ཀྲུང་གོའི་ཀུང་སི་ཨ་རིའི་རྨང་གཞིའི་སྒྲིག་བཀོད་འཛུཌ་སྐྲུན་ཁྱབ་ཁོངས་སུ་དར་འཕེལ་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།   

ཉིའུ་གཡོད་མན་ཧ་ཏུན་གླིང་ཕྲན་གྱི་བྱང་ཤར་རྒྱུད་དུ་རྣམ་པར་བཀྲ་བའི་ལྕགས་ལས་གྲུབ་པའི་གཞུ་དབྱིབས་ཟམ་པ་ཧ་ལེ་མུ་གཙང་པོར་བསྐྲུན་པས་ཉིའུ་གཡོད་གྲོང་ཁྱེར་གྱི་མན་ཧ་ཏུན་དང་པུའུ་ལང་ཁེ་སི་ཁུལ་གཉིས་འབྲེལ་ཡོད། ཡ་ལི་ཧྲན་ཏ·ཧན་སྨིར་ཏུན་གྱི་ཟམ་ཆེན་དུ་ཉིན་ལྟར་རླངས་འཁོར་ཁྲི་སུམ་ཅུ་ཙམ་བྲེལ་ཟིང་ཆེན་པོས་འགྲོ་འོང་བྱེད་ཀྱི་ཡོད།

ཀྲུང་གོའི་ཀུང་སིས་སྒྱུར་བཀོད་ཀྱི་འགན་འཁུར་བའི་ཟམ་ཆེན་དེ་ཨ་རིའི་བྱང་ཤར་རྒྱུད་ཀྱི་འགྲུལ་བཞུད་ཆེ་ཤོས་ཀྱི་མྱུར་བགྲོད་གཞུང་ལམ་གཉིས་ཀྱི་མ་ལམ་I—95དང་I—87འབྲེལ་མཚམས་སུ་གནས་ཡོད། འགྲིམ་འགྲུལ་ལ་ཤུགས་རྐྱེན་མ་ཐེབས་པའི་གནས་ཚུལ་འོག་ཀྲུང་གོའི་འཛུགས་སྐྲུན་ཨ་རིའི་ཚད་ཡོད་ཀུང་སིས་ཟམ་ངོས་ཕྱོགས་གཉིས་ཀྱི་འཁོར་ལམ་བརྒྱད་ཡོད་པ་དེ་ཕྱོགས་གཉིས་ཀྱི་འཁོར་ལམ་བཅུ་ཡོད་པར་རྒྱ་ཆེར་བཏང་བ་དང་སྦྲགས་སྔར་ཡོད་ཀྱི་ལྕགས་ལས་གྲུབ་པའི་ཟམ་ངོས་དེ་བརྗེ་པོ་བརྒྱབ་ཡོད།

དེ་སྔ་ཨ་རིའི་ཀྲུང་གོའི་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་ཡིན་པའི་ཀྲུང་གོའི་འཛུགས་སྐྲུན་ཨ་རིའི་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཡོན་ཉིང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར“ཀྲུང་གོའི་འཛུགས་སྐྲུན་ཀུང་སིས་ཀྲུང་ཨ་ས་གནས་གཉིས་ལ་སྤུས་ཚད་མཐོ་བའི་ལམ་ཟམ་བསྐྲུན་པ་མ་ཟད། རང་ངོས་ཀྱི་མ་འཇོག་གཉེར་སྐྱོང་བརྒྱུད་རྨང་གཞིའི་འཛུགས་སྐྲུན་ཁྱབ་ཁོངས་སུ་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་འབྲེལ་ཟམ་ཡང་བཙུགས་འདོད་ཡོད”ཅེས་བཤད།

