོང་ཁུལ་ཞིག་ཆགས་པར་བྱས་ཏེ་རྒྱལ་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་དང་ཞིང་ལས་ཐོན་ཟོག་གལ་ཆེན་རང་མཁོ་རང་འདང་ཡོང་བའི་རྩ་བའི་འདེགས་སྐྱོར་ཞིག་ཏུ་ཆགས་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད།

《བསམ་འཆར》ནང་། ཚན་རིག་དང་མཐུན་པའི་ངང“བྱེད་ནུས་ཁུལ་གཉིས”དབྱེ་འབྱེད་གཏན་འབེབས་ཀྱི་ཚད་གཞི་བཟོས་ཏེ་གོང་ནས་འོག་བར་གཏན་འཁེལ་གྱི་ལས་འགན་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ལ་བགོ་བ་དང་། རྫོང་རྨང་གཞིར་བྱས་ནས་དོན་འཁྱོལ་གནད་སྨིན་ཡོང་བ་དང་ས་ཞིང་སོ་སོར་གཏན་འཁེལ་བྱས་ཏེ་གློག་རྡུལ་ས་ཁྲ་དང་གྲངས་གཞིའི་མཛོད་བཙུགས་ནས་རྒྱལ་ཡོངས་སུ“བྱེད་ནུས་ཁུལ་གཉིས”འཛུགས་སྐྲུན་གྱི་ས་ཁྲ་ཞིག་ཆགས་པར་བྱེད་པ་དང“བྱེད་ནུས་ཁུལ་གཉིས”འཛུགས་སྐྲུན་ལ་སྐུལ་མ་ཤུགས་ཆེན་བཏང་ནས་ཚད་གཞི་མཐོ་བའི་ཞིང་ཁ་སོགས་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་བསྐྲུན་རྒྱུར་ཤུཌ་སྣོན་རྒྱག་པ་དང་འོས་འཚམ་ངང་གཞི་ཁྱོན་ལྡན་པའི་ཚོང་གཉེར་ཧུར་ཐག་བྱས་ནས“བྱེད་ནུས་ཁུལ་གཉིས”ཀྱི་ཞིང་ལས་སྤྱི་ཚོགས་ཡོངས་ལ་ཁྱབ་པར་བྱེད་པའི་ཞབས་ཞུ་སྒྲུབ་ནུས་དམིགས་བཀར་དུ་ཆེ་རུ་གཏོང་དགོས་པ་དང་། ལྟ་སྡོམ་བྱ་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་། འབྲེལ་ཡོད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དོ་དམ་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། ལྟ་ཞིབ་ཚད་ལེན་དང་ལྟ་སྡོམ་མ་ལག་འཛུགས་པ། བབ་བསྟུན་ལྟ་ཞིབ་ཚད་ལེན་དང་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ། དཔྱད་ཞིབ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བའི་སྒོ་ནས“བྱེད་ནུས་ཁུལ་གཉིས ”ཁྲིམས་བཞིན་སྲུང་སྐྱོང་བྱེད་དགོས་ཞེས་ཁ་གསལ་བསྟན་ཡོད།