རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནོར་ཝེ་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་སོར་པེ་ཀི་ལ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཚེས་བཅུ་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནོར་ཝེ་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་སོར་པེ་ཀི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕེན་གྱིས་བསྟན་དོན། ནོར་ཝེ་ནི་ཆེས་སྔ་མོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁས་བླངས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཅིག་ཡིན་ལ། ཆེས་སྔ་མོར་ཀྲུང་གོའི་ཁྲོམ་རའི་དཔལ་འབྱོར་གྱི་གོ་གནས་ཁས་བླངས་པའི་ཡོ་རོབ་གླིང་གི་རྒྱལ་ཁབ་ཅིག་ཡིན། ཀྲུང་གོ་དང་ནོར་ཝེའི་བར་དུ་འབྲེལ་བ་བཙུགས་ནས་ལོ་རེ་གསུམ་འགོར་བའི་རིང་ལ། མཛའ་མཐུན་དང་མཉམ་ལས་ནི་དུས་ནམ་ཡང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་བརྗོད་གཞི་གཙོ་བོར་གྱུར་ཡོད། ངས་སྐུ་ལྕམ་དབུ་བཞུགས་བློན་ཆེན་དང་ནོར་ཝེ་སྲིད་གཞུང་གིས་ཀྲུང་གོ་དང་ནོར་ཝེའི་འབྲེལ་བ་རྒྱུན་ལྡན་ཅན་དུ་གཏོང་བར་འབད་བརྩོན་ལྷོད་མེད་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་བཀུར་བྱེད་པ་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ན། ཀྲུང་གོ་དང་ནོར་ཝེའི་འབྲེལ་བ་དང་ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་ལ་མདུན་ལྗོངས་རྒྱ་ཆེན་པོ་ལྡན་ངེས། ཀྲུང་གོ་དང་ནོར་ཝེའི་འབྲེལ་བ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་བ་ནི། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་མ་ཟད། མཉམ་ལས་མཉམ་རྒྱལ་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པར་ཡང་དངོས་ཡོད་ཀྱི་དོན་སྙིང་ལྡན་ཟེར།
ཞི་ཅིན་ཕེན་གྱིས་ང་ཚོས་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་པོར་དམིགས་ནས་ཀྲུང་གོ་དང་ནོར་ཝེའི་འབྲེལ་བ་གོང་འཕེལ་གྱི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱས་ཏེ། ཀྲུང་གོ་དང་ནོར་ཝེའི་འབྲེལ་བ་རྒྱུན་ཆད་མེད་པར་ཆུ་ཚད་གསར་བར་སླེབས་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
སོར་པེ་ཀི་ཡིས་ནོར་ཝེ་རྒྱལ་ཁབ་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོའི་ཕྱོགས་ཀྱི་ཁེ་ཕན་གཙོ་བོར་ཧ་ཅང་མཐོང་ཆེན་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་གྱི་ཆབ་སྲིད་རྨང་གཞིར་སྲུང་སྐྱོབ་བཟང་པོ་བྱེད་རྒྱུ་ཡིན། ནོར་ཝེ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་བཏང་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་གོང་འཕེལ་དུ་གཏོང་འདོད་ཡོད་ཅེས་བཤད།
རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་དུང་རྒྱལ་སྤྱིའི་གནས་བབ་དང་མཉམ་དུ་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།
རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི་སོགས་མཇལ་འཕྲད་ལ་ཞུགས། །