བོད་ལྗོངས་ཀྱི་ཞིང་འབྲོག་པའི་ཚན་རྩལ་ཆེད་བསྐོས་པ་སྲིད་འཛིན་གྲོང་ཚོ་ཚང་མར་ཁྱབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཐིང་ཀྲང་འཕྲིན་ལས་དབང་རྒྱལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་བོད་ཀྱི་ཞིང་འབྲོག་པའི་ཚན་རྩལ་ཆེད་བསྐོས་པ་ཁྱོན10962ཟིན་ཏེ་སྲིད་འཛིན་གྲོང་ཚོ5464ཚང་མར་ཞིང་འབྲོག་པའི་ཚན་རྩལ་ཆེད་བསྐོས་པ་ཁྱབ་པ་དང་དུས་མཚུངས་ད་དུང་སྲིད་འཛིན་གྲོང་ཚོ་ཚང་མར་ཆ་སྙོམས་ཞིང་འབྲོག་པའི་ཚན་རྩལ་ཆེད་བསྐོས་པ་གཉིས་རེ་ཡོད་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།
    འཕྲིན་ལས་དབང་རྒྱལ་གྱིས་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ལོ་ལྟར་ཞིང་འབྲོག་པའི་ཚན་རྩལ་ཆེད་བསྐོས་པ་མི་རེ་ངོ་རེར་འཚོ་བའི་ཁ་གསབ་སྒོར6000བཀོད་སྒྲིག་བྱེད་ཀྱི་ཡོད། 2017ལོ་ནས་བཟུང་ལས་དོན་དེ་ཁོ་ནར་མ་དངུལ་སྒོར་དུང་ཕྱུར་གཅིག་ཙམ་བཏང་ཡོད། ད་ཆ་བོད་ཀྱིས་ཞིང་འབྲོག་པའི་རང་ངོས་འཕེལ་རྒྱས་དང་རང་ངོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་བརྒྱུད་རིམ་ཁྲོད་ཞིང་འབྲོག་པའི་ཚན་རྩལ་ཆེད་བསྐོས་པ་སོགས་གཞི་རིམ་གྱི་ཚན་རྩལ་ཤེས་ལྡན་མི་སྣ་རྣམས་ཡིད་ཆེས་བྱེད་ཆོག་པ་དང་། གཞིས་ཆགས་ཐུབ་པ། སྤྱོད་ཐུབ་པ་བཅས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་གསུངས་པ་རེད།
   བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་སྨན་གླིང་གྲོང་ཚོའི་ལོ་48ལ་སླེབས་པའི་གྲོང་མི་ཅང་ལིང་གིས་སེམས་འགུལ་ཆེན་པོ་ཐེབས་པའི་སྒོ་ནས“ཚན་རྩལ་ཆེད་བསྐོས་པ་བསྟན་འཛིན་གྱི་མཛུབ་ཁྲིད་དང་སྐུལ་ཁྲིད་འོག་ངའི་ཁྱིམ་ཚང་གིས་ལོ་ལྟར་ཤིང་འབྲས་དང་། མོག་རོ། ཀོ་ཤ་བཅས་བཏབ་པར་ཁེ་གཙང་ཡོང་འབབ་སྒོར་ཁྲི3ཡན་རག་གི་འདུག ཤིང་གཅོད་འཚོ་ཐབས་སུ་བྱེད་པ་ནས་ཚན་རྩལ་ལ་བརྟེན་ཏེ་ཁྱིམ་ཚང་དཔལ་འབྱོར་གོང་འཕེལ་གཏོང་བའི་བར་གྱི་དེང་གི་དུས་སུ་ང་ཚོའི་འཚོ་བ་སྔར་བས་ལེགས་སུ་དང་སྤྲོ་སྣང་དོད་དུ་ཕྱིན་ཡོད”ཅེས་བཤད་བྱུང་།
   བསྡོམས་རྩིས་གྲངས་གཞི་ལས་མངོན་པར། མིག་སྔའི་བར་བོད་ཀྱིས་ཚན་རྩལ་ཆེད་བསྐོས་པ་བརྒྱུད་མཐུན་ཚོགས་སྣ་ཚོགས128མང་དུ་བཏང་ནས་ཁོངས་མི13481ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་། དཔེ་སྟོན་ལས་གཏོད་དུད་ཆེན2288བཏོད་པ། ལག་རྩལ་གསར་པ་རིགས268ཁྱབ་གདལ་བཏང་བ། སྣེ་ཁ་གསར་པ་རིགས292ནང་འདྲེན་བྱས་པ། ཞིང་འབྲོག་མང་ཚོགས་དང་དེ་བཞིན་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་ཞིང་ལས་ཚན་རྩལ་མི་སྣ་ཁྲི56ལ་གསོ་སྦྱོང་བྱས་པ་བཅས་རེད།