ཡ་ལི་ཧྲན་ཏ·ཧན་སྨིར་ཏུན་ཟམ་ཆེན་གྱི་རྣམ་གྲངས་ལས་ཨ་རིའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་ཁྲོད་ཀྲུང་གོའི་ཀུང་སི་དར་འཕེལ་བྱུང་བ་ར་སྤྲོད་བྱས་ཡོད། ཟམ་ཆེན་སྒྱུར་བཀོད་ལས་གྲྭ་དེས་ཀྲུང་ཨའི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བྱ་དགའ་མཐོ་ཤོས་བླངས་པ་སྟེ། ཀྲུང་གོའི་ཨར་ལས་བཟོ་སྐྲུན་སློབ་ཚོགས་ཀྱིས་སྤྲད་པའི་ཀྲན་ཐེན་ཡིའུ་བྱ་དགའ་དང་ཨ་རིའི་ཨར་ལས་བཟོ་སྐྲུན་ལྷན་ཚོགས་ཀྱིས་སྤྲད་པའི་ཨར་སྐྲུན་གྲུབ་འབྲས་དང་ལོ་འཁོར་རྣམ་གྲངས་ཀྱི་བྱ་དགའ་ཡིན་པ་རེད།

2000ལོ་ནས་ད་བར་ཀྲུང་གོ་འཛུགས་སྐྲུན་ཨ་རིའི་ཚད་ཡོད་ཀུང་སིར་སྐབས་དེ་དུས་ལས་མི་12ཁོ་ན་ལས་མེད་པ་དང་ལོར་གཉེར་སྐྱོང་ཡོང་འབབ་ཨ་སྒོར་ཁྲི་1000ཡང་མ་ཟིན་པའི་ཁེ་ལས་ཆུང་ཆུང་ཞིག་ནས2016ལོར་ལས་མི་2000(ལས་མི་98%ནི་ས་གནས་དེ་གའི་ལས་མི་ཡིན་པ)གླས་པ་དང་གཉེར་སྐྱོང་ཡོང་འབབ་ཨ་སྒོར་དུང་ཕྱུར་20ཟིན་པའི་ས་གནས་དེ་གར་སྐད་གྲགས་ཡོད་པའི་འཛུགས་སྐྲུན་ཁེ་ལས་ཤིག་ཏུ་འཕེལ་རྒྱས་བྱུང་ཡོད། 2016ལོར་ཀྲུང་གོ་འཛུགས་སྐྲུན་ཨ་རིའི་ཀུང་སི་དེ་ཨ་རིའི་ཟམ་པ་འགན་གཙང་ལེན་མཁན་ཁེ་ལས་བང་སྒྲིག་ཁྲོད་ཨ་རི་ཡོངས་ཀྱི་ཨང་་བཅུ་པའི་ནང་སླེབས་ཀྱི་ཡོད།

འཛམ་གླིང་ཐོག་གི་དཔལ་འབྱོར་དངོས་ཚན་ཆེ་ཤོས་གཉིས་ཡིན་པའི་ངོས་ནས་ཨ་ཀྲུང་དཔལ་འབྱོར་ཚོང་དོན་འབྲེལ་བ་ཕན་ཚུན་གཅིག་ལ་གཅིག་རྟེན་དུ་གནས་ཡོད། ཡོན་ཉིང་གིས་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་ཕན་ཚུན་བརྩི་འཇོག་བྱས་པའི་རྨང་གཞིའི་ཐོག་རྒྱལ་ཁབ་གཉིས་པོའི་ཁེ་ལས་ལ་ཚོང་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་པ་དང་རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་ཀྱང་ཕན་ཚུན་དབར་གྱི་ཁྲོམ་རའི་ཧེ་བག་ལ་བརྩི་འཇོག་དང་བསམ་ཤེས་བྱས་ཏེ་རང་འགུལ་ངང་རྒྱ་སྐྱེད་གཏོང་བ་དང་ཕར་ཕྱོགས་ཀྱི་ཁྲོམ་ར་དང་འཚམ་པའི་རེ་བ་ཡོད་ཅེས་བཤད།